ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན།
2019.05.10 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 85

 སའི་གོ་ལའི་སྟེང་འཚོ་གཞེས་ཀྱི་མི་སུ་ཡིན་ཡང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་དུས་ནམ་ཡང་བརྗེད་མི་རུང་བའི་དོན་དག་གལ་ཆེན་ཞིག་རེད།  བོད་མིའི་ཁ་རྒྱུན་དུ་ཆུ་གཙང་མ་རྙོག་ན་ཀླུ་མི་དགའ། རྩྭ་རྩི་ཤིང་བཅད་ན་ཚེ་མི་རིང་། རི་བཟང་བོ་སློག་ན་ས་མི་དགའ། དྲི་ངན་པ་བདུག་ན་གནམ་མི་དགའ་ཞེས་བཤད་སྲོལ་ཡོད། དེའི་རྒྱུ་མཚན་ནི་བོད་  མི་རྣམས་ཀྱིས་སྤྱི་ཚོགས་ཀྱི་ངོ་བོ་དང་བསྟུན་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་དེ་ལྟར་བརྗོད་པ་རེད། སྤྱིར་ན་འགྲོ་བ་ཡོད་ཚད་ཀྱིས་ལྗང་མདོག་གི་ཁོར་ཡུག་ཅིག་ཏུ་གནས་བཅས་ནས་དྲི་མེད་ཀྱི་གཙང་ཆབ་སྔོན་མོ་ཞིབ་འཐུང་འདོད་པ་ནི་ཐུན་མོང་གི་འདོད་ཚུལ་ཞིག་ཡིན་པ་རེད།

རྩྭ་ཐང་ནི་བོད་རིགས་མང་ཚོགས་མང་ཆེ་བ་ཞིག་འཚོ་གནས་བྱེད་ས་གཙོ་བོ་དང་མི་རྣམས་ཆེས་དགའ་བའི་གནས་ཡིན་པར་མ་ཟད། ལྟོ་གོས་མཁོ་སྤྲོད་བྱེད་པའི་འབྱུང་གནས་ཀྱང་ཡིན། དེར་བརྟེན་ང་ཚོས་ངེས་པར་དུ་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་དགོས། ཡིན་ནའང་མི་མི་ཉུང་བ་ཞིག་གིས་རྩྭ་ཐང་ནི་རྒྱ་ཆེ་ཞིང་བཀོལ་མི་ཚར་བ་ཞིག་ཏུ་འདོད་ནས་གང་སར་ཕྱུགས་ར་བསྐོར་བ་དང་། རྩྭ་ས་རྨོ་ཞིང་དུ་བསྒྱུར་ཏེ་རྨོ་འདེབས་བྱེད་པ་སོགས་ཀྱིས་རྩྭ་ཐང་ལ་གཏོར་བརླག་བྱེད་པ།  དེའི་སྟེང་ལ་ཨ་བྲས་གནོད་ཅིང་རང་བྱུང་གི་བྱེ་རྡུལ་གྱིས་ཀྱང་གནོད་པ་གཏོང་བཞིན་ཡོད། དེ་བས་ད་ལྟའི་བར་དུ་རྩྭ་སར་བྱེ་རྡུལ་གྱིས་གནོད་པ་ཇི་འདྲ་བཏང་བ་ནི་བརྗོད་དཀའ་བ་ཞིག་ཡིན། ལོ་འགའི་སྔོན་ནས་མི་རྣམས་ཀྱིས་རང་གི་གནས་སྐབས་ཀྱི་དཔལ་འབྱོར་ཡོང་སྒོ་ཙམ་ལ་དམིགས་ནས་དབྱར་རྩྭ་དགུན་འབུ་སོགས་སྨན་རྩྭ་མང་པོ་བརྐོས་ནས་རྩྭ་ཐང་ལ་གཏོར་བརླག་ཚབས་ཆེན་བཟོ་བཞིན་ཡོད།

