2018ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་ལྗང་བསྒྱུར་གྱི་སྤྱིའི་གནས་ཚུལ།
2019.05.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

 མཚོ་སྔོན་ཞིང་ཆེན་ལྟེ་གནས་ཟི་ལིང་གྲོང་ཁྱེར་གྱིས་ལོ་གཉིས་སྔ་སྣུར་སྒོས་ལྷོ་བྱང་རི་བོ་གཉིས་ཀྱི་དུས་སྐབས་གསུམ་པའི་སྡོང་འཛུགས་ནགས་སྐྲུན་ཡོངས་འགྲུབ་བྱས་པ་དང་། ལྗང་བསྒྱུར་གྱི་གཞི་ཁྱོན་སྤྱི་ཆིང་ཁྲི་གསུམ་སྟོང་བཞི་བཞི་བརྒྱར་བསླེབས་ཏེ། ཡང་བསྐྱར་ལྷོ་རི་དང་བྱང་རི་གསར་བ་ཞིག་བསྐྲུན་པ་རེད།

མཚོ་ཤར་གྲོང་ཁྱེར་གྱིས་སྟོན་དཔྱིད་དུས་ཚིགས་གཉིས་ལ་བསྡོམས་པས་སྡོང་ཕྲུག་རྐང་ས་ཡ་བདུན་འབུམ་དྲུག་ཁྲི་བཞི་བཙུགས་པ་དང་། མི་ཐེངས་ས་ཡ་གཅིག་འབུམ་གཅིག་ཁྲི་གསུམ་སྟོང་བརྒྱད་སྡོང་འཛུགས་ནགས་སྐྲུན་ཁྲོད་ཞུགས་ཏེ། མི་ཁྲི་ལྷག་གི་ནགས་སྐྲུན་ལྗང་བསྒྱུར་གྱི་བྱ་འགུལ་ཆེན་པོ་འདི་གྲོང་ཁྱེར་དེའི་སྐྱེ་ཁམས་འཛུགས་སྐྲུན་གྱི་གསེར་གྱི་མིང་བྱང་ལྟ་བུ་ཞིག་ཏུ་གྱུར་ཡོད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྨ་ཆུའི་འགྲམ་རྒྱུད་ཀྱི་ལྗང་མདོག་སྲུང་ཡོལ་འཛུགས་སྐྲུན་སོགས་ཀྱི“རྒྱལ་ཁོངས་ཆེན་པོ་བརྒྱད་ཀྱི་ལྗང་བསྒྱུར”བྱ་སྤྱོད་ལག་བསྟར་བྱས་ནས། ལོ་ཧྲིལ་བོར་རྒྱལ་ཁོངས་ལྗང་བསྒྱུར་སྤྱི་ཆིང་ཁྲི་ལྔ་སྟོང་ལྔ་དགུ་བརྒྱ་བྱས་ཏེ། སྐྱེ་ཁམས་མཛེས་སྡུག་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད།

2018ལོར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཁོངས་ལྗང་བསྒྱུར་ལས་དོན་ལ་སྐུལ་འདེད་བྱེད་པ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་དངོས་འབེབས་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དངོས་འབེབས་བྱེད་པའི་བྱེ་བྲག་གི་བྱ་སྤྱོད་ཅིག་ཏུ་བརྩིས་ཏེ། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་གཞི་ཁྱོན་ཆེན་པོའི་རྒྱལ་ཁོངས་ལྗང་བསྒྱུར་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་སྤེལ་བ་དང་། གནད་སའི་ས་ཁུལ་གྱི་སྡོང་འཛགས་ནགས་སྐྲུན་དང་རྩྭ་སའི་སྐྱེ་ཁམས་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ཏེ། ལོ་ཧྲིལ་བོར་ནགས་སྐྲུན་སྤྱི་ཆིང་འབུམ་གཉིས་ཁྲི་བདུན་དང་བདུན་བརྒྱ་ཡོངས་འགྲུབ་བྱས་པ་དང་། ཞན་འགྱུར་རྩྭ་ས་སྤྱི་ཆིང་འབུམ་གཅིག་ཁྲི་དྲུག་སྟོང་གསུམ་སུམ་བརྒྱ་བཅོས་སྐྱོང་བྱས་ཤིང་། ལོ་འཁོར་གྱི་རྒྱལ་ཁོངས་ལྗང་བསྒྱུར་ལས་འགན་ཁྱོན་ཀུན་ནས་ཡོངས་འགྲུབ་བྱས་ཏེ། མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་བཞག

