གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྔོ་ཁེབས་ཚད་བརྟན་བརླིང་ངང་འཕར་བ།
2019.05.16 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 19

 གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་གསལ་ལྟར་ན། སྐྱེ་ཁམས་སླར་གསོའི་འཕེལ་ཚད་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྩྭ་ས་དང་ནགས་སའི་སྐྱེ་སྟོབས་ཤིན་ཏུ་བཟང་ལ། རྩི་ཤིང་གི་ཁེབས་ཚད་བརྟན་བརླིང་ངང་གོང་འཕེལ་འགྲོ་བཞིན་ཡོད།

གཙང་གསུམ་འབྱུང་ཡུལ་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་ཏེ། དུས་རབས་སྔོན་མའི་ལོ་རབས70པ་ནས་བཟུང་། གནམ་གཤིས་ཀྱི་འགྱུར་ལྡོག་དང་མིས་བཟོས་རྒྱུ་རྐྱེན་གྱིས་ཡུལ་དེའི་སྐྱེ་ཁམས་ཇེ་ཞན་དུ་བཏང་། འདས་པའི་ལོ10ལྷག་གི་རིང་ལ། རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་དུ་སྒོར་དུང་ཕྱུར100ལྷག་བཏང་ནས་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་བྱས་པས་ཕན་འབྲས་མངོན་གསལ་ཐོབ། 2016ལོར། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཐོག་མའི་ཚོད་ལྟ་བྱེད་ས་དེ་གར་བཙུགས།

ཉེ་སྔོན་ཁྱབ་སྒྲོག་བྱས་པའི་ལྟ་ཞིབ་ཚད་ལེན་མཇུག་འབྲས་ལས་མངོན་པ་ལྟར་ན། 2018ལོའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་གི་རྩྭ་སའི་རྩི་ཤིང་གི་ཁེབས་ཚད་ལོ་སྔོན་མ་དང་བསྡུར་ན27.31%འཕེལ་ཡོད་ཅིང་། རྩྭའི་ཆ་སྙོམས་ཀྱི་མཐོ་ཚད་ལོ་སྔོན་མ་དང་བསྡུར་ན་ལི་སྨི0.84ཇེ་མཐོར་སོང་བ་དང་། རྩྭའི་ཐོན་ཚད་ཀྱི་སྤྱི་འབོར་ལོ་སྔོན་མ་དང་བསྡུར་ན་ཆ་སྙོམས་ཀྱིས13.29%ཡིས་ཇེ་མཐོར་སོང་ཡོད།

2018ལོར། གླིང་ཁུལ་གྱི་ཚད་ལྡན་ཤིང་གི་གསོག་འཇོག་ཚད་ལོ་སྔོན་མ་དང་བསྡུར་ན་སྨི་རྒྱ་དཔངས་གྲུ་བཞི་མ0.0001འཕར་ཡོད་ཅིང་། སྡོང་བོ་སྣ་ཚོགས་ཀྱི་གསོག་འཇོག་ཚད་ཆ་སྙོམས་ཀྱིས་དལ་མོར་འཕར་བཞིན་ཡོད། གླིང་ཁུལ་གྱི་སྡོང་ཕྲན་དག་གི་མཐོ་ཚད་ཆ་སྙོམས་ཀྱིས་ལི་སྨི3.68འཕར་ཡོད་ལ། སྡོང་ཕྲན་ནགས་ཚལ་དང་སྡོང་ཕྲན་རྩི་ཤིང་གི་ཚད་སྨི་གྲུ་བཞི་མ་རེར་ཁེ1འཕར་ཡོད།

ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། 2018ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བརླན་སའི་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་རྩི་ཤིང་གི་ཁེབས་ཚད་ལོ་སྔོན་མ་དང་བསྡུར་ན་ཆ་སྙོམས་ཀྱིས1%འཕར་ཡོད་ཅིང་། སྤྱི་ཡོངས་ནས་ཇེ་མཐོར་འགྲོ་བཞིན་པའི་གནས་བབ་མངོན། ལྟ་ཞིབ་ཚད་ལེན་བྱེད་ཁུལ་གྱི་མཚོན་བྱེད་དངོས་རྫས་ཀྱི་འཕེལ་རྒྱས་འགྱུར་ལྡོག་མངོན་གསལ་ཡིན་ལ། སྐྱེ་དངོས་ཀྱི་ཆ་སྙོམས་འཕེལ་ཚད4%ཡིན།

སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་བཟོ་འགོད་ཀྱི་སྐུལ་འདེད་འོག་ཏུ། 2018ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བྱེ་འགྱུར་ས་ཆའི་རྩི་ཤིང་གི་ཁེབས་ཚད་ལོ་སྔོན་མ་དང་བསྡུར་ན་ཆ་སྙོམས་ཀྱིས2%འཕར་ཡོད་པ་དང་། སྤྱིའི་སྐྱེ་དངོས་ཚད་སྨི་གྲུ་བཞི་མ་རེར་ཁེ1འཕར་ཡོད། །

