སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་གཏིང་ཟབ་ཏུ་ལག་ལེན་བྱས་ཏེ། ཧུར་ཐག་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་རྐྱེན་སྲོལ་ལ་སྐུལ་འདེད་བཏང་།
2019.05.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

 གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་ཏང་ཨུའི་ཧྲུའུ་ཅིའམ་ཅུས་ཀྲང་ལིས་ཞའོ་ནན་གྱིས་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ནི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན་གལ་ཆེན་དང་དཔེ་མཚོན་ཆེན་པོ་ཞིག་ཡིན་ལ། ལྗང་མདོག་གི་ཀྲུང་གོ་འཛམ་གླིང་ལ་བསྐྱོད་པའི་སྣང་བརྙན་བཟོ་སྐྲུན་ཞིག་ཀྱང་ཡིན། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འཐབ་ཇུས་གཞིར་བཟུང་སྟེ། བཅོས་སྒྱུར་ཐབས་ལམ་འཚོལ་ཞིབ་དང་། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་དང་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལམ་ལུགས་གསར་སྐྲུན་ལ་སྐུལ་འདེད་བཏང་པ། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆའི་བར་གྱི་འབྲེལ་བ་མཐུན་སྦྱོར་ལེགས་པོ་བྱས་པ། སྡེ་ཁག་མང་པོས་དོ་དམ་བྱེད་པའི་གནས་བབ་བསྒྱུར་བཅོས་བྱས་པ། ཁྲིམས་འཛིན་ལྟ་སྐུལ་དོ་དོམ་ཐར་ཐོར་ཡིན་པའི་གནད་དོན་ཐག་གཅོད་བྱས་ནས། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་བཟང་པོ་དང་དཔེ་དབྱིབས་ལེགས་པོ་འདོན་སྤྲོད་བྱས།

གཅིག  རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་ནི་བདེ་སྡུག་ཐུན་མོང་ཚོགས་པ་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྡེ་ཁག་ཆེན་པོའི་དོ་དམ་སྒྲིག་སྲོལ་བཙུགས་པ་དང་། སྲུང་སྐྱོབ་ཁུལ་སྣ་ཚོགས་ལེགས་བཅོས་བསྐྱར་སྒྲིག་བྱས། ཞིང་ཆེན་དང་ཁུལ། རྫོང་། ཞང་། སྡེ་བ་བཅས་རིམ་པ་ལྔའི་ཕྱོགས་བསྡུས་དོ་དམ་མ་ལག་བསྐྱར་འཛུགས་བྱས་ཏེ། སྐྱེ་ཁམས་ཀྱི་གཙོ་རྒྱུ་སྣ་ཚོགས་སྲུང་སྐྱོབ་དང་གཞི་གཅིག་ཅན་གྱི་དོ་དམ་མངོན་འགྱུར་བྱས། གླིང་ཁུལ་གསུམ་ཡོད་སའི་རྫོང་བཞིར་སྡེ་ཁག་ཆེན་པོའི་ལམ་ལུགས་བཅོས་སྒྱུར་བྱས་པ་དང་། རྫོང་སྲིད་གཞུང་གི་བཙུགས་གྲུབ་སྡེ་ཁག་ཁུ་བསྡུ་བྱས་ནས། གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་རྫོང་སྲིད་གཞུང་གིས་ལུགས་དང་མཐུན་པར་ལས་བགོས་དང་གོ་རིམ་ལྡན་པའི་ངང་མཉམ་ལས་བྱེད་པའི་རྣམ་པ་བཟང་པོ་གྲུབ་པར་བྱས། སྲིད་ཇུས་སྣ་མང་ཐོན་པ་དང་འགན་ནུས་སྣོལ་སྡེབ། འགན་འཁྲི་ཁག་བགོས་སོགས་ཀྱི་དོ་དམ་སྒྲིག་སྲོལ་གྱི་གནད་དོན་རྩ་བ་ནས་ཐག་བཅད། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གཞི་གཅིག་ཅན་དུ་དོ་དམ་སྲུང་སྐྱོབ་བྱེད་པའི་རྩ་དོན་ལྟར