འདི་ལྟར་མུ་མཐུད་དུ་སོང་ན་རྩྭ་ས་ཞན་འགྱུར་དུ་འགྲོ་བར་གདོན་མི་ཟ། གོང་རིམ་གྱིས་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་རབ་དང་རིམ་པར་སྤེལ་ནའང་སྲུང་སྐྱོབ་ཀྱི་ཤུགས་མི་ཆེ་བས་རྩྭ་ཐང་ལ་གནོད་སྐྱོན་ཐེབས་པ་ངོ་མ་ཚབས་ཆེ་བ་རེད།

སྔོ་ལྗང་ནི་ཚེ་སྲོག་ཡིན་ཞེས་པ་ལྟར། ཡོད་ཚད་སྔོ་ལྗང་ལ་དགའ། ལྗང་མདོག་གི་ཁོར་ཡུག་ཅིག་འཛུགས་སྐྲུན་བྱེད་དགོས་ན་སྡོང་འཛུགས་ནགས་སྐྲུན་བྱ་རྒྱུ་ནི་བྱ་བ་གལ་ཆེན་ཞིག་ཡིན། གནའ་སྔ་མོའི་དུས་སུ་མི་རྣམས་ཀྱིས་ནགས་ཚལ་གང་འདོད་དུ་བཅད་དེ་བག་མེད་དུ་འཛད་སྤྱོད་བྱས་པས། ད་ལྟ་མྱ་ངམ་གྱི་ཐང་དུ་གྱུར་ཡོད་པ་མཐོང་རྒྱུ་ཡོད། ཡང་ས་ཆ་ལ་ལ་རུ་སྡོང་བོ་རྐང་གཅིག་ཀྱང་མི་འཛུགས་པར་སྡོང་བོ་བརྒྱ་ཕྲག་དུ་མ་བཅད་ནས་ཁང་བ་ལས་བཞིན་ཡོད་པས། ང་ཚོས་ནགས་ཚལ་བཀོལ་སྤྱོད་བྱེད་དགོས་ལ། སྲུང་སྐྱོབ་ཀྱང་བྱེད་དགོས། དེ་ལྟར་ཡུན་རིང་འགོར་ན་ནགས་ཚལ་མེད་པར་འགྱུར་བ་དང་། རྩྭ་ས་བྱེ་མས་བསྣུབས་པ་སོགས་ལོ་རེ་ལས་ལོ་རེར་ཇེ་ཐུ་རུ་འགྲོ་ངེས། དེ་བས་འཇིགས་པ་འདི་ལས་ལྡོག་སྟེ། སྔོ་ལྗང་གི་ཁོར་ཡུག་ཅིག་ཏུ་ཡུན་རིང་འཚོ་དགོས་ན་སྡོང་འཛུགས་ནགས་སྐྲུན་ལ་འབད་དགོས་ཞེས་ཁ་ཚོན་བཅད་ནས་བཤད་ཆོག

