མཚོ་སྔོན་གྱི་དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན། (གཅིག)
2019.05.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

 ཉིན་རེར་འཕྲུལ་རྟར་ཞོན་ནས་རྨ་ཆུའི་མགོ་ཁུངས་ཀྱི་མཚོ་སྐྱ་རེངས་མཐའ་བསྐོར་གྱི་རྩྭ་སར་བསྐོར་གཡེང་བྱེད་རྒྱུ་ནི་རང་ཉིད་ཆེས་དགའ་བའི་ལས་དོན་ཅིག་ཡིན། རྨ་སྟོད་རྫོང་མཚོ་སྐྱ་རེངས་ཞང་སྐར་རྩེ་སྡེ་བའི་སྡེ་མི་དགེ་འདུན་རྒྱ་མཚོ་ཡིས་བཤད་རྒྱུར། ང་ནི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཡིན་པའི་ཆ་ནས། ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ཉིད་ཀྱི་ལས་རྐང་འདི་བརྟན་སྲུང་བྱས་ཏེ། སྔོ་ལྗང་གི་རི་ཆུ་དང་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་ཡིན་ཟེར།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ནི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཐབས་ཇུས་གལ་ཆེན་ཐེངས་ཤིག་ཡིན་ལ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གསར་སྐྲུན་གལ་ཆེན་ཐེངས་ཤིག་ཡིན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་རླབས་ཆེན་ལག་ལེན་ཐེངས་ཤིག་ཀྱང་ཡིན་པ་རེད།

མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དངོས་འབེབས་དོན་འཁྱོལ་བྱེད་པའི་ལག་ལེན་གལ་ཆེན་དང་བྱེད་ཐབས་གལ་ཆེན། འཐབ་ཇུས་བཀོད་སྒྲིག་གལ་ཆེན་བཅས་ཡིན་པའི་ཆ་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དེ་ཤུགས་ཆེན་པོས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས། ལྗང་མདོག་འཕེལ་རྒྱས། འཆམ་མཐུན་བརྟན་འཇགས་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་སུ་གྱུར་བ་དང་། རྒྱལ་ཡོངས་ལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་མཚོ་སྔོན་གྱི་ཉམས་མྱོང་འདོན་སྤྲོད་བྱས།

ད་ལྟ། རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཡོངས་ཀྱི་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད་པར་མ་ཟད། རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་སུ་དོ་སྣང་བྱ་ཡུལ་དུ་གྱུར་ཡོད།

མཚོ་སྔོན་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་ལ། གཙང་གསུམ་འབྱུང་ཡུལ་ནི་རང་རྒྱལ་གྱི་ཚྭ་མེད་ཆུའི་ཐོན་ཁུངས་ཀྱི་མཁོ་སྤྲོད་ས་ཁུལ་ཡིན་ཞིང་། མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་གཅིག་བསྡུས་ཀྱི་ས་ཁུལ་ཡིན་པ་དང་། ཨེ་ཤ་ཡ་དང་སའི་གོ་ལའི་ཕྱེད་བྱང་མ། ད་དུང་གོ་ལ་ཧྲིལ་བོའི་གནམ་གཤིས་འགྱུར་ལྡོག་གི་ཚོར་རྐྱེན་ཁུལ་དང་སྙོམས་སྒྲིག་ཁུལ་གལ་ཆེན་ཡིན་པ། རང་རྒྱལ་དང་ཐ་ན་ཨེ་ཤ་ཡའི་ཆུ་ཁུངས་བསྐྱིལ་གསོག་གི་བྱེད་ནུས་ཁུལ་གཙོ་བོ་ཡིན་པས། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཐོག་མ་སྟེ་སྤྱིའི་གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་གཉིས་སྟོང་གསུམ་ཆིག་བརྒྱ་ཡོད་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་གནས་འདིར་བཙུགས་ཡོད།

2016ལོའི་ཟླ་གསུམ་པར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》པར་སྐྲུན་འགྲེམ་སྤེལ་བྱས་པས། གཙང་གསུམ་འབྱུང་ཡུལ་དེ་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཐོག་མར་གྱུར་བར་མ་ཟད། ས་གནས་སྲིད་གཞུང་གིས་འགན་འཁྲི་གཙོ་བོ་འཁུར་བའི་རྒྱལ་ཁབ་སྤྱི་གླིང་གཅིག་པུའང་ཡིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་བཞི་དང་ཨ་ཆེན་གངས་རྒྱབ་ཚོད་ལྟའི་ཁྱབ་ཁོངས་ཁྲོད་བཅུག་ཡོད།