གཞན་ཡང་གསར་འགོད་པས་རྒྱུས་ལོན་བྱུང་ལྟར་ན། མཚོ་སྔོན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར7བཏང་སྟེ་གཙང་གསུམ་འབྱུང་ཡུལ་གྱི་དུས་རིམ་གཉིས་པའི་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་རེད། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་དེ་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་དང་འཕེལ་རྒྱས་སུ་གཏོང་བའི་འགན་འཁྲི་གཙོ་བོ་རུ་བཟུང་ནས། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ཉེ་ལམ་མ་དངུལ་སྒོར་དུང་ཕྱུར7བཏང་སྟེ་གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། གཙོ་བོ་ས་ནག་ཐང་བཅོས་སྐྱོང་དང་། ནགས་ཤིང་སྡོང་ཕྲུག་རྟེན་གཞི་འཛུགས་སྐྲུན། གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན། ཐང་རྒོད་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་འཛུགས་སྐྲུན། མིས་བཟོས་ནགས་སྐྲུན། བརླན་ས་དང་གངས་རི་འཁྱག་རོམ་སྲུང་སྐྱོང་སོགས་ཀྱི་རྣམ་གྲངས་ཐད་བཀོལ་སྤྱོད་བྱ་རྒྱུ་རེད།

2013ལོར་གཙང་གསུམ་འབྱུང་ཡུལ་གྱི་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞི་སྤེལ་འགོ་བརྩམས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་དང་། སྤྲོད་དངུལ་སྔ་འདོན་སོགས་ཀྱི་རྣམ་པ་སྤྱད་དེ་སྔ་གཞུག་ཏུ་གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་ལས་གཞི་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་སོ་དྲུག་དང་བྱེ་བ་གཅིག་ས་ཡ་ལྔ་བཏང་སྟེ། ལས་གཞི་འཛུགས་སྐྲུན་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བར་འགན་སྲུང་ནུས་ལྡན་བྱས། ཐེངས་འདིའི་མ་དངུལ་དག་གཙོ་བོ་རྩྭ་ཐང་འབྲོག་ཁུལ་གྱི་མིའི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ་དང་རྩྭ་སར་ར་བསྐོར་བ་སོགས་ཀྱི་ཕྱུགས་ལས་ལས་དོན་སྤེལ་བར་བེད་སྤྱོད་བྱ་རྒྱུ་དང་། ཨ་བྲ་དང་འབུ་གསོད་པ་དང་། དུག་ལྡན་རྩྭ་ལྡུམ་མེད་པར་བཟོ་བ། སྤུས་ལེགས་ཕྱུགས་རྩྭ་ཁྱབ་སྤེལ་གཏོང་བ་སོགས་རྩྭ་ཐང་སྲུང་སྐྱོབ་དང་ལེགས་བཅོས་བྱེད་ཐབས་ཐད་རྒྱབ་སྐྱོབ་བྱ་རྒྱུ་ཡིན་པས། རྩྭ་ཐང་ཉམས་ཞན་དུ་འགྲོ་བའི་གནས་ཚུལ་རིམ་བཞིན་བཀག་འགོག་དང་། རྩྭ་ཕྱུགས་བར་གྱི་འགལ་བ་ཐག་གཅོད། བརླན་སའི་སྐྱེ་ཁམས་བྱེད་ནུས་མཐོར་འདེགས་གཏོང་བ། མཚེའུ་དང་ཆུ་ཁོངས་ཀྱི་རྒྱ་ཁྱོན་ཆེ་རུ་གཏོང་བ། འབབ་རྒྱུད་ཀྱི་ཆུ་འདོན་ནུས་བར་ཤུགས་སྣོན་བྱེད་པ་བཅས་ཀྱི་ཐད་འདེགས་སྐྱོར་དང་འགན་སྲུང་གྱི་ནུས་པ་ཐོན་ཡོད་པ་རེད།  །

དེ་མིན་ད་དུང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་གཉིས་བཏང་ནས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་ལ་རྒྱབ་སྐྱོར་བྱས། རྒྱུན་མཐུད་ངང་མདོ་ལ་རི་བོའི་མཐོ་སྒང་སྐྱེ་ཁམས་བདེ་འཇགས་ སྲུང་སྐྱོབ་བྱ་ཆེད། ཉེ་ལམ་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་གཉིས་བཏང་ནས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་སྤེལ་རྒྱུ་ཡིན་པ་དང་། གཙོ་བོར་བྱེ་འགྱུར་ཅན་གྱི་རྩྭ་ས་བཅོས་སྐྱོང་དང་ཉམས་ཞན་དུ་གྱུར་བའི་རྩྭ་སར་རྩྭ་འདེབས་པ། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་ཚོད་འགོག  གཟན་རྩྭ་རྟེན་གཞི་འཛུགས་སྐྲུན་བྱེད་པ། ས་ཆུ་སྲུང་འཛིན་སོགས་ལས་གཞི་ལག་བསྟར་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། 2013ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྔོན་གཏོང་དང་འགྲོ་གྲོན་སྔ་འདོན་སོགས་ཀྱི་རྣམ་པ་བརྒྱུད་དེ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་བརྒྱད་བཏང་སྟེ། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་ཆུའི་ཐོན་ཁུངས་ས་ཁུལ་གྱི་ནགས་རྩྭ་སྔོ་ཁེབས་ཁ་སྣོན་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་ཞིང་། རྩྭ་ས་དང་ནགས་ཚལ། ཞིང་ས། བརླན་སའི་སྐྱེ་ཁམས་མ་ལག་གི་སྐྱེ་ཁམས་དོ་མཉམ་དང་འཁོར་སྐྱོད་བཟང་བོ་མངོན་འགྱུར་བྱེད་པར་འདེགས་སྐྱོར་གཙོ་བོའི་འགན་སྲུང་ནུས་པ་འདོན་སྤེལ་བྱས།།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།