ལིག་ཉིང་གིས་མགོ་འཛིན་བྱས་ནས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་སྐོར་གྱི་ཆེད་དོན་གྲོས་ཚོགས་བསྡུས།
2019.05.07 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 13

 ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་མགོ་འཛིན་བྱས་ཏེ་ཆེད་དོན་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་གོ་བ་ཡང་དག་བླངས་ནས། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།

ལིག་ཉིང་གིས་འབྲེལ་ཡོད་སྡེ་ཁག་གི་བྱ་བའི་སྙན་ཞུར་ཉན་རྗེས་བསྟན་དོན།  གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་དང་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་གང་ལེགས་བྱེད་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིན་ལ། མཚོ་སྔོན་གྱི་གཡོལ་ཐབས་མེད་པའི་འགན་འཁྲི་ལྕི་མོ་ཡང་ཡིན་པས། ལྷོད་གཡེང་གཏན་ནས་བྱེད་མི་རུང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཁྲིད་སྟོན་དུ་འཛིན་དགོས་ཤིང་། ནན་ཏན་སྒོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྟེང་བཏོན་པའི་རྒྱལ་ཁབ་སྤྱི་གླིང་ལྟེ་བ་ཡིན་པའི་རང་བྱུང་སྲུང་སྐྱོབ་མ་ལག་འཛུགས་རྒྱུའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱས་ཏེ། ཆེས་ཆེ་བ་གསུམ་གྱི་གལ་ཆེན་རང་བཞིན་ཡིད་ལ་ངེས་པར་བྱེད་པ་དང་ཞིབ་འཇུག་ལ་ཤུགས་བསྣོན་པ། སིམ་འདྲེས་ཡོང་བར་བྱེད་པ། རྒྱུན་མི་ཆད་པའི་སྒོ་ནས་བྱ་བའི་ཁ་གཏད་རང་བཞིན་དང་ཚན་རིག་རང་བཞིན། ཕན་འབྲས་རང་བཞིན་བཅས་མངོན་གསལ་སྒོས་ཇེ་དྲག་ཏུ་གཏང་བར་བརྟེན། ཀྲུང་ཧྭའི་ཆུ་མཛོད་སྲ་བརྟན་ཡོང་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། གཙང་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་གང་ལེགས་བྱེད་རྒྱུ་ནི། རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གནད་འགག་དང་མཚོན་རྟགས་གཙོ་བོ་ཡིན་པར་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་ཤུགས་འདོན་ས་གཙོ་བོ་ཡིན་ལ། ང་ཚོའི་ཕྲག་སྟེང་དུ་བབས་པའི་གཡོལ་མེད་ཀྱི་འགན་འཁྲི་ལྕི་མོ་ཡང་ཡིན་པས། ལས་འགན་ཧ་ཅང་ལྕི། ཆུ་དཔོན་ལམ་ལུགས་གསར་གཏོད་དང་ལམ་བུ་འཚོལ་ཞིབ་བྱེད་པ་དང་། ཆུའི་འབབ་ཚད་མང་ཞིང་ཆུའི་རྒྱུ་སྤུས་ལེགས་པ། སྐྱེ་ཁམས་ཁོར་ཡུག་བཟང་བ་སོགས་ཀྱི་མ་ལག་འཐུས་ཚང་ཞིག་འཛུགས་དགོས་ལ། ཆེས་གཟབ་ནན་ཅན་གྱི་འོས་འགན་ལམ་ལུགས་འཛུགས་པ་དང་ལྟ་ཞིབ་ཚད་ལེན་མ་ལག་འཐུས་ཚང་འཛུགས་པ། ཕན་འབྲས་ཆེ་ལ་འགན་སྲུང་ཡོད་པའི་ལམ་ལུགས་གཉེར་བར་འབད་དེ། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས་ཟེར།