2016ལོའི་ཟླ་དྲུག་པར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུ་དངོས་སུ་བཙུགས་ནས་སྒོ་བྱང་བཀལ་བ་དང་། འབྲི་ཆུའི་མགོ་ཁུངས་དང་རྨ་ཆུའི་མགོ་ཁུངས། རྫ་ཆུའི་མགོ་ཁུངས་བཅས་གླིང་ཁུལ་གསུམ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་དུས་གཅིག་ཏུ་བཙུགས་པ་རེད། རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱི་ཁྱབ་ཁོངས་སུ་རྨ་སྟོད་རྫོང་གི་ས་ཁུལ་མང་ཆེ་བ་འདུས་ལ། རྫོང་ཏང་ཨུའི་ཧྲུའུ་ཅི་ཡིས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར་བ་དང་། རྫོང་དཔོན་གྱིས་ཀྲུའུ་རིན་གྱི་འགན་འཁུར་བ། ཆུ་བེད་དང་ཁོར་སྲུང་། རྒྱལ་ཁོངས། ནགས་ལས་སོགས་རྫོང་རིམ་པའི་གཙོ་གཉེར་སྡེ་ཁག་མཉམ་གཅིག་ཏུ་དོ་དམ་ཨུ་ཡོན་ལྷན་ཁང་ཁྲོད་བཞག་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུར་སྡེབ་སྒྲིག་བྱས།

ད་ལོའི་ཟླ་བཞི་བའི་ཚེས་བཅུ་ཉིན་གསར་འགོད་པ་ཡང་བསྐྱར་རྨ་ཆུའི་མགོ་ཁུངས་སུ་བཅར་འདྲིར་བསྐྱོད་པ་ན། ས་དེའི་སྔོ་བསངས་ཀྱི་མཁའ་དབྱིངས་དང་སྤྲིན་དཀར། གངས་རི། མཚེའུ། རྩྭ་ཐང་། ནོར་ལུག  རི་སྐྱེས་སྲོག་ཆགས་བཅས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་མིག་ལམ་དུ་མངོན་ཡོང་པ་རེད།

བཅར་འདྲི་བྱེད་སྐབས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོང་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྫོང་དཔོན་གཞོན་པ། དོ་དམ་ཨུ་ཡོན་ལྷན་ཁང་གི་ཆེད་འགན་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཀན་ཞེ་པེན་གྱིས་བཤད་རྒྱུར། གཅིག་གྱུར་དོ་དམ་་གྱི་སྒྲིག་གཞི་བཙུགས་ཏེ། སྔོན་ཆད་ཀྱི་སྡེ་ཁག་མང་པོས་དོ་དམ་དང་ཁོངས་ཁུལ་ལོགས་བཅད། སྲིད་ཇུས་སྣ་མང་ཐོན་པ་བཅས་ཀྱི་རྣམ་པ་བསྒྱུར་བཅོས་བྱས་པ་བརྒྱུད།  རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་གསར་སྐྲུན་བྱེད་ཐབས་འདི་རྒྱལ་ཡོངས་ཀྱི་མདུན་གྲས་སུ་བསྐྱོད་ཡོད་ཟེར།

