སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོའི་འོས་འགན་ཡིན།
2019.05.09 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 64

 དྭངས་ཞིང་གཙང་བའི་ཆུ་བོ་དང་། སྔོ་ཞིང་དྭངས་བའི་ནམ་མཁའ། ཡངས་ཤིང་གཡོ་བའི་མཁའ་རླུང་། མཛེས་ཤིང་བརྗིད་ཆགས་པའི་ཡུལ་ལྗོངས་སོགས་ལ་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་ཤིང་། དཔལ་འབྱོར་གོང་འཕེལ་ཁོ་ནའི་ཆེད་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་གཞག་ནམ་ཡང་བློས་གཏོང་བྱ་མི་རུང་ལ། སུ་ཞིག་གིས་སྦགས་བཙོག་བཟོས་ན། དེ་རང་གིས་བཅོས་སྐྱོང་དང་། སུ་ཞིག་གིས་གསར་སྤེལ་བྱས་ན། དེ་རང་གིས་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བྱས་ཏེ་མཉམ་དུ་ལྗང་མདོག་གི་ཁྱིམ་གཞིས་ཤིག་སྐྲུན་ཐུབ་པར་བྱེད་དགོས། དེའི་ཕྱིར་རང་ཉིད་འཚོ་སྡོད་བྱེད་སའི་ཉེ་འཁོར་གྱི་ཁོར་ཡུག་གཙང་སྦྲ་དང་། གོ་ལའི་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་སྐོར་ལ་རང་གི་ནུས་ཚོད་ཀྱིས་འབོད་སྐུལ་དང་། མཚོན་རྟགས་སྣ་ཚོགས་བཀོད་དེ་ང་ཚོར་ཟས་གོས་སྡོད་གསུམ་སྦྱིན་མཁན་གྱི་ཁྱིམ་གཞིས་འདིར་མཉམ་དུ་ལག་པ་འགུལ་ཏེ་ནུས་ཚོད་ཀྱིས་གཅེས་འཛིན་བྱེད་དགོས།

འཛམ་གླིང་ཁོར་ཡུག་ཉིན་མོ་ནི་ལོ་རེའི་ཟླ་༦ཚེས་༥ཉིན་ཡིན་ཞིང་། གོ་ལ་ཧྲིལ་པོའི་ཁོར་ཡུག་གི་འདུ་ཤེས་ལ་སྐུལ་སྤེལ་གཏོང་བ་དང་། སྲིད་གཞུང་གིས་ཁོར་ཡུག་གི་གནད་དོན་ལ་དོ་ཁུར་གང་མང་བྱས་པ་མ་ཟད། དེ་འབྲེལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གིས་ལོ་རེའི་ཟླ་༦ཚེས་༥ཉིན་ཁོངས་གཏོགས་རྒྱལ་ཁབ་གཅིག་བདམས་ནས་དེར་དྲན་གསོའི་བྱེད་སྒོ་སྤེལ་བ་མ་ཟད། ལོ་ཧྲིལ་བོའི་ཁོར་ཡུག་གི་ད་ལྟའི་གནས་བབ་ཀྱི་སྙན་ཞུ་སྤེལ་བ་དང་། གོ་ལ་ཡོངས་སུ་ཁོར་ཡུག་སྲུང་སྐྱོབ་ཆེས་ལེགས་ཤོས་༥༠༠བདམས་ཏེ་གཟེངས་བསྟོད་བྱེད་ཀྱི་ཡོད། དམིགས་ཡུལ་ཡོད་པའི་སྒོ་ནས་ལོ་དེའི་འཛམ་གླིང་ཁོར་ཡུག་གི་གནད་དོན་གཙོ་བོ་དང་གནད་དོན་གལ་ཆེན་གྱི་རིགས་གཞིར་བཟུང་ནས་ལོ་རེའི་འཛམ་གླིང་གི་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོ་གཏན་འབེབས་བྱེད་ཀྱི་ཡོད།

རྩ་ཁྲིམས་ནི་ཁོར་ཡུག་སྲུང་སྐྱོབ་དང་རང་བྱུང་ཐོན་ཁུངས་གཏེར་ཁ་དང་བཞུར་ཆུ། ནགས་ཚལ། རི་བོ། རྩྭ་ཐང་སོགས་སྲུང་སྐྱོབ་དང་། སྦགས་བཙོག་འགོག་བཅོས། དེ་མིན་སྤྱི་ལ་གནོད་པའི་བྱ་སྤྱོད་ཚང་མར་རྒྱལ་ཁབ་ཀྱིས་བཙན་ཐབས་ཀྱིས་ལག་བསྟར་བྱ་རྒྱུར་འགན་སྲུང་བྱ་ཐབས་ཀྱི་སྤྱི་མིང་ཡིན།