གཞན་ཡང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གཞུང་དོན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2018ལོའི་ལོ་ཧྲིལ་པོར་གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་གཉིས་བཏང་།  མ་དངུལ་དེ་གཙོ་བོ་ས་ནག་ཐང་བཅོས་སྐྱོང་དང་། མིས་བཟོས་ནགས་སྐྲུན། བྱེ་འགོག་རྩྭ་གསོ། འདམ་ར་སྲུང་སྐྱོབ།  རྩྭ་སའི་གནོད་ལྡན་སྐྱེ་དངོས་འགོག་སྲུང་། ནགས་ཚལ་གྱི་གནོད་ལྡན་སྐྱེ་དངོས་འགོག་སྲུང་།  སྐྱེ་ཁམས་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན།  སྡོང་ཕྲུག་རྟེན་གཞི་འཛུགས་སྐྲུན།  སྐྱེ་ཁམས་ལྟ་ཞིབ་ཚད་ལེན། གསོ་སྦྱོང་དང་དྲིལ་བསྒྲགས་སོགས་ཀྱི་ལས་གཞི་ལག་བསྟར་བྱེད་པའི་ཐད་བཀོལ་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་ཤུལ་དང་མགོ་ལོག རྨ་ལྷོ། མཚོ་ལྷོ་བཅས་བོད་རིགས་རང་སྐྱོང་ཁུལ་གྱིས“སྐྱེ་ཁམས་སྲུང་སྐྱོབ་གོ་གནས་དང་པོར”འཇོག་པ་རྒྱུན་འཁྱོངས་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་བཀོད་འདོམས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་རྒྱུ་དེ་ལས་འགན་གཙོ་བོར་བཞག་ནས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྱོང་དང་སྐྱེ་ཁམས་ཁྱབ་ཁོངས་སྒྱུར་བཅོས་དོན་འཁྱོལ་བྱས་ཤིང་། རིམ་པ་བཞིན་དམིགས་ཚད་འགན་འཁྲིའི་ཡི་གེ་འབྲི་བ་དང་། དོ་དམ་འགན་འཁྲི་དངོས་འབེབ་བྱེད་པ། ལས་འགན་ཁག་བགོས་ཁ་གསལ་བཟོ་བ། རྣམ་གྲངས་དོ་དམ་གྱི་སྒྲིག་སྲོལ་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ་ས་གནས་ཀྱི་ལྟ་སྐུལ་ཞིབ་བཤེར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ་དང་། ལས་གཞི་ཛུགས་སྐྲུན་ཁྲོད་ཀྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་དུས་ཐོག་ཏུ་ཐག་གཅོད་བྱས་པས་ལས་གཞི་ལག་བསྟར་བྱེད་རྒྱུར་སྐུལ་མ་ནུས་ལྡན་ཐེབས་པ་དང་། ལས་གཞི་འཛུགས་སྐྲུན་གྱི་སྤུས་ཚད་དང་། འཕེལ་རིམ། མ་དངུལ་བདེ་འཇགས་བཅས་འགན་ལེན་ཐུབ་པ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་དམངས་ཡོངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། ལེགས་སྐྱེས་ཀྱི་འདུ་ཤེས་བཅས་ཇེ་དྲག་ཏུ་བཏང་ནས། གཙང་གསུམ་འབྱུང་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་རེ་འདུན་དང་གཅིག་གྱུར་བྱ་སྤྱོད་དུ་འགྱུར་བར་བྱས་པས། 2018ལོའི་ལོ་འཁོར་གྱི་ཕྱོགས་བསྡུས་དམིགས་ཚད་ཀྱི་དཔྱད་ཞིབ་ཕུལ་བྱུང་དང་ལེགས་གྲས་སུ་སླེབས་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། 2019ལོར་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཛུགས་སྐྲུན་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་དགུ་བཏང་ཞིང་། ད་ལོའི་དམིགས་ཚད་ནི་སྒོར་དུང་ཕྱུར་དགུ་ལྷག་ཙམ་ཟིན་པའི་བཟོ་སྐྲུན་ལ་མ་དངུལ་འཇོག་པ་དང་འབྲེལ་ཡོད་འཛུགས་སྐྲུན་གྱི་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་དེ་ཡིན་པ་དང་། དེ་མིན་ད་དུང་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་དེ་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས། ཞིང་ཆེན་ནོར་སྲིད་གྱིས་ཉེ་ལམ་ཡང་བསྐྱར་མ་དངུལ་སྒོར་དུང་ཕྱུར་བདུན་བཏང་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་ལ་རྒྱབ་སྐྱོབ་བྱས་ཤིང་། གཙོ་བོ་ས་ནག་ཐང་བཅོས་སྐྱོང་དང་སྡོང་ཕྲུག་རྟེན་གཞི་འཛུགས་སྐྲུན་ལས་གཞི། གནོད་ལྡན་སྐྱེ་དངོས་ཚོད་འཛིན། བྱེ་ཐང་གི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་འཛུགས་སྐྲུན། མིས་བཟོས་ནགས་ཚལ། བརླན་ས་དང་འཁྱགས་རོམ་སྲུང་སྐྱོབ་སོགས་ཀྱི་ལས་གཞི་ལག་བསྟར་བྱེད་རྒྱུ་ཡིན་པ་རེད།

