མཚོ་སྔོན་ཡུལ་ཤུལ་གྱི་མི་གསུམ་གྱིས་ཤྭ་བ་ཁ་སྐྱ་བསད་པར་ཉེས་ཆད་བཅད་པ།
2019.05.23 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 28

 ཟླ5ཚེས17ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་ཤུལ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་པའི་ཞུ་སྦྱོར་ཕྱི་མ་བ་ཚེ་ཆེ་གེ་མོ་དང་། རྡོ་ཆེ་གེ་མོ། སྐལ་ཆེ་གེ་མོས་ཁྲིམས་དང་མི་མཐུན་པར་རྩ་ཆེའི་རི་སྐྱེས་སྲོག་ཆགས་བསད་པའི་ཉེས་དོན་དམངས་དོན་ཞོར་འབྲེལ་སྤྱི་ཕན་གཏུག་བཤེར་གྱོད་གཞིའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཁྲིམས་རས་ཞུ་སྦྱོར་ཕྱི་མ་བ་གསུམ་ལ་ལོ་7ནས་5བར་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་མ་ཟད། མི་རེར་དངུལ་ཆད་སྒོར5000བཅད་པ་དང་། ཞུ་སྦྱོར་ཕྱི་མ་3གྱིས་ཁྲིམས་སར་དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་སྐྱིན་ཚབ་སྒོར་འབུམ་གཅིག་འཇལ་བ་དང་ཆབས་ཅིག་ཉེས་པ་ཁས་ལེན་བྱས་པ་རེད།

ཁྲིམས་ར་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་ཟླ་10བའི་ཚེས་24ཉིན་གྱི་ཆུ་ཚོད་22ཙམ་ལ་ཞུ་སྦྱོར་ཕྱི་མ་གསུམ་གྱིས་ཇུས་གཞི་སྔོན་བཀོད་བྱས་རྗེས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཁོངས་སུ་མེ་མདའ་ཁྱེར་ནས་ཤྭ་བ་ཁ་སྐྱ 5 ཁྲིམས་འགལ་ངང་བསད་པ་མ་ཟད། ཤྭ་རྭ་ཆ་5གཏུབ་པ་དང་ཤྭ་རྩ4གཅོད་འབྲེག་བྱས་པའི་དོན་དངོས་ཉེས་གསོག་བྱས་པ་རེད།

ཤྭ་བ་ཁ་སྐྱ་ནི་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་ཤྭ་བའི་རིགས་ཤིག་ཡིན་པ་དང་། ས་བབ་མཐོ་ཚད་སྨི་3000ནས་5000བར་དུ་འཚོ་སྡོད་བྱེད་ཅིང་། གཙོ་བོ་མདོ་དབུས་མཐོ་སྒང་དང་དེའི་མཐའ་མཚམས་ཁུལ་གྱི་རི་མཐོའི་རྩྭ་ཐང་དུ་ཁྱབ་ཡོད་ལ། གྲང་ངར་ཆེ་བའི་མཐོ་སྒང་དུ་འཚོ་བའི་སྲོག་ཆགས་ཀྱི་རིགས་ཤིག་ཡིན། རིགས་འདི་ནི་2013ལོར་འཛམ་གླིང་གི་རང་བྱུང་སྲུང་སྐྱོང་མནའ་འབྲེལ(IUCN)ནང་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་མིང་ཐོ་དམར་པོའི་ནང་ཚུད་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གྱོད་གཞི་འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱིས་ཁྲིམས་སར་དམངས་དོན་གུན་གསབ་དངུལ་སྤྲད་པའི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཐོག་མ་ཡིན་པ་དང་། ཁྲིམས་སར་འདྲི་གཅོད་བྱེད་རིང་དམངས་དོན་སྤྱི་ཕན་གཏུག་བཤེར་ཞུ་གཏུག་བྱེད་མཁན་གྱིས་ཁྲིམས་རར་འབྲེལ་ཡོད་དཔང་རྟགས་བསྟན་པ་དང་། ཞུ་སྦྱོར་ཕྱི་མ་བ་གསུམ་གྱིས་ཉེས་གསོག་དོན་དངོས་ངོས་ལེན་ཞུས་པ་རེད། ཞུ་གཏུག་བྱེད་མཁན་གྱིས་ཁྲིམས་རས་ཞུ་སྦྱོར་ཕྱི་མ་3ལ་དམངས་དོན་སྤྱི་ཕན་གཏུག་བཤེར་དངུལ་འཇལ་དགོས་པའི་བཀའ་བཏང་ནས་གནོད་འཚེ་ཕོག་པའི་སྐྱེ་ཁམས་སླར་གསོ་བྱ་རྒྱུར་སྤྱད་པ་དང་འབྲེལ་ས་གནས་དེ་གའི་སྨྱན་བྱད་ཐོག་ཡོངས་བསྒྲགས་ངང་དགོངས་སེལ་ཞུ་རྒྱུའི་རེ་བ་བཏོན་པ་རེད།

མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་སུ་གནས་པའི་མཚོ་སྔོན་ཡུལ་ཤུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་མགོ་ཁུངས་ཡིན་པ་དང་། དེ་གའི་ས་བབ་ནི་རི་མཐོ་ཞིང་མཚེའུ་དང་སྡོང་ཕྲན་ནགས་ཚལ། རྩྭ་ཐང་། ནགས་ཁུལ་སོགས་ཀྱིས་ཁྱབ་ཡོད་པས་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་ཞིག་རེད།

2018ལོའི་ཟླ་11པར་ཡུལ་ཤུལ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་མི་གཞན་པ་3གྱིས་ཁྲིམས་འགལ་ངང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཀྱི་གླ་བ་བསད་པའི་གྱོད་གཞི་གཞིར་བཟུང་གིས་ཁྲིམས་ཐག་བཅད་པ་དང་། ཞུ་སྦྱོར་ཕྱི་མ་བའི་དུས་བཀག་བཙོན་འཇུག་ལོ་5ནས་ལོ་4བར་སོ་སོར་ཁྲིམས་ཆད་བཅད་པ་མ་ཟད། དངུལ་ཆད་སྒོར་ཁྲི་10བཅད་པ་དང་དུས་མཚུངས་སུ་ཞུ་སྦྱོར་ཕྱི་མ་3གྱིས་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ལ་བཟོས་པའི་གྱོང་གུན་ལ་དམངས་དོན་གྱི་སྐྱིན་ཚབ་སྒོར་ཁྲི་9འཇལ་དགོས་པ་མ་ཟད། སྤྱི་ཚོགས་ལ་ཁྱབ་བསྒྲགས་ངང་དགོངས་སེལ་ཞུས། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།