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ནང་ཁུལ་གྱི་རང་བྱུང་སྲུང་སྐྱོབ་ཁུལ་དང་བརླན་ས་གལ་ཆེན། འཐུང་ཆུའི་འབྱུང་ཁུངས་སྲུང་སྐྱོབ་ཁུལ། རང་བྱུང་ཤུལ་བཞག་ཁུལ་སོགས་སྲུང་སྐྱོབ་ཁུལ་སྣ་ཚོགས་ཀྱི་བྱེད་ནུས་བསྐྱར་སྒྲིག་དང་ལེགས་བཅོས་ཧྲག་སྒྲིག་བྱས་ནས། གཅིག་སྡུད་གཅིག་གྱུར་གྱི་དོ་དམ་ལག་ལེན་བྱས་པ་དང་། གླིང་ཁུལ་གྱི་བྱེད་ནུས་ཡན་ལག་ཁུལ་སོ་སོའི་བར་གྱི་སྤྱི་ཡོངས་རང་བཞིན་དང་འབྲེལ་མཐུད་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཇེ་དྲག་ཏུ་བཏང་། གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་ཐོན་ཁུངས་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་རྟོག་ཞིབ་ནན་མོ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་ཐོན་ཁུངས་གཞི་གྲངས་སྟེགས་བུ་བསྐྲུན་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་ཐོན་ཁུངས་ཀྱི་རྒྱབ་ཤ་དཀར་པོའི་དཔེ་དེབ་ཁྱབ་སྤེལ་བྱས་ཤིང་། ཨ་ཆེན་གངས་རྒྱབའཛམ་གླིང་ཤུལ་བཞག་གི་མིང་ཐོའིཁྲོད་བཀོད་པར་ཆོག་མཆན་ཐོབ།

གཉིས། ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་གཟབ་ནན་གྱི་ཁྲིམས་སྐྱོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ལམ་ལུགས་དང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཡུན་ཕན་རྐྱེན་སྲོལ་གྲུབ་པར་སྐུལ་འདེད་བཏང་། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་ཐོག་མ་སྟེགཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོདབཟོ་སྒྲིག་ཁྱབ་སྤེལ་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་དང་དོ་དམ། སྡོད་ཁུལ་འཕེལ་རྒྱས་དང་རྨང་གཞི་འཛུགས་སྐྲུན་སོགས་ཆེད་དོན་འཆར་འགོད་བཟོ་སྒྲིག་བྱས། གོ་རིམ་ལྟར་དུགཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིགའགྲེམ་སྤེལ་ལག་བསྟར་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚན་རྩལ་ཞིབ་འཇུག་དང་ཚན་རྩལ་ཁྱབ་སྤེལ། སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་སོགས་དོ་དམ་བྱེད་ཐབས་བཅུ་གཉིས་པར་སྐྲུན་འགྲེམ་སྤེལ་བྱས། ད་ཡོད་ཀྱི་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས། ས་གནས་ཀྱི་ཚད་གཞི་བཅས་ཀྱི་ལྟར་དུ། གཙང་གསུམ་འབྱུང་་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་ཚད་གཞི་དང་ལག་རྩལ་ཚད་གཞིའི་ཕྱོགས་སྟོནབཟོ་སྒྲིག་འགྲེམ་སྤེལ་བྱས་ཏེ། མིག་སྔའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དོ་དམ་བྱ་བའི་ལག་བསྟར་ཚད་གཞི་དང་དཔེར་ལྟའི་ཚད་གཞི་གསལ་བོ་བྱས།

