མཚོ་སྔོན་གྱི་དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན།  (གཉིས)
2019.05.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 49

 གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་ལས་མངོན་པ་ལྟར་ན།  2020ལོའི་བར་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཁྱོན་ཡོངས་ནས་འཛུགས་རྒྱུ་ཡིན་པ། ཁྲིམས་སྲོལ་དང་སྲིད་ཇུས་མ་ལག་རིམ་བཞིན་འཐུས་ཚང་དུ་གྱུར་བ་དང་། ཚད་གཞིའི་མ་ལག་རྩ་བའི་ཆ་ནས་གྲུབ་པ། དོ་དམ་འཁོར་སྐྱོད་ཇེ་ལེགས་སུ་སོང་སྟེ། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུ་ཡིན་པ་རེད། 2025ལོའི་བར་སྲུང་སྐྱོབ་དང་དོ་དམ་སྒྲིག་སྲོལ་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་འགྲོ་བ་དང་། ཁྲིམས་སྲོལ་སྲིད་ཇུས་མ་ལག་དང་ཚད་གཞིའི་མ་ལག་འཐུས་ཚང་དུ་འགྲོ་བ། དོ་དམ་འཁོར་སྐྱོད་གོ་རིམ་ལྡན་ཞིང་ཕན་ནུས་མཐོ་བའི་ཕྱོགས་སུ་བསྐྱོད་ངེས་རེད། 2035ལོའི་བར་སྲུང་སྐྱོབ་དང་དོ་དམ་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་འགྲོ་བ་དང་། སྲིད་འཛིན་དོ་དམ་ཁྱབ་ཁོངས་དང་སྐྱེ་ཁམས་མ་ལག་ཕན་ཚུན་མཐུན་སྦྱོར་ཡོང་བར་བྱས་ནས། གཙང་གསུམ་འབྱུང་ཡུལ་མགོ་ཁུངས་ཀྱི་རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་བྱེད་པ་མངོན་འགྱུར་དང་། དེང་རབས་ཅན་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་ཏེ། རང་རྒྱལ་འདི་ཉིད་རྒྱལ་ཁབ་སྤྱི་གླིང་གི་དཔེ་མཚོན་ཏུ་འགྱུར་བར་བྱེད་རྒྱུ་རེད།

《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》འགྲེལ་སྤེལ་བྱས་པ་དང་བསྟུན་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་འཆར་འགོད་དང་དོ་དམ་འཆར་འགོད། སྡོད་ཁུལ་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་ཆས་འཆར་འགོད། སྐྱེ་ཁམས་ཉམས་ཞིབ་དང་ཁོར་ཡུག་སློབ་གསོའི་འཆར་འགོད། ཐོན་ལས་འཕེལ་རྒྱས་དང་དམིགས་བསལ་བདག་གཉེར་འཆར་འགོད་བཅས་སྔ་རྗེས་སུ་སྒྲིག་བཟོ་བྱས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚན་རྩལ་ཞིབ་འཇུག་ཁྱབ་སྤེལ་དང་། སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་། དམིགས་བསལ་བདག་གཉེར། རྒྱལ་སྤྱིའི་མཉམ་ལས་བརྗེ་རེས་སོགས་དོ་དམ་བྱེད་ཐབས་ལམ་ལུགས་བཅུ་གཉིས་གཏན་འཁེལ་འགྲེམ་སྤེལ་བྱས།

སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་དང་སྲུང་སྐྱོབ་ལྟ་ཞིབ་ཚད་ལེན་སྒྲིག་ཆས། ཚན་རྩལ་ཁྱབ་སྤེལ་དང་སློབ་གསོའི་ཞབས་ཞུ་སྒྲིག་ཆས། གཞི་གྲངས་ཆེན་པོའི་ལྟེ་གནས་འཛུགས་སྐྲུན་སོགས་སྲུང་སྐྱོབ་ལས་གཞི་སུམ་ཅུ་གནད་སར་བཟུང་ནས་ལག་བསྟར་བྱས་ཏེ། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་བ་དང་། སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་ཉིན་བཞིན་མཐོར་འདེགས་བྱུང་ཞིང་། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་གྱུར།

ལོ་གསུམ་གྱི་རིང་ལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་སྟེ། ཆུ་བོའི་མགོ་ཁུངས་ལ་འཛད་མཐའ་མེད་པ་དང་། ཚེ་སྲོག་གི་བཞུར་རྒྱུན་ལ་ཉམས་པ་མེད་པར་ཁག་ཐེག་བྱས་ཏེ། བུ་རབས་ཚ་རྒྱུད་ལ་དག་གཙང་གི་ཞིང་ཁམས་ཤིག་བསྐྲུན་པར་འབད་བརྩོན་བྱས།

སྔ་གཞུག་ཏུ་ཐོག་མའི་གསར་སྐྲུན་རང་བཞིན་གྱི་བཅོས་སྒྱུར་ལས་གཞི་བརྒྱ་ལྷག་ལག་བསྟར་བྱས་ནས། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་འཚོལ་ཞིབ་ཀྱི་བགྲོད་ལམ་དུ་བསྐྱོད་པ་རེད།

རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་དུ་ཐོག་མར་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ་བ་དེ། ནུབ་རྒྱུད་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ་དང་ཐ་ན་རྒྱལ་ཡོངས་ཀྱི་ཆུ་བོའི་མགོ་ཁུངས་སུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བར་དཔེ་སྟོན་གྱི་དོན་སྙིང་ཅུང་ཆེན་པོ་ལྡན།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྟོང་ལོའི་ཇུས་ཆེན་ཡིན་ཞིང་། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱས་ཏེ། མི་དམངས་ལ་ཐོན་སྐྱེད་འཚོ་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་དང་། གོ་ལ་ཧྲིལ་བོའི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པར་བྱས་རྗེས་འཇོག་དགོས།

དེར་བརྟེན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་ཏང་ཨུའི་ཧྲུའུ་ཅིའམ་ཅུས་ཀྲང་ལིས་ཞའོ་ནན་གྱིས་བཤད་རྒྱུར།  ང་ཚོར་སྲུང་སྐྱོབ་སྔོན་མ་དང་རང་བྱུང་སླར་གསོ་གཙོ་བོ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དོ་དམ་གྱི་སྒྲིག་སྲོལ་རྐྱེན་སྲོལ་གསར་བསྐྲུན་བྱེད་པ་དང་། གོ་རིམ་ལྡན་པའི་སྒོ་ནས་སྤྱི་ཚོགས་ཟབ་ཞུགས་བྱེད་ཚད་རྒྱ་བསྐྱེད་དེ། མཇུག་མཐར་གཙང་གསུམ་འབྱུང་ཡུལ་མཉམ་འཛུགས་མཉམ་སྤྱོད་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཟེར།

སྐྱེ་ཁམས་ལྟ་སྲུང་པའི་ལས་རྐང་བཀོད་སྒྲིག་བྱེད་པ་ནི་ང་ཚོས་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལིས་ཞའོ་ནན་གྱིས་མུ་མཐུད་དུ་བཤད་རྒྱུར། རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་ལེགས་པོ་དང་མུ་མཐུད་དུ་བེད་སྤྱོད་བྱེད་པ་མངོན་འགྱུར་བྱེད་པའི་དཀྱིལ་སྙིང་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དཔེ་དབྱིབས་འཚོལ་ཞིབ་བྱེད་པ་དང་། ཕྱུགས་བཀག་དང་ཕྱུགས་ཇེ་ཉུང་དུ་བཏང་རྗེས་ཀྱི་འབྲོག་པ་མང་ཚོགས་རྒྱལ་ཁབ་སྤྱི་གླིང་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པའི་ཁྲོད་ཞུགས་པར་ཁྲིད་སྟོན་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ནང་གནས་སྒུལ་ཤུགས་སྐུལ་སྤེལ་བྱེད་རྒྱུ་དེ་རེད་ཟེར།

མིག་སྔའི་བར་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་སུ་འབྲོག་པ་མང་ཚོགས་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་སྐྱེ་ཁམས་ལྟ་སྲུང་པར་གྱུར་ཡོད་ལ། ཁོ་ཚོའི་ཁྲོད་ཀྱི་མང་ཆེ་བ་ཞིག་ནི་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་ཡིན་པ་རེད། ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་གི་ལམ་ལུགས་ཀྱིས་འབྲོག་པ་མང་ཚོགས་དེ་དག་གི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཞུགས་པའི་ཕུགས་འདུན་མངོན་འགྱུར་བྱས་ཤིང་། ཁྱིམ་ཚང་རེ་ལ་ཆ་སྙོམས་ཀྱིས་ལོ་རེར་སྒོར་ཁྲི་གཉིས་ཡན་གྱི་སྐྱེ་ཁམས་ལྟ་སྲུང་པའི་ཡོང་སྒོ་ཡོད་པས་ཁོ་ཚོས་དངོས་གནས་སྐྱེ་ཁམས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།

