མཚོ་བྱང་ཁུལ་གྱིས་བཅོས་བསྒྱུར་འཕེལ་རྒྱས་ཐད་གྲུབ་འབྲས་ཆེན་པོ་བླངས་པ།
2019.05.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 31

 ཕྱུགས་ལས་ནི་འབྲོག་པ་མང་ཚོགས་ཀྱི་སྲོག་ཤིང་ཐོན་ལས་ཡིན། ཐོན་ལས་གཙོ་བོ་འདི་ཇི་ལྟར་གོང་དུ་སྤེལ་བ་དང་། འབྲོག་པ་མང་ཚོགས་ཀྱིས་ཐོན་ལས་གསར་སྐྲུན་དང་ཡོང་སྒོ་འཕར་བར་སྐུལ་འདེད་ཇི་ལྟར་གཏོང་རྒྱུ་ནི་མཚོ་བྱང་ཁུལ་སྲིད་གཞུང་གི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཏུ་གྱུར་ཡོད། ལོ་འགའི་རིང་ལ། མཚོ་བྱང་ཁུལ་གྱིས་དམིགས་ཚད་གཏན་འཁེལ་བྱས་ནས་ལྗང་མདོག་འཕེལ་རྒྱས་གཏོང་བ་དང་། ཁུལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཚན་རྩལ་གསར་སྐྲུན་བྱེད་པ། མཉམ་འདྲེས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་བཅས་ཀྱིས“བསྒྲུབ་གཞི”འདི་ལ་དགའ་འོས་པའི་རྒྱུགས་ཤོག་སྤྲད་ཡོད་པར་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་དམངས་ཕྱུག་ཐད་གྲུབ་འབྲས་ཆེན་པོ་བླངས་ཡོད།

རྩྭ་ཕྱུགས་མཉམ་སྒུལ་བྱས་ནས་སྐྱེ་ཁམས་ཕྱུགས་ལས་དང་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱུང་བ།

སྐྱེ་ཁམས་དམིགས་སུ་བཟུང་ནས་གོང་དུ་སྤེལ་བ་རྒྱུན་འཁྱོངས་བྱེད་པ་ནི། སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་བའི་ཆེས་མཐོའི་བླང་བྱ་ཡིན་ལ། རྩྭ་སར་བལྟས་ནས་ཕྱུགས་ཟོག་གཏན་འཁེལ་བྱེད་པ་དང་རྩྭ་ཕྱུགས་དོ་མཉམ་ཡོང་རྒྱུ་ནི་སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་བའི་སྲོག་ཤིང་ཡིན། མཉམ་ལས་ཁང་གི་མ་རྐང་ལམ་ལམ་ལུགས་བསྒྱུར་བཅོས་ཇེ་མགྱོགས་སུ་གཏོང་བ་ནི་སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་བའི་ཆེས་ལེགས་པའི་ཁ་ཕྱོགས་ཡིན་པ་དང་། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་མཉམ་རྒྱལ་ཡོང་བ་མངོན་འགྱུར་བྱེད་རྒྱུ་ནི་སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་བའི་མཐའ་མཇུག་གི་དམིགས་འབེན་ཡིན།

སྔོན་ཆད། ཆི་ལེན་རྫོང་འབྲོང་ལུང་ཞང་གསའ་ལུང་ཐང་ས་ཁུལ་དུ་འབྲོག་ཁྱིམ555དང་མི་གྲངས་སྟོང་གཉིས་དྲུག་བརྒྱ་གོ་གཉིས་ཡོད་ལ། རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་བདུན་སྟོང་གསུམ་སུམ་བརྒྱ་སོ་གསུམ་ཡོད་པའི་རྩྭ་སའི་སྟེང་དུ་ཕྱུགས་ཟོག་འབུམ་གཉིས་ཁྲི་བཞི་སྟོང་ལྔ་དྲུག་བརྒྱ་འཚོ་བཞིན་ཡོད། མཚོ་ངོས་ལས་ས་བབ་མཐོ་བ་དང་སྐྱེ་ཁམས་ཞན་པའི་ཁར། ཕྱུགས་ཟོག་ཚད་ལས་བརྒལ་བ་དང་ས་ནག་ཐང་གི་རྒྱ་ཁྱོན་ཇེ་ཆེར་སོང་བས་ཡོང་སྒོ་འཕར་དཀའ་བའི་གནད་དོན་སྔར་བས་འབུར་དུ་ཐོན་ཡོད།