སྡོང་འཛུགས་ནགས་སྐྲུན་ཡུལ་དངོས་ཀྱི་རྣམ་པ་རེ་རེ་ལས་མཛེས་སྡུག་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་མངོན།

2018ལོའི་ཟླ4ཚེས11ཉིན། ཞིང་ཆེན་རིམ་པའི་མགོ་ཁྲིད་ཚན་ཁག་ཆེན་པོ་བཞི་ཚོ་ཅ་པའོ་གནམ་གྲུ་ཐང་བྱང་ཕྱོགས་ཀྱི་རི་སྟེང་དུ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་འོས་འགན་སྡོང་འཛུགས་བྱ་འགུལ་དུ་ཞུགས་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོས་སྣེ་ཁྲིད་དེ་འོས་འགན་སྡོང་འཛུགས་ཁྲོད་ཞུགས་ཤིང་། ཞིང་ཆེན་ཡོངས་སྐུལ་སློང་བྱས་ཏེ་འོས་འགན་སྡོང་འཛུགས་ཀྱི་ཚ་རླབས་བསླངས།

དེར་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོས་རྒྱུན་ཆད་མེད་པར་འོས་འགན་སྡོང་འཛུགས་ཀྱི་འགན་འཁྲིའི་རྣམ་པ་ཇེ་ལེགས་སུ་བཏང་ཏེ། རྒྱལ་ཡོངས་ཀྱི་སྐོར་ཐེངས་གཉིས་པའི“མཉམ་འབྲེལ་དྲ་བ་དང་དམངས་ཡོངས་འོས་འགན་སྡོང་འཛུགས”ཀྱི་ཚོད་ལྟ་ནན་ནན་ཏིག་ཏིག་གིས་སྤེལ་བ་དང་། རྒྱུན་ཆད་མེད་པར་འོས་འགན་སྡོང་འཛུགས་ཀྱི་རྐྱེན་སྲོལ་གསར་སྐྲུན་བྱས་ཤིང་། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བ། བཅའ་སྡོད་དཔོན་དམག ན་གཞོན་སློབ་མ། གྲྭ་བཙུན་བཅས་སྐུལ་སློང་བྱས་ཏེ“ན་གཞོན་ནགས་ཚལ་ར་བ ”དང“ཐིན་ཀྲང་དང་ཅུས་ཀྲང་ནགས་ཚལ་ར་བ”། “མཚོ་སྔོན་རོགས་སྐྱོར་ནགས་ཚལ་ར་བ”། “མི་རིགས་མཐུན་སྒྲིལ་ནགས་ཚལ་ར་བ”སོགས་བརྗོད་དོན་ནགས་ཚལ་དང་དྲན་གསོའི་ནགས་ཚལ་ཤུགས་ཆེན་པོས་བསྐྲུན་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་མི་རེ་རེ་ཞུགས་པ་དང་མི་རེ་རེས་སྟོབས་ཤུགས་འདོན་པ། ལྗང་མདོག་ལ་གཅེས་སྤྲས་དང་སྲུང་སྐྱོབ་བྱེད་པ། མཉམ་འཛུགས་དང་མཉམ་དུ་དོ་དམ་ལོངས་སྤྱོད། མཛེས་སྡུག་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་རྣམ་པ་བཟང་བོ་ཆགས། 2018ལོར་ཞིང་ཆེན་ཡོངས་ཀྱིས་འོས་འགན་སྒོས་སྡོང་ཕྲུག་རྐང་བྱེ་བ་གཅིག་ས་ཡ་ལྔ་བཙུགས་ནས། རྒྱལ་ཁོངས་ལྗང་བསྒྱུར་ལ་གསོན་ཤུགས་ཆེན་པོ་བསྣན།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ལྗང་བསྒྱུར་སྐུལ་སློང་ཚོགས་ཆེན་བསྡུས་ཏེ། ནགས་སྐྲུན་ལྗང་བསྒྱུར་ལས་དོན་ལ་སྐུལ་འདེད་ཆེན་པོ་བཏང་། གྲོང་ཁྱེར་དང་ཁུལ། རྫོང་སོ་སོ་བཅས་ཀྱིས་ཏང་སྲིད་མགོ་ཁྲིད་པ་གཙོ་བོས“ཚན་གཙོ་ཟུང”གི་འགན་འཁུར་བའི་ལྗང་བསྒྱུར་ཨུ་ཡོན་ལྷན་ཁང་བཙུགས་པ་དང་།  མགོ་ཁྲིད་པ་གཙོ་བོས་དངོས་སུ་དམ་འཛིན་དང་ལས་བགོས་མགོ་ཁྲིད་པས་ཡུལ་དངོས་ནས་བཀོད་འདོམས་བྱེད་པ། ཏང་སྲིད་ཀྱིས་མཉམ་དུ་དམ་འཛིན་དོ་དམ་དང་།  སྡེ་ཁག་སོ་སོས་ཤུགས་བསྒྲིལ་མཉམ་ལས་བྱེད་པ། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པ།  ཤུགས་ཆེན་པོས་ལྗང་བསྒྱུར་ལ་སྐུལ་འདེད་བྱས་ནས། སྐྱེ་ཁམས་ཆེན་པོ་འཛུགས་སྐྲུན་བྱེད་པའི་རྣམ་པ་བཟང་པོ་གྲུབ།