2013ལོར་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་ལས་གཞི་ལག་བསྟར་བྱེད་མགོ་བརྩམས་པའི་ཚུན་ལ། ཞིང་ཆེན་ནོར་སྲིད་ཀྱིས་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་བརྩོན་ལེན་བྱེད་པ་སོགས་བརྒྱུད་དེ། སྔ་གཞུག་ཏུ་གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་སོ་དྲུག་དང་བྱེ་བ་གཅིག་ས་ཡ་ལྔ་བཏང་སྟེ། བཟོ་སྐྲུན་འཛུགས་སྐྲུན་མུ་མཐུད་དུ་སྤེལ་བར་ནུས་ཡོད་སྒོས་འགན་སྲུང་བྱས། ཐེངས་འདིར་དངོས་འབེབ་བྱས་པའི་མ་དངུལ་དེ་ཕྱུགས་རྩྭ་འདེབས་པ་དང་རྩྭ་ར་བསྐོར་བ་སོགས་ཕྱུགས་ལས་བྱ་བ་སྤེལ་བ་དང་། ཨ་བྲ་གསོད་པ། དུག་རྩྭ་འགོག་བཅོས། སྤུས་ལེགས་ཕྱུགས་རྩྭ་ཁྱབ་སྤེལ་སོགས་རྩྭ་ས་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་ཡིན་པས། རྩྭ་ས་ཉམས་ཞན་དུ་འགྱུར་བའི་གནས་བབ་རིམ་གྱིས་བཀག་འགོག་དང་རྩྭ་ཕྱུགས་བར་གྱི་འགལ་བ་ཐག་གཅོད། བརླན་སའི་སྐྱེ་ཁམས་བྱེད་ནུས་མཐོར་འདེགས། མཚེའུ་གཞི་ཁྱོན་རྒྱ་བསྐྱེད། བཞུར་རྒྱུན་གྱི་ཆུ་མཁོ་འདོན་ནུས་པ་ཇེ་དྲག་ཏུ་གཏོང་བ་བཅས་ལ་འགན་སྲུང་གི་ནུས་པ་ཐོན་ཐུབ།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། གཙང་གསུམ་འབྱུང་ཡུལ“གཙང་བཟོའི་ལས་གཞི”ལོ་ལྔར་ལག་བསྟར་བྱས་པ་བརྒྱུད་མིག་སྔར་ཁྱོན་ཡོངས་ལ་ཁེབས་ཡོད་པ་རེད། ལས་གཞི་དེ་ལག་བསྟར་བྱས་པ་བརྒྱུད། ཕ་མེས་ཡང་མེས་ནས་ས་དེར་འཚོ་སྡོད་བྱེད་པའི་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱུང་བར་མ་ཟད། ད་དུང་སྐྱེ་ཁམས་ཁོར་ཡུག་ཀྱང་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་རེད།