རྒྱལ་ཁབ་སྤྱི་གླིང་ནི་རང་རྒྱལ་གྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རིགས་གལ་ཆེན་གྲས་ཀྱི་གཅིག་ཡིན། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་འཛུགས་པ་ནི་སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་སྒྲིག་སྲོལ་བཅོས་སྒྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་ཚད་ལྡན་གཅིག་གྱུར་དང་ཕན་ནུས་མཐོ་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་བཙུགས་ན། ད་གཟོད་ལྷན་འདུས་ལྷན་འདྲེས་དང་ཕྱོགས་མང་པོར་དོ་དམ་བྱེད་པའི་ཐར་ཐོར་ཅན་གྱི་གནད་དོན་ནུས་ཡོད་སྒོས་ཐག་གཅོད་བྱེད་ཐུབ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་ཏང་ཨུའི་ཧྲུའུ་ཅི། ཅུའུ་ཀྲང་ལིས་ཞོ་ནན་གྱིས་བཤད་རྒྱུར། ཐོག་མར་སྒྲིག་སྲོལ་ཐད་ཀྱི་ཐར་ཐོར་གནད་དོན་ཐག་གཅོད་བྱས་ཚེ། ད་གཟོད་སྲུང་སྐྱོབ་ཐད་ཀྱི་ཐར་ཐོར་གནད་དོན་ཐག་གཅོད་བྱེད་ཐུབ། རང་བྱུང་ཐོན་ཁུངས་མ་ལག་ལ་ཆ་ཚང་རང་བཞིན་ལྡན་མོད། འོན་ཀྱང་དེ་ཐར་ཐོར་དུ་དོ་དམ་བྱས་ཚེ། དོ་དམ་ལེགས་པོ་བྱེད་མི་ཐུབ་པར་མ་ཟད་ད་དུང་རང་བྱུང་ཐོན་ཁུངས་ལ་གཏོར་བརླག་ཐེབས་ནས་སྲུང་སྐྱོབ་བཟང་བོ་བྱེད་མི་ཐུབ་པ་རེད། དེར་བརྟེན། མཚོ་སྔོན་གྱིས་རང་བྱུང་སྐྱེ་ཁམས་མ་ལག་དང་སྐྱེ་ཁམས་གོ་རིམ་གྱི་ཆ་ཚང་རང་བཞིན་ཁག་ཐེག་བྱེད་པའི་རྨང་གཞིའི་སྟེང་། ཚན་རིག་ལྟར་བཀོད་སྒྲིག་དང་ཚན་རིག་ལྟར་སྲིད་ཇུས་ལག་བསྟར་བྱས་ཏེ། སྡེ་ཁག་ཆེན་པོའི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་དང་། ལེགས་བཅོས་བསྐྱར་སྒྲིག་གི་སྲུང་སྐྱོབ་ཁུལ་སྣ་ཚོགས་འཛུགས་དགོས། སྔར་ཡོད་ཀྱི་སྲུང་སྐྱོབ་ཁུལ་སྣ་ཚོགས་ཀྱི་བྱེད་ནུས་བསྐྱར་སྒྲིག་དང་གཅིག་གྱུར་གྱིས་དོ་དམ་བྱས་ཏེ།  སྡེ་ཁག་མང་པོས་དོ་དམ་དང་འགན་ནུས་ལྷན་འདྲེས། འགན་འཁྲི་ཐར་ཐོར་བཅས་ཀྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་དགོས་ཟེར།

ལིས་ཞའོ་ནན་གྱིས་མུ་མཐུད་དུ་བཤད་རྒྱུར། གླིང་ཁུལ་གསུམ་གྱི་རྫོང་བཞི་ལ་སྡེ་ཁག་ཆེན་པོའི་ལམ་ལུགས་བཅོས་སྒྱུར་བྱས་ཏེ། རྫོང་སྲིད་གཞུང་གི་བཙུགས་གྲུབ་སྡེ་ཁག་དེ་སྔར་ཡོད་ཀྱི་ཉི་ཤུ་ནས་བཅོ་ལྔར་གཅིག་གྱུར་ཁུ་བསྡུ་བྱས་ཤིང་། སྐྱེ་ཁམས་དོ་དམ་དེ་དོ་དམ་ཨུ་ཡོན་ལྷན་ཁང་ལ་གཏོགས་པ་དང་། སྤྱི་ཚོགས་ཀྱི་དོ་དམ་གཞན་དག་ས་གནས་སྲིད་གཞུང་ལ་གཏོགས་པར་བྱས་ནས། རང་འགན་རང་འཁུར་དང་ཕན་ཚུན་གཞོགས་འདེགས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་དང་རྒྱལ་ཁོངས་བར་སྟོང་བེད་སྤྱོད་དོ་དམ་ཚོད་འཛིན་གྱི་གཅིག་གྱུར་གཉིས་ཀྱི་འགན་འཁྲི་མངོན་འགྱུར་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཐོན་ཁུངས་རྒྱུ་ནོར་གལ་ཆེན་རྒྱལ་ཁབ་ལ་དབང་བ་དང་དམངས་ཡོངས་མཉམ་སྤྱོད། མི་རབས་ནས་མི་རབས་བར་རྒྱུན་འཛིན་བཅས་བྱེད་པར་སྒྲིག་སྲོལ་གྱི་རྨང་གཞི་བཏིང་།