ཟི་ལིང་གྲོང་ཁྱེར་གྱི་ནགས་ལས་སྐྱེ་ཁམས་འཛུགས་སྐྲུན་གྱི་དམིགས་ཚད་དེ་ལོ་འཁོར་གྱི་མགོ་ཁྲིད་ཚན་ཁག་གི་བྱས་འབྲས་དཔྱད་ཞིབ་ཁྲོད་བཀོད་པ་དང་། ལྷོ་བྱང་རི་བོ་གཉིས་ཀྱི་དུས་སྐབས་གསུམ་པའི་ལྗང་བསྒྱུར་འཛུགས་སྐྲུན་ལས་འགན་སྔ་སྣུར་སྒོས་ཡོངས་འགྲུབ་བྱས།

མཚོ་ཤར་གྲོང་ཁྱེར་གྱིས་སྟོན་དཔྱིད་དུས་ཚིགས་སུ་ལྗང་བསྒྱུར་བྱ་འགུལ་ཆེན་པོ་སྤེལ་ཏེ། མི་ཐེངས་འབུམ་ལྔ་ལྷག་རྩ་འཛུགས་སྐུལ་སློང་བྱས་ནས་འོས་འགན་སྡོང་འཛུགས་ཁྲོད་ཞུགས་པ་དང་། ཟི་ལིང་གནམ་གྲུ་ཐང་མཐའ་བསྐོར་གྱི་ནགས་སྐྲུན་སྤྱི་ཆིང་སྟོང་གཉིས་དང་ཉིས་བརྒྱའི་ལས་འགན་ཡོངས་འགྲུབ་བྱས།

ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱིས་ཙོང་ཆུའི་གཞི་ཁྱོན་ཅན་གྱི་ནགས་ར་འཛུགས་སྐྲུན་གྱི་ཚོད་ལྟ་གཅིག་གྱུར་ངང་ལག་བསྟར་བྱས་པ་དང་། ལོ་འཁོར་གྱི་ནགས་སྐྲུན་ལས་འགན་སྤྱི་ཆིང་ཁྲི་གཅིག་སྟོང་གསུམ་སུམ་བརྒྱ་ཡོངས་འགྲུབ་བྱས།

མཚོ་ནུབ་ཁུལ་དང་མཚོ་ལྷོ་ཁུལ་གྱིས་བྱེ་འགོག་བྱེ་བཅོས་ཀྱི་ཤུགས་ཚད་མུ་མཐུད་དུ་རྒྱ་བསྐྱེད་དེ། བྱེ་འགྱུར་ས་ཆའི་བཀག་སྡོམ་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་གསར་བ་བླངས།

མཚོ་བྱང་ཁུལ་གྱིས་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གི་མ་ལག་བཅོས་སྐྱོང་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ཏེ། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་།