དེ་ནི་རྒྱལ་ཁབ་ཀྱི་གཏན་འབེབས་ལས་འགལ་ཏེ་ཁྲིམས་འགལ་གྱིས་གཙོ་གནས་སྲུང་སྐྱོབ་བྱ་ཡུལ་གྱི་རིན་ཐང་ཆེ་བའི་རི་སྐྱེས་སྲོག་ཆགས་གསོད་པ་དང་།   ཁྲིམས་དང་འགལ་ནས་གཏེར་ཁའི་ཐོན་ཁུངས་བསྔོགས་པ་དང་གཏོར་བཤིག་གཏོང་བ། ནགས་ཚལ་ལ་གཏོར་བརླག་བཟོ་བའི་གྲངས་འབོར་ཅུང་མང་བ་དང་། ཁོར་ཡུག་སྦགས་བཙོག་གི་དོན་རྐྱེན་ཚབས་ཆེན་བཟོ་མཁན་ལ་ཉེས་ཁྲིམས་ཀྱི་ཐག་གཅོད་བྱེད་ཐབས་ཤིག་ཡིན་པ་རེད།

གཏེར་ཁའི་ཐོན་ཁུངས་སྔོག་འདོན་ལ་སྔོན་འགོག་དང་མི་རབས་རྗེས་མའི་ཟས་གོས་གནས་མལ་ལ་ཁག་ཐེག་བྱེད་ཆེད། ཚན་རིག་མཁས་ཅན་མང་པོས་ཟམ་མི་ཆད་པར་ཉི་འོད་ནུས་པ་དང་རླུང་ནུས། ཆུ་ནུས། སྐྱེ་དངོས་ནུས་པ་བཅས་ཀྱི་འབྱུང་ཁུངས་གསར་སྤེལ་བྱེད་བཞིན་ཡོད། ལྷག་པར་དུ་མདོ་དབུས་མཐོ་སྒང་ལ་ཉི་མའི་ནུས་ཁུངས་ཧ་ཅང་ལེགས་པོ་ཡོད་སྟབས། དེ་དག་བེད་སྤྱོད་ཡང་དག་པ་བྱས་ཚེ་སྤྱད་མི་ཚར་བའི་ནུས་པའི་འབྱུང་ཁུངས་གཙང་མ་ཞིག་ཡིན་པས་གསར་སྤེལ་མང་ཙམ་དང་མང་ཚོགས་ཀྱིས་དེ་བེད་སྤྱོད་མང་ཙམ་བྱས་ཏེ་བོད་ཁུལ་གྱི་གཏེར་ཁའི་ཐོན་ཁུངས་སྲུང་སྐྱོབ་གང་ལེགས་བྱ་དགོས།  གཏེར་ཁའི་ཐོན་ཁུངས་ནི་སྐྱར་དར་ཆོག་པའི་ཐོན་ཁུངས་ཞིག་ཡིན་ཞིང་།  མིག་སྔར་སྔོག་འདོན་ཇི་ཙམ་བྱས་པ་དེ་ཙམ་གྱིས་ཇེ་ཉུང་དུ་འགྲོ་བ་ལས་སླར་སྐྱེ་དཀའ། དེར་བརྟེན།  གཏེར་ཁའི་ཐོན་ཁུངས་ལ་གཅེས་སྐྱོང་དང་བེད་སྤྱོད་གང་ལ་གང་འཚམ་གྱིས་རྒྱལ་ཁབ་གཏེར་ཁའི་ཐོན་ཁུངས་བཅའ་ཁྲིམས་ལག་བསྟར་ནན་མོ་བྱས་ཏེ་གཏེར་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་ཡག་པོ་བསྒྲུབ་དགོས།

སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཐེབས་པའི་རྐྱེན་གྱིས་འབྱུང་བཞི་ཆ་མ་མཉམ་པར་བརྟེན་རླུང་ཁམས་ཆེན་པོས་བྱེ་མ་དང་ཐལ་རྡུལ་ཁྱེར་ནས་རླུང་ཁམས་ནང་འཚུབ་སྟེ།  མཁའ་རླུང་རྙོག་པ་དང་། ཁང་པ་འགྱེལ་བ།  འགྲིམ་འགྲུལ་བདེ་འཇགས། གློག་མཁོ་འདོན།  འཚོ་སྡོད་ཁོར་ཡུག ནགས་ཚལ་ལ་གཏོར་སྐྱོན་ཐེབས་པ་སོགས་ཀྱི་སྣང་ཚུལ་འབྱུང་སླ་བ་རེད།

