རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་སྲུང་བྱེད།(2)
2019.05.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

 རི་བཀག་ནགས་གསོ་དང་མིའི་ཐབས་ཀྱིས་ནགས་སྐྲུན། ད་ཡོད་ནགས་ཚལ་སྲུང་སྐྱོབ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་བཞི་དང་གྲངས་ཆུང་བརྒྱད་ནས་བརྒྱ་ཆའི་བདུན་དང་གྲངས་ཆུང་བཞི་གསུམ་ལ་འཕར་བ་དང་། ནགས་ཀྱི་ཆུ་ཁོངས་གསོ་སྐྱོང་དང་ས་ཆུ་སྲུང་འཛིན་གྱི་སྐྱེ་ཁམས་ཕན་འབྲས་རིམ་བཞིན་མངོན། བྱེ་འགྱུར་རྩྭ་ས་བཅོས་སྐྱོང་གི་ཚད་བརྒྱ་ཆའི་ཞེ་བདུན་དུ་ཇེ་མཐོར་སོང་ནས། བྱེ་མ་ཅན་དུ་འགྱུར་བའི་གནས་བབ་རིམ་བཞིན་བཀག་འགོག་ཐེབས།

གཙང་གསུམ་འབྱུང་ཡུལ་གྱི་ཆུ་ཁོངས་ཀྱི་བསྡུར་ཚད་བརྒྱ་ཆའི་བཞི་དང་གྲངས་ཆུང་བརྒྱད་དགུ་ནས་བརྒྱ་ཆའི་ལྔ་དང་གྲངས་ཆུང་བདུན་ཐིག་ལ་འཕར་སྣོན་བྱུང་བ་དང་བརླན་སའི་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་སྔོ་ཁེབས་ཀྱི་ཚད་བརྒྱ་ཆའི་བཞི་དང་གྲངས་ཆུང་དྲུག་བདུན་ལ་འཕར་སྣོན་བྱུང་སྟེ། དཔེ་སྟོན་ཁུལ་གྱི་སྐྱེ་དངོས་འཕར་ཚད་ཇེ་མཐོར་འགྲོ་བའི་རྣམ་པ་མངོན། ལོ་རེར་ཆ་སྙོམས་ཀྱིས་ཆུ་ཕྱིར་གཏོང་ཚད་དེ2005ལོ་ནས2012ལོའི་བར་དང་བསྡུར་ན་ལོ་རེར་ཆ་སྙོམས་ཀྱིས་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ང་དགུ་དང་བྱེ་བ་དྲུག་ས་ཡ་བདུན་འཕར་སྣོན་བྱུང་བ་དང་། ཆུའི་ཁོར་ཡུག་གི་སྤུས་ཚད་ཇེ་བཟང་དུ་སོང་ཡོད།

རྩྭ་ར་བསྐོར་བ་དང་ཉེན་བརྡའི་འགེལ་བྱང་ལས་བ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་པ་བརྒྱུད་དེ།  རྩྭ་སར་གཏོར་བརླག་གཏོང་ཚད་ཇེ་ཉུང་དུ་སོང་བ་དང་། བརླན་སའི་གཞི་ཁྱོན་མངོན་གསལ་དུ་འཕར་སྣོན་བྱུང་བ།   སྔོ་ཁེབས་ཀྱི་ཚད་རིམ་བཞིན་ཇེ་མཐོར་སོང་སྟེ། བརླན་སའི་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་ལེགས་པོ་ཐོབ་པ་དང་བརླན་སའི་བྱེད་ནུས་རིམ་བཞིན་ཇེ་དྲག་ཏུ་གྱུར། རིགས་དྭགས་གཙོད་དང་དགོ  ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་ཀྱི་གྲངས་ཀ་ལོ་རེ་བཞིན་ཇེ་མང་དུ་སོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་རིམ་བཞིན་སླར་གསོ་བྱུང་།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ལག་ལེན་བྱེད་ཞོར་དུ་འཐུས་ཚང་དུ་གཏོང་བ་དང་མཐོར་འདེགས་གཏོང་བ། སྐུལ་འདེད་གཏོང་བ་བཅས་བརྒྱུད་དེ།  ཚན་རིག་ལྟར་འཆར་འགོད་དང་ཕྱོགས་བསྡུས་མཐུན་སྦྱོར། དོ་དམ་རྐྱེན་སྲོལ། ཐོན་ཁུངས་ཧྲིལ་བསྡུས། ཚན་རྩལ་འདེགས་སྐྱོར་སོགས་ཀྱི་ཐད་ལག་ལེན་ཉམས་མྱོང་མང་པོ་བསགས་པ་དང་། ས་ནག་ཐང་ཕྱོགས་བསྡུས་བཅོས་སྐྱོང་དང་ཕྱུགས་རྩྭ་གསབ་འདེབས་སོགས་ཁྱབ་སྤེལ་དང་བཀོལ་སྤྱོད། དཔྱད་གཞིར་འཛིན་ཆོག་པ་བཅས་ཀྱི་དཔེ་དབྱིབས་དང་ལག་རྩལ་སྐོར་ཞིག་འཚོལ་ཞིབ་བྱུང་སྟེ། དུས་རབས་གསར་བར་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་གལ་ཆེན་ལག་བསྟར་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མ་ལག་ལེགས་བཅོས་བྱེད་པར་བྱེད་ཐབས་དང་ཉམས་མྱོང་ལེགས་པོ་འདོན་སྤྲོད་བྱས།