ཚན་རིག་པ་གྲགས་ཅན་ཧྥི་ལན་ཁེ་ལིན་གྱིས་ཁྲོན་པ་མ་བསྐམས་ན་ཆུ་ཡི་རིན་ཐང་མི་ཤེས་ཞེས་གསུངས་པ་ལྟར། མི་ལ་ལ་ཞིག་གིས་རང་གི་མདུན་དུ་ཆུ་གཙང་མ་ཡོད་ན་འཇིག་རྟེན་དུ་ཆུ་ལ་སེམས་ཁུར་བྱེད་མི་དགོས་པར་སྙམ་ནས་ཆུ་བག་མེད་དུ་འཕྲོ་བརླགས་ཆེན་པོ་གཏོང་ཀྱིན་ཡོད།  སྤྱིར་ན་སའི་གོ་ལའི་བརྒྱ་ཆའི་བདུན་ཅུ་དང་གྲངས་ཆུང་བརྒྱད་ཀྱི་རྒྱ་ཁྱོན་ལ་ཆུ་ཡིས་ཁེངས་མོད། འོན་ཀྱང་དེའི་ཁྲོད་ཀྱི་བརྒྱ་ཆའི་གོ་བདུན་དང་གྲངས་ཆུང་ལྔ་ ཙམ་ནི་ཚྭ་ཆུ་ཡིན་པས་འཐུང་ཆུ་བྱེད་མི་རུང་། ལྷག་མའི་བརྒྱ་ཆའི་གཉིས་དང་གྲངས་ཆུང་ལྔ་ཙམ་ཟིན་པའི་ཆུ་གཙང་མའི་ཁྲོད་ཀྱི་བརྒྱ་ཆའི་གྱ་བདུན་ལྷོ་བྱང་སྣེ་གཉིས་དང་། མཐོ་སྒང་གི་འཁྱག་རོམ། གངས་རི་བཅས་ཀྱིས་བཟུང་བས་ང་ཚོས་བཀོལ་སྤྱོད་བྱེད་དཀའ་བས། ད་ལྟ་འཛམ་གླིང་གི་མི་མང་པོ་ཞིག་ལ་འཐུང་ཆུའི་དཀའ་ངལ་ཆེ། ཚན་རིག་པས་ཚོད་དཔག་བྱས་པ་ལྟར་ན། ད་ལྟ་ཆུ་ཡི་དཀའ་ངལ་བྱུང་བའི་མི་གྲངས་དུང་ཕྱུར་གཅིག་ལ་བསླེབས་ཡོད་ཅེས་བརྗོད་པས། ང་ཚོས་དུས་ད་ལྟ་ནས་ཆུ་གྲོན་ཆུང་བྱེད་དགོས་ཤིང་། འཛད་སྤྱོད་ཆེ་བའི་ལས་ཁུངས་སམ་མི་སྒེར་ལ་སློབ་གསོ་བཏང་ནས་མ་འོངས་པའི་འཇིག་རྟེན་སྤྱི་དང་རང་གི་བུ་རབས་ཚ་རྒྱུད་རྣམས་ཀྱི་ཆེད་དུ་ཆུ་ལ་སྲུང་སྐྱོབ་ལེགས་པོ་བྱ་དགོས།

ཁོར་ཡུག་གི་གནད་དོན་ཟེར་བ་ནི་མིའི་རིགས་ཀྱིས་ལུགས་དང་མི་མཐུན་པའི་སྒོ་ནས་རང་བྱུང་ཐོན་ཁུངས་བེད་སྤྱོད་དང་བཀོལ་སྤྱོད་བྱས་ནས་ཁོར་ཡུག་འབག་བཙོག་དང་གཏོར་བཤིག་བཟོས་པའི་ཁོར་ཡུག་གནད་དོན་ཞིག་ཡིན་ཞིང་། མིས་བཟོས་པའི་ཁོར་ཡུག་གནད་དོན་འདི་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཁོར་ཡུག་བར་གྱི་འབྲེལ་བ་མཐུན་སྦྱོར་མིན་པའི་རྐྱེན་གྱིས་ཐོན་པ་རེད། སྤྱིར་བཏང་དུ་རིགས་གཉིས་བགོས་ཡོད་པ་སྟེ། བཟོ་ལས་དང་ཞིང་ལས་མགྱོགས་མྱུར་དུ་འཕེལ་རྒྱས་འགྲོ་བ་དང་གྲོང་ཁྱེར་ཅན་དུ་འགྱུར་བ་ལས་ཐོན་པའི་ཁོར་ཡུག་ལ་འབགས་བཙོག་བཏང་བའི་གནད་དོན་དང་ལུགས་དང་མི་མཐུན་པར་རང་བྱུང་ཐོན་ཁུངས་གསར་སྤེལ་བྱེད་རྒྱུ་ལས་ཐོན་པའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་གནད་དོན་དང་། ཁོར་ཡུག་གི་གནད་དོན་གཉིས་ཕན་ཚུན་འབྲེལ་བ་དང་ཤུགས་རྐྱེན་བྱས་པར་བརྟེན། གཞི་ཁྱོན་གྱི་ཐོག་ནས་བཤད་ན། སའི་གོ་ལ་ཧྲིལ་པོའི་རང་བཞིན་ཅན་དང་། ངོ་བོའི་ཐོག་ནས་བཤད་ན་མིའི་རིགས་ཡོངས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་རེད།