སྐྱེ་ཁམས་སྲུང་སྐྱོབ་ལ་མཐོང་ཆེན་བྱེད་པ་དང་ཆབས་ཅིག་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་སྟེ། འབྲོག་པ་མང་ཚོགས་དབུལ་ཐར་ཕྱུག་འགྱུར་དང་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་བར་གྱི་འབྲེལ་བ་ཁོང་དུ་ཆུད་པར་བྱས་ཤིང་།  ཚོད་ལྟའི་སྲིད་ཇུས་གཏན་འཁེལ་བྱེད་པའི་ཐད་ནས་སྐྱེ་ཁམས་སྲུང་སྐྱོབ་དང་གནད་ཕིགས་དབུལ་སྐྱོར་ཕན་ཚུན་ཟུང་འབྲེལ་དང་། འབྲོག་པ་མང་ཚོགས་ཡོངས་སུ་ཟབ་ཞུགས་དང་ཡོང་སྒོ་འཕར་སྣོན། ལས་བསྒྱུར་ལས་ཞུགས། ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་ཟུང་འབྲེལ་བྱས་ནས། འབྲོག་པ་མང་ཚོགས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཞུགས་པའི་བརྩོན་སེམས་དང་རང་རྟོགས་རང་བཞིན་སྐུལ་སྤེལ་ལེགས་པོ་བྱས།

གླེང་རིན་ཡོད་པ་ཞིག་ནི། མགོ་ལོག་ཁུལ་རྨ་སྟོད་རྫོང་གི་གཞི་རིམ་ཏང་འཛུགས་སྐྲུན་དང་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་གསར་སྐྲུན་བྱེད་པ་གཙོ་བོ་ཡིན་པའི་གནས་དྲུག་གཞི་གཅིག་གི་མཉམ་འཛུགས་མཉམ་བཅོས་དང་མཉམ་སྤྱོད་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་དཔེ་དབྱིབས་དེ་ཞིང་ཆེན་ཡོངས་སུ་ཁྱབ་སྤེལ་བྱས་ཤིང་།  རྨ་སྟོད་རྫོང་གི་དོན་དངོས་དང་མཐུན་པའི་ཐོན་སྐྱེད་འཚོ་བ་དང་སྐྱེ་ཁམས་མཉམ་འགུལ་དང་མཉམ་འདྲེས་འཕེལ་རྒྱས་ཀྱི་སྐྱེ་ཁམས་ཐབས་ལམ་དེས། རྫོང་ཡོངས་ཀྱི་སྐྱེ་ཁམས་ལྟ་སྲུང་པ་སྟོང་གསུམ་དང་བཞི་བཅུ་ཞེ་གཉིས་ལ“གཞི་རིམ་ཏང་འཛུགས་དང་སྐྱེ་ཁམས་སྲུང་སྐྱོབ། གནད་ཕིགས་དབུལ་སྐྱོར། བརྟན་འཇགས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ། བསམ་པའི་དཔལ་ཡོན། འོས་འགན་སློབ་གསོ”སོགས་ཀྱི་འགན་འཁྲི་བསྩལ་བ་དང་། འགན་དབང་འདྲ་མཉམ་མིན་པ་དང་། ལས་བྱེད་པས་སྒྲུབ་པ་དང་མང་ཚོགས་ཀྱིས་བལྟ་བ། ཞང་གྲོང་གི་སྒྲིག་ཁོངས་མི་གྲངས་ཉུང་བ། ཞབས་ཞུ་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས།

གནས་དྲུག་གཞི་གཅིག་གི་དྲ་མིག་ཅན་གྱི་དོ་དམ་གསར་སྐྲུན་ལག་བསྟར་བྱས་པ་བརྒྱུད། དགེ་འདུན་རྒྱ་མཚོ་དང་འདྲ་བའི་སྐྱེ་ཁམས་ལྟ་སྲུང་པ་དག་གི་འགན་འཁུར་གྱི་བསམ་པ་དང་འགན་འཁྲིའི་འདུ་ཤེས་ཉིན་རེ་བཞིན་ཇེ་དྲག་ཏུ་གྱུར། དུས་མཚུངས་སུ། ཞང་གྲོང་ལྟ་སྲུང་ས་ཚིགས་གསུམ་དང་སྡེ་བ་རིམ་པའི་ལྟ་སྲུང་རུ་ཁག་བཅུ་དགུ།  ལྟ་སྲུང་ཡན་ལག་རུ་ཁག་བརྒྱ་དང་ཉེར་གསུམ་གྱིས་རྨ་སྟོང་རྫོང་དུ“གཅིག་ཏུ་སྦྲེལ་ཞིང་ཡོངས་སུ་འདྲེས་པའི”དོ་དམ་མ་ལག་གྲུབ་པར་བྱས་པ་དང་། འབྲོག་པ་མང་ཚོགས་རིམ་བཞིན་རྩྭ་ས་བེད་སྤྱོད་མཁན་ནས་སྐྱེ་ཁམས་ལྟ་སྲུང་པར་གྱུར་ཏེ། མི་དང་སྐྱེ་ཁམས་ཁོར་ཡུག་འཆམ་མཐུན་མཉམ་གནས་ཡོང་བར་ཡར་སྐུལ་བཏང་།