ཡུལ་ཤུལ་ཁུལ་དང་མགོ་ལོག་ཁུལ། རྨ་ལྷོ་ཁུལ་བཅས་ཀྱིས་རི་བཀག་ནགས་གསོ་དང་ཞན་འགྱུར་རྩྭ་ས། ས་ནག་ཐང་བཅོས་སྐྱོང་གི་བྱ་བ་ཧུར་ཐག་གིས་སྤེལ་ཏེ། ནགས་ཚལ་དང་རྩྭ་ས་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འཕེལ་རྒྱས་བཅོས་སྒྱུར་དང་ནོར་སྲིད། འགྲིམ་འགྲུལ་བསྐྱེལ་འདྲེན། ཆུ་བེད། ནགས་ཚལ། རྩྭ་ཐང་སོགས་སྡེ་ཁག་གིས་རང་འགན་རང་འཁུར་དང་རང་ནུས་དེ་སྒྲུབ་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ལས་གཞི་ཆེན་པོ་བརྩོན་ལེན་བྱས་པ་དང་། རྒྱལ་ཁོངས་ལྗང་བསྒྱུར་གྱི་མ་དངུལ་གཏོང་ཚད་མུ་མཐུད་དུ་རྒྱ་བསྐྱེད་པ། ནགས་བསྐྲུན་ལྗང་བསྒྱུར་གྱི་ལམ་དང་ཆུ་མཁོ་འདོན་སོགས་འབྲེལ་ཡོད་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་གཅིག་གྱུར་སྒོས་ལག་བསྟར་བྱས་ནས། རྒྱལ་ཁོངས་ལྗང་བསྒྱུར་ལ་འགན་སྲུང་ནུས་ལྡན་བྱས།

ནགས་ཚལ་དང་རྩྭ་སའི་སྐྱེ་ཁམས་བཟོ་སྐྲུན་གཙོ་བོ་རེ་རེ་ཡིས་མཐོ་སྒང་གི་ནགས་ཚལ་དང་རྩྭ་སའི་ཐོན་ཁུངས་སྲུང་སྐྱོབ་ལེགས་པོ་བྱས།

གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པ་དང་བྱང་གསུམ་འགོག་སྲུང་ནགས། རང་བྱུང་ནགས་སྲུང་སྐྱོབ། རྨོ་བསྐྱར་ནགས་སྐྲུན། བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོབ་སོགས་ཀྱི་གནད་སའི་ནགས་ལས་བཟོ་སྐྲུན་ལ་གཏིང་ཟབ་ཏུ་སྐུལ་འདེད་བྱས། ལོ་ཧྲིལ་བོར་བསྡོམས་པས་ནགས་སྐྲུན་སྤྱི་ཆིང་ཁྲི་གསུམ་སྟོང་གསུམ་སུམ་བརྒྱ་དང་། རི་བཀག་ནགས་གསོ་སྤྱི་ཆིང་ཁྲི་གསུམ་སྟོང་བཞི། བྱེ་འགོག་བྱེ་བཅོས་སྤྱི་ཆིང་ཁྲི་བརྒྱད་སྟོང་གཉིས། བྱེ་འགྱུར་ས་ཆ་སྤྱི་ཆིང་ཁྲི་གཉིས་སྟོང་གསུམ་ཆིག་བརྒྱ་བཀག་སྡོམ་སྲུང་སྐྱོབ་བཅས་ཡོངས་འགྲུབ་བྱས།

ཆི་ལེན་དང་ཧུའུ་ཀྲུའུ། ཀོས་ནན། ཏ་ཐུང་། ཐུན་རིན་བཅས་རྫོང་ལྔ“བྱང་གསུམ་འགོག་སྲུང་ནགས”བཟོ་སྐྲུན་འཛུགས་སྐྲུན་གྱི་རྒྱལ་ཡོངས་ཀྱི་སྔོན་ཐོན་ཐུན་མོང་དུ་བདམས་པ་དང་། མི་བཞི་སྔོན་ཐོན་མི་སྒེར་དུ་བདམས་པ། མི་གཅིག་ལ་ལྗང་མདོག་སྲུང་སྐྱོབ་ཀྱི་བྱ་དགའ་ཐོབ། ནགས་ཚལ་མཁར་གྲོང་དང་ཞིང་སྡེ། སྐྱེ་ཁམས་རིག་གནས་སྡེ་བ་བཅས་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། ནགས་ཚལ་མཁར་གྲོང་གསུམ་དང་ནགས་ཚལ་ཞིང་སྡེ་ལྔ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་རིག་གནས་སྡེ་བ་ལྔ་བཅས་གསར་འཛུགས་བྱས།