ཕྱུགས་ཟོག་ཉུང་འཕྲི་བྱས་རུང་ཡོང་སྒོར་མི་གནོད་པ་དང་། ལྗང་མདོག་འཕེལ་རྒྱས་མངོན་འགྱུར་འབྱུང་བ་དང་རྩྭ་ས་ཇེ་ལེགས་སུ་གཏོང་ན་ཅི་ལྟར་བྱེད་དགོས།

ཁོ་ཚོས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ། ཧུར་ཐག་གིས་འབྲེལ་ཡོད་ཆེད་མཁས་པའི་ལྟ་བ་ཡང་དག་སྒོས་བསྡུ་ལེན་དང་། རྩྭ་ས“བཀག་འགོག་དང་བསྐྱིལ་གསོ། གཟན་རྩྭ་འདེབས་པ། རྩྭ་ས་དོ་དམ ”བཅས་ཀྱི་བཅོས་སྐྱོང་དཔེ་དབྱིབས་གསར་པ་སྤྱད་དེ་ས་ནག་ཐང་དང་བྱེ་འགྱུར་རྩྭ་ས་བཅོས་སྐྱོང་ཐད་གྲུབ་འབྲས་གསར་པ་བླངས། འབྲེལ་ཡོད་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལྟར་ན། 2016ལོའི་བར། གསའ་ལུང་ཐང་ས་ཁུལ་གྱི་སྔོ་ཁེབས་ཚད70%རུ་བསླེབས་པ་དང་། རྩྭའི་ཐོན་ཚད་སྤྱི་རྒྱ50ནས་སྤྱི་རྒྱ350ལ་འཕར་ནས་སྐྱེ་ཁམས་བཅོས་སྐྱོང་དང་རྩྭ་ཕྱུགས་མཉམ་སྒུལ་ཐད“མཉམ་རྒྱལ”གྱི་རྣམ་པ་མིག་ལམ་དུ་མངོན། གྲུབ་འབྲས་འདི་ལྟ་བུ་བརྩོན་ལེན་བྱེད་ཐུབ་པ་ནི་སྲིད་གཞུང་གི་ཁྲིད་སྟོན་དང་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད།

སྡོམ་རྩིས་བྱས་པ་ལྟར་ན། མཚོ་བྱང་ཁུལ་རྐང་ཚ་རྫོང་གིས་ལོ་རེར་མིའི་ཐབས་ཀྱིས་རྩྭ་ས་སྤྱི་ཆིང་སྟོང་གཉིས་འདེབས་འཛུགས་བྱེད་ཀྱིན་ཡོད་པས། རྩྭ་སའི་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཐོན་འཕར་ལེགས་བསྒྱུར་བྱུང་བ་དང་། ནུས་ལྡན་སྒོས་སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་བར་གཟན་རྩྭའི་དགོས་མཁོ་འགན་སྲུང་བྱས་པར་མ་ཟད། ད་དུང་མང་ཚོགས་སྐོར་ཞིག་གི་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱས་ནས། མཛེས་སྡུག་ལྡན་པའི་རྐང་ཚའི་རྩྭ་ཐང་སྟེང་རྩྭ་ཕྱུགས་མཉམ་དར་གྱི་རྣམ་པ་མངོན།

རྒྱུས་ལོན་པ་ལྟར་ན། མཚོ་བྱང་ཁུལ་དུ་སྤུས་ལེགས་གཟན་རྩྭ་དང་གཟན་ཆས་ཐོན་སྐྱེད་རྟེན་གཞི་མུའུ་འབུམ་གཉིས་ཁྲི་གཅིག་ཡོད་པ་དང་། གཟན་ཆས་ལས་སྣོན་བྱེད་ས4འཛུགས་སྐྲུན་བྱས་ཡོད། ཁུལ་ཡོངས་སུ་ཞིང་ཆེན་རིམ་པའི་ཁས་ལེན་ཐོབ་པའི་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ145འཛུགས་སྐྲུན་བྱས་ནས། མཚོ་བྱང་གི་སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་བར་སྲ་བརྟན་ནུས་ལྡན་གྱི་རྨང་གཞི་བཏིངས་ཡོད།