ཁོར་ཡུག་གི་གནད་དོན་ཐོན་པ་ནི་རང་བྱུང་གི་རྒྱུ་རྐྱེན་དང་མི་བཟོས་པའི་རྒྱུ་རྐྱེན་ཡོད། རང་བྱུང་ཁམས་རང་ཉིད་འགྱུར་ལྡོག་བྱུང་བ་ལས་ཐོན་པའི་ཁོར་ཡུག་གནད་དོན་ནི་དཔེར་ན། ས་འགུལ་དང་མཚོ་རླབས་དྲག་པོ་འཕྱུར་བ། མེ་རི་གས་འབར་བྱུང་བ། རྒྱ་མཚོའི་རླུང་འཚུབ། རྡོ་རུད། གྲང་རྒྱུན་སོགས་ཀྱི་རང་བྱུང་གི་ཕྱི་ཚུལ་ཡོད་པ། མིག་སྔར་ང་ཚོས་སྔོན་འགོག་དང་སྔོན་བརྡ། ལྟ་ཞིབ་ཚད་ལེན་བཅས་བྱས་ནས་གྱོང་གུན་དེ་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པ་དང་འབྲེལ། མིས་བཟོས་པའི་གནད་དོན་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་ལས་ཐོན་པ་རེད། དཔེར་ན། ཞིང་ལས་དང་བཟོ་ལས་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་ཅན་དུ་འགྱུར་བ་ལས་ཐོན་པའི་ཁོར་ཡུག་འབག་བཙོག་དང་གཏོར་བཤིག་བཏང་བའི་གནད་དོན་ཡིན་པ་རེད། འཛམ་གླིང་ཡོངས་ཀྱི་ཁོར་ཡུག་གི་གནད་དོན་གཙོ་བོ་ནི་གཤམ་གསལ་ཏེ། འཛམ་གླིང་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་བྱུང་བ་དང་གཅིག དྲི་ངན་དབྱང་རླུང་བང་རིམ་གཏོར་བཤིག་བཏང་བ་དང་གཉིས། སྐྱུར་ཆར་གྱི་སྣང་ཚུལ་ཐོན་པ་དང་གསུམ། དུག་དང་གནོད་སྐྱོན་ཡོད་པའི་རྫས་འགྱུར་དངོས་པོས་འབག་བཙོག་བཟོས་པ་དང་ས་མཚམས་བརྒལ་ནས་སྤོ་རྒྱུར་བྱས་པ་དང་བཞི། སྐྱེ་ཁམས་དང་ཁོར་ཡུག་འབག་བཙོག་བཟོས་པ་དང་སྐྱེ་ཁམས་ཁོངས་གཏོགས་དོ་མཉམ་ཤོར་བ་དང་ལྔ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཇེ་ཉུང་དུ་འགྲོ་བ་དང་དྲུག་བཅས་རེད།

འཛམ་གླིང་གི་ཡང་རྩེ་ན་འཚོ་སྡོད་བྱེད་མཁན་གྱི་མི་རིགས་འདིར་མཚོན་ན་དུས་རབས་རང་བཞིན་གྱི་འགན་ཁུར་རླབས་ཆེན་ཞིག་ཡོད་པ་ནི་རི་མཐོ་ས་གཙང་གི་ཡུལ་འདིར་སྲུང་སྐྱོབ་བྱེད་དགོས་པ་འདི་ཡིན།