རང་བྱུང་སླར་གསོ་དང་མིའི་ཐབས་ཀྱིས་བཅོས་སྐྱོང་ཕན་ཚུན་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ།  ཉམས་ཞན་དུ་གྱུར་བའི་རྩྭ་ས་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཞིང་། ལོ་ཧྲིལ་བོར་རྩྭ་ར་སྤྱི་ཆིང་འབུམ་བདུན་བསྐོར་བ་དང་། དུག་རྩྭ་སྤྱི་ཆིང་འབུམ་གཅིག་ལྷག་བཅོས་སྐྱོང་བྱས་པ།  གཟན་རྩྭའི་རྟེན་གཞི་སྤྱི་ཆིང་སྟོང་དྲུག་ལས་པ། རྩྭ་སའི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད་བརྒྱ་ཆའི་ལྔ་དྲུག་ལྷག་ཏུ་བསླེབས་པ་དང་། རྩྭའི་ཐོན་ཚད་སྤྱི་རྒྱ་བརྒྱ་དང་དགུ་ཅུ་ཡན་དུ་བསླེབས་ཏེ། རྩྭ་སའི་སྐྱེ་ཁམས་རིམ་བཞིན་སླར་གསོ་བྱུང་།

ཁྲིམས་ལྟར་ནགས་ཚལ་དང་རྩྭ་ས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ནགས་ཚལ་དང་རྩྭ་སའི་ཐོན་ཁུངས་ཀྱི་བདེ་འཇགས་ཁྱོན་ཡོངས་ནས་སྲུང་སྐྱོབ་བྱས། ནགས་ཚལ་བསྡུ་ལེན་དང་བདག་བཟུང་། བེད་སྤྱོད་བཅས་ཀྱི་ཞིབ་བཤེར་མཆན་འགོད་དང་དོ་དམ་ལ་ཤུགས་སྣོན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་གྱི་ལོ་འཁོར་ཞིབ་བཤེར་བྱ་བ་ཡོངས་འགྲུབ་བྱས་པ་དང་། ལོ་ཧྲིལ་བོར་ནགས་སའི་རྣམ་གྲངས་ཉིས་བརྒྱ་ལྷག་དང་རྩྭ་སའི་རྣམ་གྲངས་ཆིག་བརྒྱ་གྱ་བདུན་ལ་ཞིབ་བཤེར་མཆན་འགོད་བྱས་ཤིང་། དེ་ཚང་མ་རྒྱལ་ཁབ་ཀྱི་ཚད་བཀག་ཁྱབ་ཁོངས་སུ་འདུས་ཡོད།

སྤྱི་ཕན་ནགས་དང་རང་བྱུང་ནགས། རྩྭ་ས་སྲུང་སྐྱོབ་མ་ལག་གལ་ཆེན་དག་གི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བྱས་ཏེ།  ནགས་ཚལ་ཐོན་ཁུངས་བསྟུད་མར་ཐེངས་བདུན་ལ་ཞིབ་བཤེར་བྱེད་པ་ཡོངས་འགྲུབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ཀྱི་གནད་སའི་སྤྱི་ཕན་ནགས་སྤྱི་ཆིང་ས་ཡ་བཞི་དང་འབུམ་དགུ་ཁྲི་དྲུག་དང་། རང་བྱུང་ནགས་སྤྱི་ཆིང་ས་ཡ་གསུམ་འབུམ་དྲུག་ཁྲི་བདུན་སྟོང་བརྒྱད་ལ་དོ་དམ་བྱེད་དགོས་པ་དོ་དམ་བྱེད་པ་མངོན་འགྱུར་བྱུང་།