2014ལོར་མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་སྐྲུན་དང་དུས་སྐབས་གཉིས་པའི་བཟོ་སྐྲུན་འཛུགས་་སྐྲུན་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ།  གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱིས་གཏན་འཁེལ་བྱས་པའི་ཡུལ་ཤུལ་དང་མགོ་ལོག མཚོ་ལྷོ། རྨ་ལྷོ་བཅས་ཁུལ4ཡི་རྫོང་21དང་། མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་དུ་“གཙང་བཟོའི་ལས་གཞི”རིམ་བཞིན་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་དུ་གད་སྙིགས་ཕྱོགས་བསྡུས་ཐག་གཅོད་བྱས་ནས་གད་སྙིགས་ཉུང་གཏོང་ཅན་དང་། ཐོན་ཁུངས་ཅན། གནོད་མེད་ཅན་བཅས་མངོན་འགྱུར་བྱས་པ་དང་ཆབས་ཅིག ད་དུང་འགྱིག་ཤོག་གི་སྦགས་བཙོག་ཁྱོན་ཡོངས་ནས་ལེགས་བཅོས་ཀྱང་བྱས་པ་རེད། ལོ་ལྔའི་རིང་ཆུ་མགོའི་ཁུལ་གྱི་གྲོང་ཚོ་དང་། ཕྱུགས་ར།  ཆུ་མགོ་སོགས་སུ“གཙང་བཟོའི་ལས་གཞི”སྤེལ་བ་བརྒྱུད། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ཡོད་པ་རེད།

འགྱིག་ཤོག་གི་སྦགས་བཙོག་ཁྱོན་ཡོངས་ནས་ལེགས་བཅོས་བྱེད་ཆེད། གཙང་གསུམ་འབྱུང་ཡུལ་དུ་ཡོད་པའི་རྨ་ལྷོ་ཁུལ་ཧི་ནན་རྫོང་གིས་2004ལོ་ནས་བཟུང་འགྱིག་ཁུག་སྤྱོད་རྒྱུ་སྔོན་འགོག་བྱས་པ་དང་། ད་ལྟ་འབྲོག་པ་མང་ཚོགས་ལ་རས་ཁུག་སོགས་སྤྱོད་པའི་གོམས་གཤིས་ལེགས་པོ་ཆགས་ཡོད་པ་རེད།

གདང་ལ་གྲོང་རྡལ་གྱི་འགན་འཁུར་བས། “‘གཙང་བཟོའི་ལས་གཞི’སོགས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། ད་ལྟའི་ཆུ་མགོའི་གྲོང་ཚོ་ཁག་གི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་པ་དང་། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། 2004ལོ་དང་བསྡུར་ན་འབྲོག་པ་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་ལྡབ་བཅུ་འཕར་ནས། ཁོ་ཚོའི་འཚོ་བར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད”ཅེས་དེ་ལྟར་བཤད་བྱུང་།

གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2017ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལག་བསྟར་བྱས་པའི་ ཚུན་ལ། རྩ་འཛུགས་ཀྱི་མ་ལག་ཁྱོན་ཡོངས་སུ་ཁེབས་པ་དང་། དོ་དམ་སྲུང་སྐྱོབ་བྱེད་པ་ས་ཁུལ་ཡོངས་སུ་ཁེབས་པ། ལས་སྒྲུབ་འགན་ལེན་བྱེད་པ་དུས་སྐབས་ཡོངས་སུ་ཁེབས་པ། གནད་དོན་དག་ཐེར་ཕྱོགས་མཚམས་ཡོངས་སུ་ཁེབས་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཕྱོགས་ཡོངས་ནས་སྐུལ་སློང་བྱེད་པ། ལྟ་སྐུལ་དཔྱད་ཞིབ་བརྒྱུད་རིམ་ཡོངས་སུ་ཁེབས་པའི་གནས་བབ་གསར་པ་ཐོག་མར་གྲུབ་པ་དང་། ཆུ་དཔོན་དང་མཚོ་དཔོནལམ་ལུགས་ཀྱི་བྱ་བར་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་དང་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོབ།