གསུམ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འབྲོག་པ་མང་ཚོགས་མཉམ་སྐྲུན་ཁྲོད་ཞུགས་པའི་རྐྱེན་སྲོལ་བཙུགས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་ཏུ་བཏང་། འབྲོག་པ་མང་ཚོགས་དབུལ་ཐར་ཕྱུག་འགྱུར་དང་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་བར་གྱི་འབྲེལ་བ་ཡང་དག་པས་ཁོང་དུ་ཆུད་པར་བྱས་ཏེ། སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་གི་རྐྱེན་སྲོལ་བཙུགས་པ་དང་། ཁྱོན་ཡོངས་ནས་གླིང་ཁུལ་དུ་ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་གི་ཐབས་ལམ་མངོན་འགྱུར་བྱས། ལོ་གསུམ་གྱི་རིང་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གསུམ་ས་ཡ་བཞི་བཏང་བ་དང་། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་ལོ་རེར་ཡོང་སྒོ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱ་འཕར་སྣོན་བྱུང་བར་མ་ཟད། བསམ་ཡུལ་ལས་འདས་པའི་ཆག་སྒོའི་ཉེན་ཚབ་གཅིག་གྱུར་གྱིས་ཉོས་པ་དང་། འབྲོག་པ་མང་ཚོགས་དབུལ་ཕོངས་ལས་ཐར་བ་དང་དབུལ་ཕོངས་ཇེ་ཉུང་དུ་གཏོང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་མ་མཐའི་འཚོ་བ་འགན་སྲུང་གི་ནུས་པ་འདོན་སྤེལ་བྱས། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གི་རྩ་འཛུགས་ཅན་གྱི་དོ་དམ་སྲུང་སྐྱོབ་དང་དྲ་མིག་ཅན་གྱི་བསྐོར་ཞིབ་ལ་སྐུལ་འདེད་བཏང་ཏེ། ཞང་གྲོང་གི་དོ་དམ་སྲུང་སྐྱོབ་ས་ཚིགས་དང་སྡེ་བ་རིམ་པའི་དོ་དམ་སྲུང་སྐྱོབ་རུ་ཁག  དོ་དམ་སྲུང་སྐྱོབ་ཡན་ལག་རུ་ཁག་བཅས་སྒྲིག་འཛུགས་བྱས་པ་དང་། འབྲོག་པ་མང་ཚོགས་རིམ་བཞིན་རྩྭ་ས་བེད་སྤྱོད་བྱེད་མཁན་ནས་སྐྱེ་ཁམས་ལྟ་སྲུང་པར་འགྱུར་བར་བྱས་ཏེ། མི་དང་སྐྱེ་ཁམས་ཁོར་ཡུག་འཆམ་མཐུན་མཉམ་གནས་ཡོང་བར་ཡར་སྐུལ་བཏང་།

བཞི། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པའི་འདུ་ཤེས་བཙུགས་པ་དང་། ལྗང་མདོག་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན། བརླན་ས་སྲུང་སྐྱོབ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་ཀྱི་ལས་གཞི་དག་གཙོར་བཟུང་ནས་ལག་བསྟར་བྱས། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གོང་དུ་སྤེལ་ནས། སྤོབས་པ་ཆེན་པོས་རྩྭ་སའི་འགན་གཙང་ལེན་བདག་གཉེར་དེ་རིམ་བཞིན་དམིགས་བསལ་བདག་གཉེར་ཕྱོགས་སུ་བསྒྱུར། འབྲོག་པ་མང་ཚོགས་ཀྱིས་སྤྱི་གླིང་གི་སྐྱེ་ཁམས་ཉམས་ཞིབ་དང་ཁོར་ཡུག་སློབ་གསོའི་ཞབས་ཞུ་སོགས་ཀྱི་བྱ་བ་སྒྲུབ་པར་སྐུལ་ལྕག་ཁྲིད་སྟོན་དང་རོགས་སྐྱོར་བྱས་ཏེ། ཁོ་ཚོ་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་པ་དང་སྤྱི་གླིང་དོ་དམ་བྱེད་པའི་ཁྲོད་ནས་བརྟན་འཇགས་དང་ཡུན་རིང་གི་ཕན་འབྲས་ཐོབ་པར་སྐུལ་འདེད་བྱས། གླིང་ཁུལ་གྱི་སྡེ་བ་བཞི་དང་ཨ་ཆེན་གངས་རྒྱབ་ཀྱི་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་རྐྱེན་སྲོལ་གྱི་དཔེ་སྟོན་སྡེ་བ་འཛུགས་པའི་ཚོད་ལྟའི་བྱ་བ་སྤེལ།