འབྲོག་པ་མང་ཚོགས་རྩྭ་ས་བེད་སྤྱོད་མཁན་ནས་སྐྱེ་ཁམས་ལྟ་སྲུང་པ་དང་ཁེ་སྤོགས་མཉམ་སྤྱོད་མཁན་ཏུ་འགྱུར་བར་བྱེད་པ་དང་། འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་ཕན་ཚུན་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་གི་གཞི་ཁྱོན་ལུགས་མཐུན་སྒོས་རྒྱ་བསྐྱེད་པ་དང་། རྩྭ་ས་འོས་འཚམ་གྱིས་བེད་སྤྱོད་བྱེད་པར་དོ་སྣང་བྱེད་པ་སོགས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཡིས་ཆོས་ཉིད་འདི་དག་བརྩི་སྲུང་གང་ལེགས་བྱས།

སྐྱེ་ཁམས་དར་ན་དཔལ་ཡོན་དར། སྐྱེ་ཁམས་རྒུད་ན་དཔལ་ཡོན་རྒུད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་དང་། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ་རྒྱུན་འཁྱོངས། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཆེས་དམངས་ཕན་གྱི་བདེ་སྐྱིད་ཡིན་པ་རྒྱུན་འཁྱོངས། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་ནི་བདེ་སྡུག་ཐུན་མོང་ཚོགས་པ་ཡིན་པ་རྒྱུན་འཁྱོངས། ཆེས་གཟབ་ནན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ལག་བསྟར་བྱེད་པ་རྒྱུན་འཁྱོངས། མཉམ་དུ་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས། གོ་ལ་ཧྲིལ་བོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཐབས་ལམ་མཉམ་དུ་འཚོལ་ཞིབ་བྱེད་པ་རྒྱུན་འཁྱོངས་བཅས་བྱེད་པའི་དེང་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དེ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་གོ་རིམ་ཡོངས་སུ་ཁྱབ་ཡོད།

གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད། ལས་གཞི་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་ལ་ངོས་ཟིན་ཚད་མངོན་གསལ་སྒོས་ཇེ་དྲག་ཏུ་གྱུར་ཞིང་།  སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་བྱ་བའི་ཁྲོད་ཞུགས་པའི་སྤྲོ་སེམས་དང་བརྩོན་སེམས་ཆེས་ཆེར་ཇེ་མཐོར་སོང་སྟེ།  མུ་མཐུད་དུ་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་པར་སྤྱི་ཚོགས་ཀྱི་རྨང་གཞི་བཟང་བོ་བཏིང་།

ད་ལྟའི་མཚོ་སྔོན་དུ་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་མགོ་བརྩམས་ཟིན་པས་མདུན་ལྗོངས་སྔར་ལས་ཡངས་ཤིང་རྒྱ་ཆེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་མཚོ་སྔོན་གྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་བཅས་ཀྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཡོངས་སུ་འདྲེས་ཡོད་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནས་བབས་ཆེན་པོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་ལ་གསོན་ཤུགས་དང་རེ་བས་ཁེངས་ཡོད།

སྤོབས་པ་ཆེན་པོས་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱས་ཏེ། ཕྱོགས་ཡོངས་ནས་མཛེས་སྡུག་མཚོ་སྔོན་གྱི་བརྩེ་བ་མངོན་པར་བྱེད་ན། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། འཛམ་གླིང་ལ་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་དང་མཛེས་སྡུག་མཚོ་སྔོན་གྱི་བརྩེ་བ་མངོན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཚོན་པར་འབད་བརྩོན་ལྷོད་མེད་བྱེད་དགོས། ང་ཚོས་རྒྱུན་ཆད་མེད་པར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་དང་། སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་ཤུགས་རྒྱ་བསྐྱེད་ན། ད་གཟོད་མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་ཐུབ་ལ། མཚོ་སྔོན་གྱི་མཁའ་དབྱིངས་སྔར་ལས་སྔོ་ཞིང་བསངས་བ་དང་རི་བོ་སྔར་ལས་ལྗང་བ། ཆུ་མོ་སྔར་ལས་དྭངས་ཤིང་གཙང་བ། ཁོར་ཡུག་སྔར་ལས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཏུ་འགྱུར་ཐུབ་ངེས།

ལོ་ཙཱ་བ། སྒྲོལ་མ་སྐྱིད།