ཉེ་སྔོན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཆར་འགོད་ལག་བསྟར་དུས་སྐབས་བར་མའི་དཔྱད་ཞིབ་གདེང་འཇོག་བྱས། དཔྱད་ཞིབ་མཇུག་འབྲས་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་གྱུར་བ་རིམ་བཞིན་བཀག་འགོག་བྱུང་བ་དང་། སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ཇེ་བཟང་དུ་འགྲོ་བ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་བ། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་བརྟན་བརླིང་ངང་མཐོར་འདེགས་བྱུང་བ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་སྲ་བརྟན་ཏུ་གྱུར་ཡོད།

སྐྱེ་ཁམས་ལྟ་སྲུང་པ་ཞིག་ཡིན་པའི་ཆ་ནས། ཕ་ཡུལ་གྱི་རི་ཆུ་ནགས་ཚལ་དང་རྩྭ་ཐང་ལ་སྲུང་སྐྱོབ་བྱས་ནས་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི།   རང་ཉིད་ཆེས་དགའ་ཞིང་རང་རློམ་གྱི་བྱ་བ་ཞིག་ཏུ་བརྩིས་ཡོད། རྨ་སྟོད་རྫོང་གི་སྐྱེ་ཁམས་ལྟ་སྲུང་པ་ཚེ་དབང་རིག་འཛིན་ལ་མྱོང་ཚོར་ཟབ་མོ་ཞིག་ཡོད་པ་ནི་ཕ་ཡུལ་གྱི་རྩྭ་སྐྱེས་ཚད་བཟང་ཞིང་རི་སྐྱེས་སྲོག་ཆགས་ཇེ་མང་དང་ཁོར་ཡུག་ཇེ་ལེགས་ཡིན་པ་དེ་རེད།

རྫི་བོ་ཞིག་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་གྱུར་བའི་ཚེ་དབང་རིག་འཛིན་གྱིས་ཕྱུགས་འཚོ་མཚམས་བཞག་ནས། སྐྱེ་ཁམས་ལྟ་སྲུང་པའི་ལས་རྐང་དུ་ཞུགས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་གི་ལམ་ལུགས་ལག་བསྟར་བྱས་པ་ལས། ཚེ་དབང་རིག་འཛིན་ལྟ་བུའི་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་མང་པོ་ཞིག་དྲ་མིག་ཅན་གྱི་མི་སྣའི་སྤྱི་ཕན་ལས་རྐང་ཁྲོད་བཞག

དྲ་མིག་ཅན་གྱི་མི་སྣ་རེ་ལ་རྨང་གཞིའི་གླ་ཕོགས་དང་བྱས་འབྲས་གླ་ཕོགས་ཀྱི་རྣམ་པ་སྤྱད་དེ། ཟླ་རེའི་གླ་ཕོགས་སྒོར་ཆིག་སྟོང་བརྒྱད་བརྒྱ་དེ་རྨང་གཞིའི་གླ་ཕོགས་བརྒྱ་ཆའི་བདུན་ཅུ་དང་བྱས་འབྲས་གླ་ཕོགས་བརྒྱ་ཆའི་སུམ་ཅུའི་བསྡུར་ཚད་ལྟར། བྱང་བུ་གཅིག་གི་རྣམ་པས་ཁོ་ཚོར་བྱིན་ནས། འབྲོག་པ་མང་ཚོགས་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཞུགས་པའི་ཕུགས་འདུན་མངོན་འགྱུར་བྱས་པར་མ་ཟད། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་ལོ་རེར་ཡོང་འབབ་སྒོར་ཁྲི་གཉིས་ཡན་ཡོད་པར་བྱས།  སྐྱེ་ཁམས་ཀྱི་ཁེ་སྤོགས་ལོངས་སྤྱོད་ཐུབ་པ་བྱུང་བས། མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བརྩོན་སེམས་སྔར་ལས་ཇེ་དྲག་ཏུ་གྱུར།

སྐྱེ་ཁམས་ཕྱུགས་ལས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ཞིང་སྡེའི་ནུས་ཁུངས་འཛུགས་སྐྲུན། ནུས་རྩལ་གསོ་སྦྱོང་། ཕྱུགས་བསྐྱུར་རྩྭ་འདེབས། རྩྭ་ས་དང་ནགས་ཚལ་གྱི་གནོད་ལྡན་སྐྱེ་དངོས་འགོག་སྲུང་། ཞན་འགྱུར་རྩྭ་ས་བཅོས་སྐྱོང་། ས་ཆུ་སྲུང་འཛིན་སོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁྱད་སྟོབས་དེ་རིམ་བཞིན་འཕེལ་རྒྱས་ཁྱད་སྟོབས་སུ་བསྒྱུར་བ་དང་། སྐྱེ་ཁམས་ཁེ་སྤོགས་ཀྱི་ནུས་པའང་ཉིན་རེ་བཞིན་མངོན་གསལ་དུ་གྱུར། ཁྱད་པར་དུ་རྨོ་བསྐྱུར་རྩྭ་འདེབས་དང་ཕྱུགས་བསྐྱུར་རྩྭ་འདེབས། སྐྱེ་ཁམས་སྤྱི་ཕན་ནགས་ཀྱི་ཁ་གསབ། སྐྱེ་ཁམས་གནས་སྤོས་ཡུལ་མིའི་ཁ་གསབ། བརླན་སའི་སྐྱེ་ཁམས་ཁ་གསབ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་རྐྱེན་སྲོལ་སོགས་བཟོ་སྐྲུན་དང་སྲིད་ཇུས་ལག་བསྟར་བྱས་ཏེ། གཙང་གསུམ་འབྱུང་ཡུལ་དུ་ཀྲུང་དབྱང་ནོར་སྲིད་གཙོ་བོ་ཡིན་པ་དང་། ས་གནས་ནོར་སྲིད་ཕལ་བ་ཡིན་པའི་སྐྱེ་ཁམས་ཀྱི་ཁ་གསབ་མ་ལག་ཐོག་མར་བཙུགས་པས། སྐྱེ་ཁམས་ཀྱི་ཁ་གསབ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གྱུར།