དུས་རབས་སྔོན་མ་ནས་འཛམ་གླིང་གི་ས་ཆ་གང་སར་འགྱིག་རིགས་ཀྱི་ཐོན་རྫས་ཇེ་མང་དུ་སོང་བ་དང་། མིའི་རིགས་ཀྱི་འཚོ་བའི་མཁོ་སྤྱོད་ཀྱི་མ་ལག་སྟབས་ཇེ་བདེར་བཏང་བ་དངོས་གནས་ལེགས་མོད།  སྟབས་བདེའི་འགྱིག་རིགས་ཐོན་སྐྱེད་བྱེད་པ་ཇེ་མང་དུ་ཕྱིན་ཏེ་རིན་གོང་ཇེ་སླ་རུ་སོང་བ་དང་བསྟུན། བག་མེད་དུ་སྤྱད་པའི་འགྱིག་རིགས་དངོས་རྫས་ཀྱི་སྤྱོད་ཁྱབ་ཇེ་ཆེར་ཕྱིན་ཏེ་རང་བྱུང་ཁམས་ཆེན་པོའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཆེན་པོ་བཏང་། དེ་ལྟར་གནོད་འཚེ་གཏོང་བཞིན་པའི་གནས་བབ་མིག་མཐོང་ལག་ཟིན་ཏུ་གྱུར་པས་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་སྲུང་སྐྱོབ་སྡེ་ཚན་དུ་བསླེབས་པའི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་སྙན་ཞུ་སྐོར་ཞིག་དང་བསྡོངས་ནས། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་སྡེ་ཚན་གྱིས་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་ལ་བསམ་གཞིགས་ནན་མོ་བཏང་ཏེ། 1972ལོར་སུའུ་ཏེན་གྱི་རྒྱལ་ས་སུ་ཊོ་ཁམ་ནས་འཛམ་གླིང་རྒྱལ་ཁབ་སོ་སོའི་སྐུ་ཚབ་བསྡུས་ཏེ། ཤིང་སྣ་གཅོད་འབྲེག་དང་། འབྱུང་བའི་གནོད་སྐྱོན། བཟོ་གྲྭས་དུ་བས་མཁའ་དབུགས་བཙོག་བཟོ། གད་སྙིགས་ཀྱིས་བཟོས་པའི་མཁའ་དབུགས་འབག་བཙོག ཆར་ཆུ་ཇེ་ཉུང་དུ་སོང་ནས་འབྲུ་རིགས་ཀྱི་སྨིན་ཚད་ཞན་པར་གྱུར་ཏེ་མིའི་རིགས་ཀྱིས་མྱོང་བཞིན་པའི་ལྟོགས་སྐོམ། འགྱིག་རིགས་ཀྱི་བཀོལ་སྤྱོད་ལས་བྱུང་བའི་གད་སྙིགས་ཕུང་གསོག་སོགས་ཀྱིས་མིའི་རིགས་ཀྱི་ཚེ་སྲོག་གི་རིན་ཐང་རྩ་མེད་དམ། སྔར་མེད་པའི་ནད་རིགས་མང་པོ་ཞིག་ཁྱབ་བརྡལ་དུ་འགྲོ་བཞིན་པར་ཉེན་བརྡ་བཏང་སྟེ། ལེགས་སྤེལ་ཉེས་འགོག་གི་གྲོས་ཆོད་མང་པོ་བཞག་པ་ནས་བཟུང་། འཛམ་གླིང་གི་ཡུལ་གྲུ་གང་སར་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཚོགས་འདུ་མང་པོ་བསྡུས་པ་དང་། རྒྱལ་ཁབ་མང་པོ་ཞིག་གིས་འགྱིག་རིགས་ལས་སྣོན་བཟོ་གྲྭར་སྟབས་བདེའི་འགྱིག་སྣོད་སྟེ།  སྟབས་བདེའམ་གཅིག་སྤྱོད་སྣོད་ཆས་དང་། ཇ་ཕོར། ཟས་སྡེར་སོགས་བཟོ་བ་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས་པ་བཞིན་རྩ་མེད་དུ་བཏང་ཡོད་ཅིང་། གད་སྙིགས་དུག་སེལ་བསྐྱར་བཟོ་བྱེད་པར་དགེ་མཚན་ཆེ་བར་མཐོང་ནས། གད་སྙིགས་བསྐྱར་བཟོ་ལ་ཤུགས་བསྣན་དེ་ཁོར་ཡུག་གི་བདག་གཉེར་དོ་དམ་གལ་ཆེན་དུ་བཟུང་བའི་ཁྲོད་ནས་ཨ་རིས་གད་སྙིགས་བསྐྱར་བཟོ་བྱས་པའི་ཚད་རྒྱལ་ཁབ་གཞན་ལས་མཐོན་པོར་གྱུར་ཡོད། རྒྱུད་རིམ་དེའི་ཁྲོད་ནས་དང་བླངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྡེ་ཚོགས་འདྲ་མིན་ཡང་གང་ས་གང་ནས་བཙུགས་ཡོད།