ལྔ། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཆེས་དམངས་ཕན་གྱི་དམངས་ཚིས་བདེ་སྐྱིད་ཅིག་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་ཇེ་མགྱོགས་སུ་བཏང་བ་དང་། རྒྱུན་ཆད་མེད་པར་མི་དམངས་ཀྱི་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་བསྐངས། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་མཉམ་ལས་རྐྱེན་སྲོལ་བཙུགས་པ་དང་། ཡུལ་ཤུལ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁྲིམས་ར་བཙུགས་པ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་སྐྱོང་ཞིབ་འཇུག་ཚོགས་པ་སྒྲིག་འཛུགས་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བཅའ་ཁྲིམས་བློ་འདོན་ལམ་ལུགས་བཙུགས་ཏེ། ཁྲིམས་འཛིན་ཐད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས། སྔ་གཞུག་ཏུ་ཆུ་གཙང་བཟོ་སོགས་ཀྱི་ཆེད་དོན་བྱ་འགུལ་དང་རྒྱུན་སྲོལ་བསྐོར་སྲུང་ཁྲིམས་འཛིན་བྱ་འགུལ་སྤེལ་ཏེ། ཁྲིམས་ལྟར་གླིང་ཁུལ་དོ་དམ་དང་འཛུགས་སྐྲུན་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་བཏང་། ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་ལེགས་སྒྲིག་བྱེད་པའི་བྱ་བ་ནན་ནན་ཏིག་ཏིག་གིས་སྤེལ་བ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ། དེ་མིན་ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་ས་ཁུལ་གྱི་མིའི་རིགས་ཀྱི་འགུལ་སྐྱོད་རྗེས་ཤུལ་ལ་ཞིབ་དཔྱད་བྱས་ནས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱས།

དྲུག  སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དམངས་ཡོངས་ཀྱི་བྱ་སྤྱོད་འདུ་ཤེས་ཇེ་དྲག་ཏུ་བཏང་ཏེ། ཐོན་ཁུངས་རིགས་སྣ་ཚོགས་ཀྱི་ཁྱད་སྟོབས་གཅིག་གྱུར་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་རྨང་གཞི་སྲ་བརྟན་དུ་བཏང་། ཀྲུང་གོའི་མཁའ་སྐྱོད་ཚན་རྩལ་སྡེ་ཚོགས་དང་ཀྲུང་གོའི་ཚན་རིག་གླིང་སོགས་དང་འཐབ་ཇུས་མཉམ་ལས་འབྲེལ་བ་བཙུགས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་གཞི་གྲངས་ཆེན་མོའི་ལྟེ་གནས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་དང་། ཆེས་གསར་བའི་འཁོར་སྐར་རྒྱང་ཚོར་ལག་རྩལ་བཀོལ་སྤྱོད་ལེགས་པོ་བྱས་ཏེ་ས་ཁོངས་ཡོངས་ཀྱི་སྐྱེ་ཁམས་ལ་ལྟ་ཞིབ་ཚད་ལེན་བྱས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོའི་ཚན་རིག་གླིང་དང་མཉམ་འབྲེལ་སྒོས་ཀྲུང་གོའི་ཚན་རིག་གླིང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཞིབ་འཇུག་གླིང་སྒྲིག་འཛུགས་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚན་རྩལ་ཞིབ་འཇུག་དང་ཚན་རྩལ་ཆུ་ཚད་ཇེ་དྲག་ཏུ་བཏང་། ཞིང་ཆེན་དང་ཁུལ། རྫོང་། ཞང་བཅས་ཀྱི་ལས་བྱེད་པ་དང་སྐྱེ་ཁམས་ལྟ་སྲུང་པ། ལག་རྩལ་མི་སྣ་སོགས་རྩ་འཛུགས་བྱས་ནས་གསོ་སྦྱོང་བྱས་པ་དང་། མཚོ་སྔོན་སློབ་གྲྭ་ཆེན་མོའི་སྐྱེ་ཁམས་ཁོར་ཡུག་བཟོ་སྐྲུན་སློབ་གླིང་ནས་རྒྱལ་ཁབ་སྤྱི་གླིང་ཕྱོགས་ཀྱི་འབྲེལ་ཡོད་བསླབ་ཚན་བཀོད་སྒྲིག་བྱས། འཛམ་གླིང་རང་བྱུང་ཐེབས་རྩྭ་ཚོགས་པ་སོགས་སྤྱི་ཚོགས་རྩ་འཛུགས་དང་ཁེ་ལས་དང་འཐབ་ཇུས་མཉམ་ལས་སྤེལ། མདོ་དབུས་མཐོ་སྒང་གི་རང་བྱུང་སྲུང་སྐྱོབ་ཁུལ་གསར་བའི་སྐབས་དྲུག་པའི་མཉམ་འབྲེལ་བྱ་བའི་གྲོས་ཚོགས་རྩ་འཛུགས་བྱས་ནས་བསྡུས་པ་དང་། ཞིན་ཅང་དང་བོད་ལྗོངས། ཀན་སུའུ། ཡུན་ནན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་མཉམ་དུ་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ཁུལ་བར་གྱི་མཉམ་ལས་རྐྱེན་སྲོལ་བཙུགས། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་བཞུར་རྒྱུད་ཀྱི་ཞིང་ཆེན་དང་མཉམ་འབྲེལ་སྒོས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྐྱེན་སྲོལ་མཐུན་སྦྱོར་ངང་འཛུགས་བཞིན་ཡོད།

བདུན། གོ་ལ་ཧྲིལ་བོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འཚོལ་ཞིབ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་ལ་ཁ་ཕྱོགས་པའི་སྒོ་འབྱེད་རང་བཞིན་གྱི་སྤྱི་གླིང་འཛུགས་སྐྲུན་དང་རྒྱལ་སྤྱིའི་མཉམ་ལས་བརྗེ་རེས་དང་དྲིལ་སྒྲོག་ངོ་སྤྲོད་ལ་ཤུགས་སྣོན་བྱས། ཨ་མེ་རུ་ཀའི་ཧོང་ཧྲི་དང་ཁ་ན་ཏའི་པན་ཧྥུའུ། ཨེ་ཁྭ་ཏོར། ཀྲི་ལི་བཅས་ཀྱི་རྒྱལ་ཁབ་སྤྱི་གླིང་དང་མཉམ་དུ་མཉམ་ལས་བརྗེ་རེས་ཀྱི་གྲོས་མཐུན་དངོས་སུ་བཀོད། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་བཤེས་མཐུན་ཚོགས་རིག་གནས་བརྗེ་རེས་པུའུ་དང་མཚོ་སྔོན་ཞིང་ཆེན་ཕྱི་ཕྱོགས་ལས་དོན་གཞུང་སྒྲུབ་ཁང་དང《ཕྱོགས་གསུམ་གྱི་མཉམ་ལས་སྒྲོམ་གཞིའི་བརྗེད་ཐོ》བཀོད་དེ། མཉམ་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་། གདན་དྲངས་པ་ལྟར་འཇར་མན་ལེ་ཧྥ་ཀྲིག་གི་རིག་གནས་ཤུལ་བཞག་ཞིབ་འཇུག་དང་སྲུང་སྐྱོབ་སྤྱི་ཁྱབ་ཅུའུ་ཡིས་སྒྲུབ་པའི་རིག་གནས་བརྗེ་རེས་བྱ་འགུལ་རབ་དང་རིམ་པར་ཞུགས་པ་དང་། ཨེ་ཅིབ་ལ་སོང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་གྲོས་ཚོགས་ཐེངས་བཅུ་བཞི་བར་ཞུགས་པར་མ་ཟད། ཀྲུང་གོའི“མི་དང་སྐྱེ་དངོས་མུ་ཁྱུད་འཆར་གཞིའི”རྒྱལ་ཁབ་ཨུ་ཡོན་ལྷན་ཁང་ནང་ཞུགས། ཀྲུང་དབྱང་གི