ཚན་རྩལ་གྱི་རམ་འདེགས་ལ་བརྟེན་ནས་སྐྱེ་ཁམས་ཕྱུགས་ལས་ལ་གསོན་ཤུགས་བསྣན་པ།

མཉམ་ལས་ཁང་གི་དང་ཐོག་གི་ལུ་གུ་གསོན་ཚད60%ཡིན་པ་ནས་ད་ལྟ98%ལ་འཕར་བ་དང་། ལོ་ཕྱེད་ལས་ལོན་མེད་པའི་ལུ་གུ་བཤས་རར་གཏོང་བའི་ལྗིད་ཚད་རྒྱ་མ30ལ་བསླེབས་པ་སོགས་དགའ་འོས་པའི་གྲུབ་འབྲས་འདི་དག་གི་ལྟེ་བ་ཚན་རྩལ་ལ་རག་ལས་ཡོད་པ་རེད། ཁྱད་པར་དུ“ལོ་གཉིས་ལ་ལུ་གུ་གསུམ་རྩེབས་ཐུབ་པའི”ཚོད་ལྟ་ལེགས་འགྲུབ་བྱུང་བས། འདིས་མཚོ་བྱང་ཁུལ་གྱིས་ཚན་རྩལ་གྱི་འདེགས་སྐྱོར་ལ་བརྟེན་ནས། མཐོ་སྒང་འབྲོག་ཁུལ་གྱི་འབྲོག་ལུག་གི་ཕན་འབྲས་མཐོ་བའི་གསོ་སྤེལ་གྱི་དཔེ་དབྱིབས་གསར་པ་ཞིག་འཚོལ་ཞིབ་བྱས་པ་རེད།

འབྲོག་ལུག་མ་མོས་ལོ་གཉིས་ལ་ལུ་གུ་ཐེངས་གསུམ་རྩེབས་པ་དང་། ནོར་གནག་གིས་ལོ་རེར་ཐེངས་རེ་རྩེབས་པའི་ལག་རྩལ་མགྱོགས་མྱུར་སྒོས་ཁྱབ་གདལ་དུ་གཏོང་ཆེད། མཚོ་བྱང་ཁུལ་སྲིད་གཞུང་རང་སྟེང་ནས་མ་དངུལ་སྒོར་ས་ཡ་ལྔ་འབུམ་གསུམ་ཁྲི་གསུམ་བཏང་སྟེ། ཁུལ་ཡོངས་ཀྱི་ཁྱབ་གདལ་དཔེ་སྟོན་ས་ཚིགས31དང་ཕྱུགས་ལས་སྡེ་བ77གྱི་ཁྱབ་གདལ་ཚོད་ལྟ་བྱེད་སར་རྒྱབ་སྐྱོར་དང་ཁ་གསབ་བྱས་ནས། ནོར་གནག་དང་འབྲོག་ལུག་གི་ཕན་འབྲས་མཐོ་བའི་གསོ་སྤེལ་ལག་རྩལ་ཁྱབ་གདལ་དུ་བཏང་བ་རེད།

ལུ་གུའི་གསོན་ཚད5%འཕར་བ་དང་། ཟླ6ལས་འགོར་མེད་པའི་ལུ་གུའི་ལྗིད་ཚད་དེ་སྲོལ་རྒྱུན་གསོ་སྟངས་ལས་སྤྱི་རྒྱ14ནས་སྤྱི་རྒྱ21ཇེ་མཐོར་སོང་ཡོད། མ་མོར་ཚན་རིག་ལྟར་གཟན་ཆས་སྟེར་བ་དང་། རྩྭ་སྐྱ་སྟེར་བའི་སྐབས་སུ་སྲོལ་རྒྱུན་གྱི་མ་མོ་གསོ་སྟངས་ལས་རྩྭ་སྐྱ་སྤྱི་རྒྱ8ཉུང་འཕྲི་བྱེད་ཐུབ་པར་མ་ཟད། ཤི་རྨས་ཐེབས་ཚད2%ཇེ་དམའ་རུ་སོང་ཡོད། གཟན་ཆས་ཁ་སྣོན་གྱི་མ་རྩ་ཕྱིར་འཐེན་བྱས་ན། མ་མོ100ཡི་ཡོང་སྒོ་སྒོར་ཁྲི6ལས་བརྒལ་བ་དེ་སྲོལ་རྒྱུན་གྱི་གསོ་སྟངས་ལས་ལྡབ2ཀྱིས་མཐོ་བར་མ་ཟད། ད་དུང་རང་བྱུང་རྩྭ་སའི་སྟེང་ཕྱུགས་འཚོ་བའི་གནོན་ཤུགས་དང་ཕྱུགས་ཤོངས་ཚད20%དམའ་རུ་གཏོང་ཐུབ།