ཆུ་ནི་མི་དང་སྲོག་ཆགས་ཡོངས་ཀྱིས་བེད་སྤྱོད་བྱེད་པ་ཡིན་པས། གད་སྙིགས་འཕེན་ན་མིའི་བདེ་ཐང་དང་ཆུ་ནང་གི་སྲོག་ཆགས་ཀྱི་ཚེ་སྲོག་ལ་གནོད་པ་ཐེབས་ཀྱི་ཡོད། དེར་བརྟེན་དྭངས་གཙང་གི་ཆུས་མིའི་རིགས་ཀྱི་བདེ་ཐང་དང་སྲོག་ཆགས་ཀྱི་ཚེ་སྲོག་ལ་ཁག་ཐེག་བྱེད་ཆེད་ཆུའི་ནང་དུ་གད་སྙིགས་མི་འཕེན་པ་བྱ་དགོས།

སྡོང་འཛུགས་ནགས་བསྐྲུན་གྱིས་བྱེ་རླུང་འགོག་པ་དང་། བྱེ་མ་དང་ས་ཆུ་སྲུང་འཛིན་ཐུབ་པ། མཁའ་དབུགས་གཙང་སེལ། སྦགས་བཙོག་ཇེ་ཉུང་དུ་གཏོང་བ། རང་བྱུང་གི་གནོད་འཚེ་འགོག་སྲུང་བྱས་ཏེ་འབྱུང་ཁམས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་། ཁོར་ཡུག་མཛེས་ཆོས་ཀྱི་ནུས་པ་ལྡན་པ། སྤྱི་པས་ལོངས་སུ་སྤྱོད་རྒྱུ་ཡོད་པ་སོགས་ཀྱི་དགེ་མཚན་མང་པོ་ལྡན།

རྒྱལ་ཁབ་ཀྱིས་དཔེ་མཚོན་གྱི་སྐྱེ་ཁམས་མ་ལག་གཅིག་གམ་མང་པོའི་འཐུས་ཚང་གི་རང་བཞིན་ལ་སྲུང་སྐྱོབ་བྱེད་ཆེད་སྐྱེ་ཁམས་ཀྱི་ཡུལ་སྐོར་དང་། ཚན་རིག་ཞིབ་འཇུག ཁོར་ཡུག་སློབ་གསོ་གཏོང་བའི་ཆེད་དུ་གནས་ཡུལ་མཁོ་འདོན་བྱས་ཤིང་། ཆེད་དུ་སྲུང་སྐྱོབ་དང་དོ་དམ་བེད་སྤྱོད་བཅས་བྱེད་པའི་རང་བྱུང་གི་ས་ཁོངས་དེ་ནི་རང་བྱུང་སྲུང་སྐྱོབ་ཁུལ་དང་མི་འདྲ་ལ་སྤྱིར་བཏང་གི་མཛེས་ལྗོངས་ཁུལ་དང་ཡང་མི་འདྲ། རྭ་སྒྲེང་ནི་དེའི་གྲས་ཀྱི་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་ཞིག་ཡིན་ལ། དེའི་ནང་གི་ཤུག་པ་དེ་དག་ལ་ལོ་ངོ་སྟོང་ཕྲག་ལྷག་ཙམ་གྱི་ལོ་རྒྱུས་ལྡན།

དེ་ནི་ང་ཚོའི་གལ་ཆེའི་ཐོན་ཁུངས་ཤིག་ཡིན་པས་མཚམས་དང་ཚོད་མེད་པར་འཐུ་བ་ལས་གཅེས་སྤྲས་མ་བྱས་ཚེ་ནམ་ཞིག་སྨན་རྩྭ་དང་འབུའི་ཐོན་ཁུངས་ཇེ་ཉུང་དང་སྤུས་ཚད་ཇེ་ཞན།  ཐ་ན་རྩ་བ་ནས་མེད་པར་འགྲོ་བའི་ཉེན་ཁ་ཆེ་ཞིང་རྩྭ་རྩི་ཤིང་ལའང་གཏོར་སྐྱོན་ཐེབས་ངེས་ཡིན།   སྨན་རྩྭ་དང་དབྱར་རྩྭ་དགུན་འབུ་འཐུ་སྐབས་ས་རྐོ་རྡོ་སློག་བྱས་པ་རྣམས་འཕྲལ་དུ་སྐོངས་དགོས་པ་དང་།  ས་ཆུ་འཆོར་བ་དང་རྩྭ་ཐང་བྱེ་མར་འགྱུར་བ།   སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཐེབས་པ་བཅས་ངེས་པར་དུ་སྔོན་འགོག་ཐུབ་པ་བྱེད་དགོས།

དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་སོང་བ་ལས་ཁོར་ཡུག་ལ་གཏོར་བརླག་ཐེབས་ཚད་ཚབས་ཆེ་བ་དོན་དངོས་ལས་ར་སྤྲོད་བྱུང་ཡོད། དཔེར་ན་དཔལ་འབྱོར་གོང་འཕེལ་ཁོ་ནའི་ཆེད་གཏེར་ཁ་གང་བྱུང་དུ་བསྔོགས་པ་དང་།  ཤིང་ནགས་མང་དུ་གཅོད་པ།  སྡོད་ཁང་འཛུགས་སྐྲུན་བྱེད་པ། མི་གྲངས་ཇེ་མང་དུ་འགྲོ་བ། ཐོན་ཁུངས་དང་ནུས་པའི་འབྱུང་ཁུངས་ ཇེ་ཉུང་དུ་འགྲོ་བ། ཁོར་ཡུག་ལ་བཙོག་སྐྱོན་ཤོར་བ། རླངས་འཁོར་དང་བཟོ་གྲྭ་ཇེ་མང་དུ་སོང་བ་བཅས་ཀྱི་དབང་གིས་ནུས་ཁུངས་ཟད་གྲོན་ཆེ་ཞིང་མཁའ་དབུགས་ལ་སྦགས་བཙོག་ཐེངས་པ་དང་། སྐྱེ་ཁམས་དོ་མ་མཉམ་པར་དབྱར་ཁར་ཐན་སྐྱོན་དང་དགུན་ཁར་གངས་སྐྱོན་བཅས་ཆར་ཆུ་དུས་སུ་མི་འབབ་པ་དང་།  དགུན་ཁར་གྲང་ངར་ཆེ་ཞིང་དབྱར་ཁར་ཚ་བ་ཆེ་བས་མཚོ་དང་མཚེའུ་ཆེ་བ་རྣམས་ཇེ་ཆུང་དང་ཆུང་བ་རྣམས་རྩ་མེད་དུ་སོང་སྟེ།  མི་རྣམས་ཀྱི་ཐོན་སྐྱེད་འཚོ་བ་དཀའ་ཁག་ལ་འཕྲད་བཞིན་ཡོད།  ང་ཚོས་རང་འགུལ་སྒོས་གད་སྙིགས་གང་བྱུང་མི་གཡུག་པ་དང་གཞན་གྱིས་གཡུག་པའི་གད་སྙིགས་གཙང་སེལ་བྱེད་པ།  ཁེ་ལས་སྡེ་ཚན་ཁག་ཅིག་གིས་རྒྱལ་ཁབ་ཀྱི་གཏན་འབེབས་ལས་འགལ་ཏེ་ཁྲིམས་འགལ་གྱིས་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་གྱི་རིན་ཐང་ཆེ་བའི་རི་སྐྱེས་སྲོག་ཆགས་གསོད་པ་དང་། འདོད་རྔམ་ཅན་གྱིས་དཔོན་ངན་རུལ་སུངས་པ་ཁག་ཅིག་དང་མཉམ་ལས་བྱས་ཏེ་དཔོན་གྱིས་དབང་ཆ་དང་ཚོང་དཔོན་གྱིས་མིང་བྱས་ཏེ་མཉམ་འབྲེལ་ཐོག་གཏེར་ཁའི་ཐོན་ཁུངས་བསྔོགས་པ་དང་གཏོར་བཤིག་གཏོང་བ། ནགས་ཚལ་དང་རྩ་ཆེའི་ཤིང་རིགས་བརྐུ་གཅོད་བྱས་པའི་གྲངས་འབོར་ཅུང་མང་བ་དེ་དག་ལ་གོང་རིམ་ནས་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ་དང་། སྲིད་གཞུང་ནས་ཁོར་ཡུག་སྲུང་སྐྱོབ་དང་རང་བྱུང་ཐོན་ཁུངས་གཏེར་ཁ་དང་རྒྱུགས་ཆུ། ནགས་ཚལ། རི་བོ། རྩྭ་ཐང་སོགས་སྲུང་སྐྱོབ་དང་། སྦགས་བཙོག་འགོག་བཅོས་བཅས་སྤྱི་ལ་གནོད་པའི་བྱ་སྤྱོད་ཚང་མར་རྒྱལ་ཁབ་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་རྩ་ཁྲིམས། ད་དུང་བོད་ཁུལ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གང་ལེགས་བྱེད་རྒྱུ་དང་། མང་ཚོགས་ཀྱིས་ཀྱང་ལྟ་སྐུལ་བྱེད་པ་དང་། སྲིད་གཞུང་གིས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ་མཉམ་འབྲེལ་སྒོས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་གྲུབ་པར་བྱེད་པ་དང་། སུ་ཞིག་གིས་སྦགས་བཙོག་བཟོས་ན་དེ་རང་གིས་བཅོས་སྐྱོང་དང་། སུ་ཞིག་གིས་གསར་སྤེལ་བྱས་ན་དེ་རང་གིས་སྲུང་སྐྱོབ་བྱེད་དགོས་པ་བཅས་ཀྱི་འབོད་སྐུལ་བྱས་ནས་མཉམ་དུ་སྔོ་ལྗང་གི་ཁྱིམ་གཞིས་བསྐྲུན་དགོས། ད་ལྟའི་བར་ང་ཚོས་རྟག་ཏུ་སའི་གོ་ལའི་ཐོག་ནས་ལེན་གང་ཐུབ་བྱེད་པ་ལས་དེར་སྲུང་སྐྱོབ་བྱེད་པ་ཉུང་ཉུང་ཡིན་ཞིང་། སའི་གོ་ལའི་ཐོག་ནས་ང་ཚོའི་འཚོ་གནས་ཀྱི་དགོས་མཁོ་སྐོང་བ་མ་ཟད་མི་རབས་རྗེས་མའི་འཚོ་གནས་ཀྱི་དགོས་མཁོའང་སྐོང་དགོས།