དེ་བཞིན་རྒྱ་གར་དང་། འབྲུག  སུའུ་ཏེན། སུ་ཛ་ལན་ཊི་སོགས་རྒྱལ་ཁབ་མང་པོ་ཞིག་གིས་སྟབས་དེའི་འགྱིག་སྣོད་བེད་སྤྱོད་བྱེད་པ་གཏན་འགོག་བྱས་ཡོད་པས་རང་བྱུང་ཁོར་ཡུག་གི་གཙང་སྦྲའི་སྤུས་ཚད་ཇེ་ལེགས་སུ་སོང་ཡོད། དེ་ལྟར་གད་སྙིགས་ཕུང་གསོག་གིས་བཟོས་པའི་མཁའ་དབུགས་བཙོག་བཟོའི་ཚད་གཞི་ཇེ་དམར་སོང་བ་མ་ཟད། མིའི་རིགས་ཀྱིས་ཁོར་ཡུག་གཙང་སྦྲས་ཁོར་ཡུག་བདག་གཉེར་དོ་དམ་ཁྲོད་གཏོང་དགོས་པའི་དུས་ཚོད་ལ་སྲི་ཚགས་ཆེན་པོ་བྱེད་ཐུབ་ཡོད།

ནང་སྒོས་སུ། མཁའ་དབུགས་གཙང་ཞིང་། ཆུ་དྭངས་པ། རླུང་གཙང་མར་རྒྱུ་བ། ནགས་ཚལ་དང་རི་སྐྱེས་སྲོག་ཆགས་མང་པ་སོགས་རང་བྱུང་ཁོར་ཡུག་གི་ཐུན་མིན་ཁྱད་ཆོས་ཅི་དགར་ཚང་བའི་མདོ་དབུས་མཐོ་སྒང་ནི་འཛམ་གླིང་གི་ཆེས་གཙང་བའི་ཁོར་ཡུག་ཅིག་ཏུ་ངོས་བཟུང་ཡོད་ནའང་། གནས་འདིར་འདུས་སྡོད་དང་འཚོ་གནས་བྱེད་བཞིན་པའི་ང་ཚོས་རིན་ཐང་འདི་ལ་སྣང་འཇོག་མི་བྱེད་པར་ཁོར་ཡུག་ལ་གཏོར་བརླག་བྱེད་རུང་ངམ། གཙང་ཞིང་ཡངས་པའི་མདོ་དབུས་མཐོ་སྒང་འདི་གད་སྙིགས་ཀྱི་རི་བོ་ཞིག་ཏུ་བསྒྱུར་ཏེ་བཙོག་རླུང་བར་སྣང་ལ་ཁྱབ་ཅིང་། གཤེར་ཁུ་གཙང་བོར་འདྲེས་ནས་རྒྱ་མཚོའི་ནང་བཞུར་བཅུག་ན་མ་ཡུམ་སའི་གོ་ལ་འདིར་ཇི་འདྲའི་གནོད་སྐྱོན་ཞིག་ཐེབས་རྒྱུ་རེད་ཨང་། དེས་ན་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་བདག་གཅེས་བྱེད་ན་མདོ་དབུས་མཐོ་སྒང་གི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་ཆུ་མགོ་ནས་དྭངས་པར་བྱེད་པའི་ལས་དོན་གཙོ་བོ་ཞིག་མ་ཡིན་ནམ།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།