སྐྱེ་ཁམས་ཕྱུགས་ལས་དང་སྐྱེ་ཁམས་གནས་སྐོར་གོང་དུ་སྤེལ་བ་དང་བསྟུན་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁེ་སྤོགས་རྒྱུན་མཐུད་སྒོས་འཕར་སྣོན་བྱུང་བ་དང་། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་བརྟན་འཇགས་སྒོས་ཇེ་མཐོར་སོང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྒྲོག་སྤེལ་བྱས་པའི་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་འཆར་འགོད་ཀྱི་དུས་སྐབས་བར་མའི་དཔྱད་ཞིབ་གདེང་འཇོག་མཇུག་འབྲས་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་གྱིས་གནས་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་དོན་དགུ་དང་བྱེ་བ་བཞི་ས་ཡ་བརྒྱད་མངོན་འགྱུར་བྱས་པ་དང་། ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་བདུན་ལྔ་འཕར་སྣོན་བྱུང་། དུས་མཚུངས་སུ།  མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་ཞིང་ཕན་སྲིད་ཇུས་སྣ་ཚོགས་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱས་པ་བརྒྱུད་དེ།  འབྲོག་པ་མང་ཚོགས་ལ་སྐྱེ་ཁམས་སྤྱི་ཕན་ལྟ་སྲུང་ལས་རྐང་བཙུགས་ནས་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་པ་དང་། ས་གནས་མང་ཚོགས་ཀྱི་ལོ་རེར་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་བདུན་སུམ་བརྒྱར་བསླེབས་ཏེ། འཚོ་བའི་ཆུ་ཚད་མངོན་གསལ་དུ་མཐོར་འདེགས་འབྱུང་བར་སྐུལ་འདེད་བཏང་།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་རྫ་ཆུའི་མགོ་ཁུངས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་འཆར་འགོད་ནོར་སྲིད་པུའུ་ཡི་པུའུ་ཀྲང་མུའུ་ཡུང་ཧོང་གིས་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་བ་ལས། ལས་གཞི་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་གྱི་ངོས་ཟིན་སྔར་ལས་ཇེ་ཟབ་ཏུ་གྱུར་པ་དང་། རང་རྟོག་སྒོས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་བྱ་བའི་ཁྲོད་ཞུགས་པའི་སྤྲོ་སེམས་དང་བརྩོན་སེམས་ཇེ་ཆེར་སོང་ཏེ། རྒྱུན་མཐུད་དང་གཏིང་ཟབ་སྒོས་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་པར་སྤྱི་ཚོགས་ཀྱི་རྨང་གཞི་ལེགས་པོ་བཏིང་།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་ཏང་ཨུའི་ཧྲུའུ་ཅིའམ་ཅུས་ཀྲང་ལིས་ཞའོ་ནན་གྱིས་བཤད་རྒྱུར།  སྤྱི་པའི་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་བ་བརྒྱུད་དེ། གླིང་ཁུལ་སོ་སོས་རྒན་པ་དང་བྱིས་པ་མཁར་གྲོང་དུ་གཅིག་བསྡུས་བྱེད་པར་སྐུལ་མ་བཏང་བ་དང་། རྩྭ་སའི་གནོན་ཤུགས་ཇེ་ཡང་དུ་བཏང་ནས། མི་དང་ཕྱུགས་ཟོག་ཇེ་ཉུང་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱས། ད་ལྟ། རྩྭ་སའི་འགན་གཙང་ལེན་བདག་གཉེར་གྱི་གཞི་རྩའི་ལམ་ལུགས་བརྟན་འཇགས་སུ་གྱུར་བ་དང་། གླིང་ཁུལ་གྱི་འབྲོག་པ་མང་ཚོགས་ཀྱི་རྩྭ་སའི་འགན་གཙང་ལེན་བདག་གཉེར་དབང་ཆ་མི་འགྱུར་བ་དང་། འབྲོག་པ་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པའི་རྨང་གཞིའི་སྟེང་། རྒྱལ་ཁབ་སྤྱི་གླིང་གིས་སྒྲིག་སྲོལ་ཚོད་ལྟ་བྱེད་སྐབས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གོང་དུ་སྤེལ་ནས། སྤོབས་པ་ཆེན་པོས་རྩྭ་སའི་འགན་གཙང་ལེན་བདག་གཉེར་དེ་རིམ་བཞིན་དམིགས་བསལ་བདག་གཉེར་ཕྱོགས་སུ་ཚོད་ལྟ་བྱེད་མགོ་བརྩམས་པ་དང་། འབྲོག་པ་མང་ཚོགས་ཀྱིས་སྤྱི་གླིང་སྐྱེ་ཁམས་ཉམས་ཞིབ་དང་ཁོར་ཡུག་སློབ་གསོའི་ཞབས་ཞུ། སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་བ་བསྒྲུབ་པར་སྐུལ་ལྕག་དང་རོགས་སྐྱོར། ཁྲིད་སྟོན་བཅས་བྱས་པས། འབྲོག་པ་མང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་སྤྱི་གླིང་དོ་དམ་བྱེད་པའི་ཁྲོད་ནས་བརྟན་འཇགས་ཀྱི་ཡོང་སྒོ་ཐོབ་པ་དང་། ས་གནས་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་འབྱུང་བར་སྐུལ་འདེད་བཏང་།

ལོ་ཙཱ་བ། སྒྲོལ་མ་སྐྱིད།