ང་ཚོས་རང་ཉིད་དང་རང་ཉིད་ཀྱི་བུ་རབས་ཚ་རྒྱུད་རྣམས་བདེ་ཐང་ངང་འཚོ་གནས་ཀྱི་ཆེད་དུ་ཁོར་ཡུག་གད་སྙིགས་གཙང་སེལ་དང་སྦགས་བཙོག་གིས་མ་བསླད་པ་ཞིག་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས།

ད་སྐབས་ནི་མི་རྣམས་ཀྱི་དཔལ་འབྱོར་གྱི་འཕེལ་ཤུགས་མགྱོགས་པ་དང་ཚན་རིག་གི་འཕེལ་འགྲོས་ཀྱང་ཇེ་མགྱོགས་སུ་ཕྱིན་པས་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཀྱང་ཆེན་པོ་ཐེབས་བཞིན་ཡོད། དེ་ཡང་ཆེ་ས་ནས་རྒྱལ་ཁབ་དང་མི་རིགས་རང་རང་གི་འགོག་སྲུང་ཆེད་མཚོན་ཆ་འདྲ་མིན་བཟོ་བ་དངབཟོ་གྲྭ་འདྲ་མིན་འཛུགས་པ། འཁོར་རིགས་དུག་རླངས་ཅན་མང་བ། དེ་བཞིན་གསེར་གཏེར་དང་ཟངས་གཏེར། ལྕགས་གཏེར།  སོལ་གཏེར། སྣུམ་གཏེར་སོགས་གཏེར་རིགས་མང་པོ་སྔོག་འདོན་བྱེད་པ། ཆུང་ས་ནས་ཁེ་ལས་དང་ཚོགས་པ་མི་སྒེར་སོགས་ཀྱིས་གནས་སྐབས་དཔལ་འབྱོར་གྱི་ཁེ་ཕན་ཕྲན་བུའི་ཆེད་དུ་ཤིང་ནགས་གཅོད་སྲེག་བྱས་ནས་ཤིང་རིགས་ཀྱི་བཟོ་གྲྭ་བཙུགས་པ། རྫས་རིགས་འདྲ་མིན་གྱི་ལས་གྲྭ་གཉེར་བ མིའི་ལུས་ཁམས་ལ་གནོད་པའི་ཟས་རིགས་ཚད་ལྡན་མིན་པ་མང་པོ་བཟོས་པ། འཛམ་གླིང་གི་མཚོ་ཆེན་དང་ཆུ་ཆེན་མི་ཉུང་བ་དུག་རླངས་དང་རྫས་ངན་གད་སྙིགས་ཀྱིས་ཁྱབ་པ། དེ་བཞིན་རི་ཆུ་ནགས་གསུམ་དང་མཁའ་རླུང་སྤྲིན་གསུམ་བཅས་ལ་བཙོག་དྲེག་དང་དུག་རིགས་འདྲ་མིན་གྱིས་བསླད་པར་བརྟེན། ཆུ་གནས་དང་རི་གནས་མཁའ་གནས་སོགས་སྲོག་ཆགས་མང་པོའི་འཚོ་གནས་ཀྱི་རྟེན་གཞི་མེད་པར་བྱས་པ། ཤེལ་དམ་དང་འགྱིག་ཤོག་གད་སྙིགས་སོགས་ཕྱོགས་མཚམས་ཀུན་ཏུ་གཏོར་བ་བཅས་མདོར་ན་ཕྱི་སྣོད་ཀྱི་འཇིག་རྟེན་ལ་གནོད་པའི་ལས་རིགས་ཚད་ལས་འདས་པ་བྱུང་བས་རང་བྱུང་གི་གནོད་འཚེ་དང་ཁོར་ཡུག་ལ་འགྱུར་བ་སྣ་ཚོགས་འབྱུང་གིན་ཡོད་པ་རེད།

རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་བརྩི་བཀུར་དང་སྲུང་སྐྱོབ་གཅེས་སྤྲས་བཅས་བྱེད་མ་ཐུབ་ཚེ་ཕྱི་འབྱུང་བའི་གནོད་པའམ་ཁོར་ཡུག་གི་འགྱུར་བ་འདྲ་མིན་འབྱུང་བ་ནི་གདོན་མི་ཟ། དེ་ཡང་ཆུ་ལོག་འབྱུང་བ་དང་མཚོ་འཕྱུར་བ། ཐན་སྐྱོན་ཆེ་བ་དང་རླུང་འཚུབ་འབྱུང་བ། ས་འགུལ་རྒྱུགས་པ་དང་མེ་རི་རྡོལ་བ། དབྱར་དུས་སུ་ཆར་མི་འབབ་པ་དང་དགུན་དུས་སུ་ཁ་བ་མི་འབབ་པ། ལོ་ཕྱུགས་མ་ལེགས་པ་བཅས་དུས་འགྱུར་གྱི་རྣམ་པ་མང་པོ་ཐོན་བཞིན་ཡོད། དེས་རྐྱེན་པས་འཛམ་གླིང་ཧྲིལ་པོ་གནམ་གཤིས་ལོ་རེ་བཞིན་ཇེ་དྲོ་རུ་འགྲོ་བ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་གངས་རི་རྣམས་བཞུར་བའི་གནས་ཚུལ་ཐོན་ཡོད། གལ་ཏེ་གངས་རི་དག་བཞུར་བ་ཡིན་ན་ཨེ་ཤེ་ཡ་ཙམ་མ་ཟད་འཛམ་གླིང་གི་ས་ཕྱོགས་ཐམས་ཅད་ལ་ཆུའི་འཇིག་པ་དང་མེའི་འཇིག་པ་འབྱུང་གི་ཡོད་པ་ཚན་རིག་པ་དག་གི་བཤད་བཞིན་ཡོད།

མདོར་ན་ད་ལྟ་དང་འབྱུར་འགྱུར་གྱི་ཆེད་དང་། རང་ཉིད་དང་བུ་རབས་ཚ་རྒྱུད་ཀྱི་ཆེད་དུ་ང་ཚོ་ཚང་མས་སའི་གོ་ལའི་ཁོར་ཡུག་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས།  ནུས་པ་ཞན་ཡང་རང་གི་ཉེ་འཁོར་གྱི་ཁོར་ཡུག་གཙང་སྦྲ་དང་གོ་ལའི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་རེ་འབོད་ཞུས་ཏེ་ང་ཚོར་ཟས་གོས་གནས་མལ་སྦྱིན་མཁན་གྱི་ཁྱིམ་གཞིས་འདིར་མཉམ་དུ་ལག་པ་འགུལ་ཏེ་རང་ནུས་ཀྱི་གཅེས་འཛིན་བྱེད་དགོས།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།