ལོ་ངོ་གཉིས་ཀྱི་རིང་ལ། ཞིང་ཆེན་ཡོངས་ཀྱིས་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་དམིགས་འབེན་ལོ་གཅིག་སྔ་སྣུར་གྱིས་ལེགས་འགྲུབ་བྱས་པ་དང་། རིམ་པ་སོ་སོའི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་སྤྱི་ཁྱབ་ཆུ་དཔོན་དང་སྤྱི་ཁྱབ་མཚོ་དཔོན་གྱི་འགན་ཁུར་བ་དང་། ལས་བགོས་འགན་གཉེར་བྱས་ཏེ་འགན་འཁུར་བློ་མཐུན་གྱིས་ཆུ་དཔོན་དང་ མཚོ་དཔོན་གྱི་འགན་གཉེར་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་པ་དང་། ཆུ་རྒྱུན་ཡོངས་སུ་ཁེབས་པའི་ཞིང་ཆེན་དང་། གྲོང་ཁྱེར(ཁུལ)། རྫོང(གྲོང་ཁྱེར་དང་ཆུས) ། ཞང(གྲོང་རྡལ) ། སྡེ་བ་བཅས་རིམ་པ་ལྔ་ཡི་ཆུ་དཔོན་དང་མཚོ་དཔོན་གྱི་རྩ་འཛུགས་མ་ལག་གྲུབ་སྟེ། ཞིང་ཆེན་ཡོངས་ཀྱི་འབབ་ཡུལ་སྟོང་གསུམ་དང་ལྔ་བརྒྱ་བཅོ་བརྒྱད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ50ཡན་གྱི་ཆུ་རྒྱུན་ཡོངས་དང་། ཆུ་ཁོངས242ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1ཡན་གྱི་མཚེའུ་ཡོངས་ལ་ཁྱབ་པ་དང་། དེ་མིན་འབབ་ཡུལ781གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ50མན་གྱི་ཆུ་རྒྱུན་ཡོངས་དང་། ཆུ་ཁོངས79ཡི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1མན་གྱི་མཚེའུ་ཡོངས་ལ་ཁྱབ་ཡོད།

མིག་སྔར། ཞིང་ཆེན་ཡོངས་སུ་ཆུ་དཔོན་དང་མཚོ་དཔོན་གྱི་བསྒྲགས་བྱང་སྟོང་ལྔ་དང་དགུ་བརྒྱ་དོན་གཉིས་བཙུགས་ཏེ། དེའི་སྟེང་དུ་ཆུ་དཔོན་དང་མཚོ་དཔོན་གྱི་རུས་མིང་དང་། གོ་གནས། ལས་འགན། ལྟ་སྐུལ་ཁ་པར་ཨང་གྲངས། དོ་དམ་སྲུང་སྐྱོབ་དམིགས་འབེན་བཅས་ཚད་ལྡན་ངང་མཆན་བཀོད་གསལ་པོ་བྱས་ཡོད་པར་མ་ཟད། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་འཕྲིན་ཕྲན་སྤྱི་སྟེགས་ཀྱི་རྩ་གཉིས་བཤེར་གྲངས་བརྒྱུད་དེ། ཆུ་རྒྱུན་རེ་རེ་དང་མཚེའུ་རེ་རེ། ཆུ་མཛོད་རེ་རེའི་དོ་དམ་སྲུང་སྐྱོབ་ཀྱི་ལས་འགན་ཡོད་ཚད་མིའི་ཐོག་ཏུ་ཁུངས་གཏུག་ཐུབ་པ་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་ཡིན།  ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོར་ཁེ་ལས་ཀྱི་ཆུ་དཔོན་དང་། འབྲོག་དམངས་ཀྱི་ཆུ་དཔོན།   དགེ་འདུན་པའི་ཆུ་དཔོན།  རྟ་ཐོག་གི་ཆུ་དཔོན།  སློབ་གླིང་གི་ཆུ་དཔོན་བཅས་ཀྱི་དམངས་ཁྲོད་ཆུ་དཔོན་གྱིས་རང་འགུལ་ངང་ཆུ་དང་མཚེའུ་ལ་སྲུང་སྐྱོབ་བྱེད་པའི་སྣང་ཚུལ་ནི་ཆུ་གཏེར་རྒྱས་པ་བཞིན་མངོན།

ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཆུའི་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་བལྟས་ན་བརྟན་འཇགས་ངང་བཟང་ཕྱོགས་སུ་འཕེལ་བཞིན་མཆིས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།