སྡེ་ཁག་མང་པོས་མཉམ་དུ་དོ་དམ་བྱེད་པ་ནས་སྡེ་ཁག་གཅིག་གིས་དོ་དམ་བྱེད་པ་ལག་བསྟར་བྱས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དེ་དཔྱད་གཞིར་འོས་པའི་ཉམས་མྱོང་ཅི་ཡང་མེད་པའི་གནས་ཚུལ་འོག་ཏུ། ལག་ལེན་བྱེད་ཞོར་དུ་ཕྱོགས་སྡོམ་བྱེད་པ་དང་། ཡང་ཡང་ལག་ལེན་དང་ཡང་ཡང་ཕྱོགས་སྡོམ་བྱས་པར་མ་ཟད། རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་བསྐྱོད་པ་རེད། དེ་ནི་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་ཏུ་བརྩིས་ཏེ། གོམ་གང་མདུན་སྤོས་སྒོས་དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གནས་བབ་གསར་བ་དང་ལས་འགན་གསར་བ། བླང་བྱ་གསར་བ་བཅས་ཚན་རིག་ལྟར་ཁོང་དུ་ཆུད་པར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན།

2018ལོའི་ལོ་མཇུག་ཏུ་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་གསར་བསྐྲུན་བྱས་ཏེ། ཤུགས་ཆེན་པོས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ་བའི་དཔེ་མཚོན་ཉམས་མྱོང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཁྱབ་གཟེངས་བསྟོད་ཐོབ།

དེ་ནི་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་འབབ་པར་ཁག་ཐེག་བྱེད་པ་དང་ནན་ནན་ཏིག་ཏིག་བཞི། ཆེས་ཆེ་བ་གསུམ་བཅས་སྐོར་གྱི་བླང་བྱ་གལ་ཆེན་ལ་དམ་པོར་དམིགས་ཏེ། མཚོ་སྔོན་ལ་རྐང་ཚུགས་པ་དང་རྒྱལ་ཡོངས་ལ་ཕྱོགས་པ། འཛམ་གླིང་ལ་བལྟ་བ། དོན་དངོས་ལ་མཐོང་ཆེན་དང་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཏེ། ནན་ནན་ཏིག་ཏིག་གིས་སྒྲིག་སྲོལ་ཚོད་ལྟའི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་ཆེན་པོ་ལེན་པའི་ནུས་ཡོད་ཀྱི་ཁག་ཐེག་ཡིན་པ་རེད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ནི་རང་རྒྱལ་གྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ལག་ལེན་གལ་ཆེན་དང་དཔེ་མཚོན་ཡིན་ལ། ལྗང་མདོག་གི་ཀྲུང་གོ་འཛམ་གླིང་ལ་བསྐྱོད་པའི་སྣང་བརྙན་བཟོ་སྐྲུན་ཞིག་ཡིན། མིག་སྔར་ཚོད་ལྟ་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་མངོན་གསལ་དུ་གྱུར་ཏེ།  2017ལོར་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ཚོགས་པ་སྐོར་ཐེངས་ཞེ་གསུམ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་རྟོག་ཞིབ་དང་སློབ་སྦྱོང་། བརྗེ་རེས་བྱེད་པར་བསྐྱོད་པ་དང་། 2018ལོར་ཚོགས་པ་སྐོར་ཐེངས་ལྔ་བདུན་ལ་བསླེབས་པ་རེད།

སྒྲིག་སྲོལ་ཚོད་ལྟ་བྱས་པའི་ཚུན་ལ། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་འགན་འཁྲི་དངོས་འབེབས་བྱས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འཐབ་ཇུས་གཞིར་བཟུང་སྟེ། བཅོས་སྒྱུར་གྱི་ཐབས་ལམ་འཚོལ་ཞིབ་དང་། སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱེད་པ་དེ་སྒྲིག་སྲོལ་ཚོད་ལྟའི་རྩ་བ་དང་བླ་སྲོག་ལྟ་བུར་བརྩིས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ལམ་ལུགས་གསར་སྐྲུན་སྔོན་ལ་ཁྱབ་སྤེལ་ཚོད་ལྟ་དང་དཔེ་སྟོན་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤོབས་པ་ཆེན་པོས་སྐྱེ་ཁམས་སྲུང་སྐྱོབ་ལམ་ལུགས་གསར་སྐྲུན་གྱི་ལག་ལེན་གསར་བར་སྐུལ་སྤེལ་བྱས་ནས། ཁྲིམས་བསྟར་དང་ལྗང་མདོག དམངས་ཡོངས། བློ་གྲོས་སོགས་གླིང་ཁུལ་འཛུགས་སྐྲུན་གྱི་འདུ་ཤེས་ཆེན་པོ་དགུ་གཏན་ལ་ཕབ་ཅིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་དང་ལམ་ལུགས། ཚད་གཞི། སྐྱེ་ཁམས་སྲུང་སྐྱོབ་སོགས་མ་ལག་བཅོ་ལྔ་རིམ་བཞིན་གྲུབ་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་དང་དཔེ་དབྱིབས་ལེགས་པོ་བསྐྲུན།