་སྨྱན་བྱད་གཙོ་བོ་བརྒྱུད་ནས་བསྟུད་འགོད་ཆེད་སྒྲིག་ལེ་ཚན་སྟོང་གཉིས་སྤེལ་བ་དང་། རྒྱལ་ཡོངས་ཀྱི་སྨྱན་བྱད་ལྔ་བཅུ་ང་བཞི་དང་མཉམ་འབྲེལ་སྒོས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྒྱལ་ཡོངས་སྨྱན་བྱད་མཉམ་བསྐྱོད་བཅར་འདྲིའི་བྱ་འགུལ་ཆེན་པོ་སྤེལ།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྣང་བརྙན་མཚོན་རྟགས་དང་ངོས་འཛིན་མ་ལག་འཚོལ་སྡུད་གཏན་འཁེལ་བྱས་པར་མ་ཟད་ཁྱབ་བསྒྲགས་བྱས།   《ཀྲུང་ཧྭའི་ཆུ་མཛོད》དང《ལྗང་མདོག་གི་གཙང་གསུམ་འབྱུང་ཡུལ》ཞེས་པའི་དངོས་བཤུས་གློག་བརྙན་དང་དེ་མིན་རྒྱལ་ཁབ་སྤྱི་གླིང་གི་བརྡ་ཁྱབ་གློག་བརྙན་བཅུ་དགུའི་ཕབ་སྐྲུན་དང་སྒྲིག་སྦྱོར། བརྒྱུད་གཏོང་སོགས་ཀྱི་བྱ་བ་ཡོངས་འགྲུབ་བྱས་པ་དང་། ཁྱད་པར་དུ《ཀྲུང་ཧྭའི་ཆུ་མཛོད》ཞེས་པའི་དངོས་བཤུས་གློག་བརྙན་ལ་རྒྱལ་ཡོངས་ཀྱི་ཕུལ་དུ་བྱུང་བའི་དངོས་བཤུས་གློག་བརྙན་བཅུའི་བྱ་དགའ་དང་ཁྱད་དུ་འཕགས་པའི་བརྙན་ཕབ་བྱ་དགའ་ཐོབ།

བརྒྱད། ལྗང་མདོག་འཕེལ་རྒྱས་ཀྱི་རྩ་དོན་རྒྱུན་འཁྱོངས་དང་ཆེས་ཆེ་བ་གསུམ་ལག་ལེན་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བ་སྤེལ། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་སྐྱེ་ཁམས་ཡིན་པ། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་དང་མཉམ་དུ་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་། གོམ་གང་མདུན་སྤོས་སྒོས་རྩེ་གྲས་ཀྱི་ཇུས་འགོད་ལ་ཤུགས་སྣོན་དང་དོ་དམ་སྒྲིག་སྲོལ་ལེགས་སྒྲིག འཁོར་སྐྱོད་རྐྱེན་སྲོལ་གསར་སྐྲུན། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། སྲིད་ཇུས་ཀྱི་རྒྱབ་སྐྱོར་འཐུས་ཚང་དུ་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་དོ་དམ་ཚན་རིག་དང་མཐུན་ཞིང་གྲུབ་ཚུལ་ལུགས་དང་མཐུན་པ། སྲུང་སྐྱོབ་ནུས་ལྡན་ཡིན་པ། དོ་དམ་ལ་ཕན་ནུས་ལྡན་པའི་རང་བྱུང་སྲུང་སྐྱོབ་མ་ལག་བཙུགས་ནས། རང་བྱུང་སྐྱེ་ཁམས་མ་ལག་དང་རང་བྱུང་ཤུལ་བཞག  རང་བྱུང་མཛེས་ལྗོངས། སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་ཆ་ཚང་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་སྲུང་སྐྱོབ་ཐོབ་པར་ཁག་ཐེག་བྱས་པ་དང་།  ཐོག་དང་པོར་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་མ་ལག་བཙུགས་ཏེ། རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་དང་མཛེས་སྡུག་མཚོ་སྔོན་གྱི་བརྩེ་བའི་ཡིད་དབང་འགུག་ཤུགས་མངོན་པར་བྱས་ནས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ཉམས་མྱོང་འདོན་སྤྲོད་དང་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།

ལོ་ཙཱ་བ། སྒྲོལ་མ་སྐྱིད།