མིག་སྔར། མཚོ་བྱང་ཁུལ་དུ་ཞིང་ཆེན་རིམ་པའི་ཁས་ལེན་ཐོབ་པའི་སྣེ་ཁྲིད་ཁེ་ལས6དང་། ཁུལ་རིམ་པའི་ཁས་ལེན་ཐོབ་པའི་སྣེ་ཁྲིད་ཁེ་ལས36ཡོད།

འདུ་ཤེས་བསྒྱུར་ནས་མཉམ་འདྲེས་འཕེལ་རྒྱས་ཀྱིས་འབྲོག་པའི་ཡོང་སྒོ་སྤར་བ།

གནས་སྐོར་ནི་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་བའི་སྦྲེལ་ཐག་ལྟ་བུར་གྱུར་ཡོད་པས། དེང་སྐབས་མཚོ་བྱང་ཁུལ་གྱིས་ཇེ་མང་དུ་འགྲོ་བཞིན་པའི་མཉམ་འདྲེས་རྒྱུ་མཉམ་བསྲེས་བྱེད་བཞིན་ཡོད།

“དམངས་ཀྱིས་བྱ་བཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད”པའི་ཚ་རླབས་ཤིག་མཚོ་བྱང་ས་ཁུལ་དུ་འཕྱུར་ཏེ། ཕྱུགས་ལས་ཐོན་རྫས་ལས་སྣོན་གཙོ་བྱས་པའི་སྦྲེལ་མཐུད་ཐོན་ལས་རྣམ་པར་རྒྱལ་ཏེ་ལས་རིགས་གསར་གཏོད་ཆེ་ཆུང་ཅི་རིགས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་དང་འབྱུང་བཞིན་ཡོད།

མིན་ཡོན་རྫོང་མདོ་ལ་རི་བོ་སྐྱེ་ཁམས་ཕྱུགས་རའི་གནས་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། སྐྱེ་ཁམས་ཕྱུགས་ར་དང་ཞིང་ཁྱིམ་སྤྲོ་སྐྱིད་ཁང་འཛུགས་སྐྲུན་བྱས་པ་དང་། མིན་ཡོན་ཆོན་ཁོའུ་གྲོང་རྡལ་གྱི་ཉ་མོ་གསོ་སྤེལ་སོགས་ཁྱད་ལྡན་གསོ་སྤེལ་ལ་རོགས་དངུལ་སྒོར་བྱེ་བ་གཅིག་ས་ཡ་གཉིས་བཏང་། རིམ་རྩིས་བྱས་ན་སྐྱེ་ཁམས་ཕྱུགས་ལས་མ་རྐང་ལམ་ལུགས་མཉམ་ལས་ཁང10གསོ་སྐྱོང་དང་། ཞིང་ཆེན་རིམ་པས་གཏན་འཁེལ་བྱས་པའི་ཆེད་ལས་མཉམ་ལས་ཁང20གསོ་སྐྱོང་བྱེད་པའི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་པར་མ་ཟད། ད་དུང་ཚོད་ལྟའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང10ཐེག་བྱེད་དུ་བཟུང་ནས་རྩྭ་ས་དང་དམངས་སྲོལ། ཁམས་གསེང་། ཉམས་ལེན་བཅས་གཞི་གཅིག་ཏུ་འདྲེས་པའི་འབྲོག་ཁུལ་གནས་སྐོར་ལས་རིགས་ཀྱི་རྣམ་པ་འཚོལ་ཞིབ་བྱེད་བཞིན་ཡོད། དེང་སྐབས། མཚོ་བྱང་ཁུལ་གྱིས་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ཕྱུགས་ལས་དཔེ་སྟོན་ཁུལ2དང་། ཞིང་ཆེན་རིམ་པའི་དེང་རབས་ཞིང་ཕྱུགས་དཔེ་སྟོན་ཁུལ2ལ་བརྟེན་ནས་རྒྱུན་ཆད་མེད་པར་ཕྱུགས་ལས་ཐོན་ལས་མཉམ་འདྲེས་ཀྱིས་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བཞིན་ཡོད། 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།