2017ལོའི་ཟླ་བརྒྱད་པར། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག》ལག་བསྟར་བྱས་པ་དེ་ལས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་ཁྲིམས་ལྟར་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཕྱོགས་ལ་དངོས་སུ་གོམ་པ་སྤོས་པ་མཚོན། 2018ལོའི་ལོ་མགོར། རྒྱལ་ཁབ་ཀྱིས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》དངོས་སུ་ཕྱི་ཕྱོགས་སུ་བསྒྲགས་པ་དེ་ནི། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་ཐོག་མ་ཡིན་ལ། རྒྱལ་ཁབ་སྤྱི་གླིང་གཞན་པའི་འཆར་འགོད་སྒྲིག་བཟོ་བྱེད་པར་ཉམས་མྱོང་བསགས་པ་དང་དཔེ་སྟོན་འདོན་སྤྲོད་བྱས་པ་རེད།

ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མཚོ་སྔོན་གྱིས་མགྱོགས་མྱུར་ངང་ཀྲུང་དབྱང་གི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱས། ཆེས་གཟབ་ནན་གྱི་སྐྱེ་ཁམས་སྲུང་སྐྱོབ་སྲིད་ཇུས་ལག་བསྟར་དང་། ཆེས་གཟབ་ནན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཚད་གཞི་ལག་བསྟར། ཆེས་གཟབ་ནན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཐབས་དངོས་འབེབས། ཆེས་གཟབ་ནན་གྱི་འགན་འཁྲི་རྩད་གཅོད་ལམ་ལུགས་ལག་ལེན་བྱས་ཏེ། དོན་ངོ་མའི་ཐོག་ནས་སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་བྱེད་པའི་འདུ་ཤེས་ཀྱིས་བྱ་བ་སྣ་ཚོགས་ལ་བཀོད་འདོམས་བྱེད་པ་དང་། མུ་མཐུད་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་ཏུ་གཏོང་བར་ནུས་ཤུགས་གང་ཡོད་བཏོན།

སྡེ་ཁག་ཆེན་པོ་དང་འགན་ནུས་ཡངས་པ་ཅན། ཕྱོགས་བསྡུས་རང་བཞིན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྲིད་འཛིན་ཐོན་ཁུངས་ཧྲིལ་བསྡུས་དང་དོ་དམ་རིམ་གྲས་ཉུང་འཕྲི། ཁུ་བསྡུ་དང་ནུས་མཐོ། གཅིག་གྱུར་བཅས་ཀྱི་སྲིད་འཛིན་དོ་དམ་སྒྲིག་གཞི་བཙུགས་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་གསར་བ་དང་རྐྱེན་སྲོལ་གསར་བ་འཚོལ་ཞིབ་བྱས་ནས་བཙུགས།

གཞན་ད་དུང་ཡུལ་ཤུལ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁྲིམས་ར་བཙུགས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་སྐྱོང་ཞིབ་འཇུག་ཚོགས་པ་སྒྲིག་འཛུགས་བྱས་ཤིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བཅའ་ཁྲིམས་བློ་འདྲིའི་ལམ་ལུགས་བཙུགས་ནས། ཁྲིམས་འཛིན་གྱི་ཐད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས།

ད་ལྟ་ང་ཚོས་མཐོང་བ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ནས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》དངོས་སུ་ལག་བསྟར་བྱས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་ནི་མཚོ་སྔོན་གྱི་དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རླབས་ཆེན་ལག་ལེན་དང་རྒྱུགས་གཞི་ཆེས་ལེགས་པོ་ཞིག་ཡིན་པ་རེད།

ལོ་ཙཱ་བ། སྒྲོལ་མ་སྐྱིད།