རྩྭ་སའི་དོ་དམ་སྲུང་སྐྱོབ་ལ་ནུས་ཡོད་སྒོས་ཤུགས་བསྣན་ཏེ། ཕྱུགས་བཀག་སྤྱི་ཆིང་བྱེ་བ་གཅིག་ས་ཡ་དྲུག་འབུམ་གསུམ་ཁྲི་གསུམ་དང་། རྩྭ་ཕྱུགས་དོ་མཉམ་སྤྱི་ཆིང་བྱེ་བ་གཅིག་ས་ཡ་ལྔ་འབུམ་གཉིས་ཁྲི་བདུན་ཡོངས་འགྲུབ་བྱས། ནགས་ཚལ་གྱི་སྤུས་ཚད་མཐོར་འདེགས་གཏོང་བའི་བྱ་སྤྱོད་ཤུགས་ཆེན་པོས་སྤེལ་ཏེ། ཧུའུ་ཀྲུའུ་བྱང་རིའི་ནགས་ར་དེ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་ནགས་ཚལ་བདག་གཉེར་ཆོག་འཐུས་དཔང་ཡིག་ཐོབ་པའི་ནགས་ར་ཐོག་མར་གྱུར་ནས། ཞིང་ཆེན་ནང་ཁུལ་གྱི་སྟོང་ཆ་བསྐངས།

རྒྱལ་དབང་ནགས་ར་བརྒྱ་དང་བཅུ་ལ་གཏིང་ཟབ་ཏུ་བཅོས་སྒྱུར་དང་། དོ་དམ་སྲུང་སྐྱོབ་ཀྱི་འགན་འཁྲི་དངོས་འབེབས་ནན་མོ་བྱས་པས། དོ་དམ་སྲུང་སྐྱོབ་ཀྱི་ཕན་འབྲས་མངོན་གསལ་དུ་མཐོར་འདེགས་བྱུང་། ཧུར་ཐག་གིས་ནགས་ཚལ་དོ་དམ་སྲུང་སྐྱོབ་ཀྱི་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་ཏེ། ནགས་ཚལ་སྤྱི་ཆིང་ས་ཡ་གཉིས་འབུམ་གཉིས་ཁྲི་བརྒྱད་ཉེན་ཚབ་ཁྲོད་བཞག་པ་དང་། གནོད་འགོག་གནོད་སེལ་གྱི་ནུས་པ་སྔར་ལས་ཇེ་དྲག་ཏུ་གྱུར། ལྗང་མདོག་གི་གོ་ཆ་ཞེས་པ་དང་སྟོངས་ལ་ཉེ་བའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སོགས་ཀྱི་ཆེད་དམིགས་བྱ་སྤྱོད་རྩ་འཛུགས་བྱས་ནས་སྤེལ་བ་དང་། ཧུར་ཐག་གིས་ཞིང་ཆེན་དང་སྡེ་ཁག་ལས་བརྒལ་བའི་མཉམ་འབྲེལ་ཁྲིམས་བསྟར་ལ་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་བོར་གྱོད་གཞི་ཆིག་སྟོང་ཆིག་བརྒྱ་ཞེ་ལྔ་ཞིབ་བཤེར་བྱས་པ་དང་། མི་ཐེངས་སྟོང་དྲུག་ལྷག་ལ་ཐག་གཅོད་བྱས་ཏེ། ཟིལ་གནོན་གྱི་རྣམ་པ་ཆེན་པོ་གྲུབ།

ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་ནགས་ལས་དང་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་བཅོས་འགན་འཁྲི་ལམ་ལུགས་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། ཞིང་ཆེན་ཡོངས་སུ་ལོ་ངོ་སོ་གཉིས་ཀྱི་རིང་ལ་ནགས་ཚལ་དང་རྩྭ་སར་མེ་སྐྱོན་ཅི་ཡང་མ་བྱུང་བ་དང་། ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་སྤྱི་ཆིང་འབུམ་གཉིས་ཁྲི་གཉིས་སྟོང་གཅིག་དང་། རྩྭ་སའི་ཨ་བྲའི་གནོད་པ་སྤྱི་ཆིང་ས་ཡ་གཉིས་འབུམ་དྲུག་ཁྲི་གསུམ་འགོག་བཅོས་བྱས་ནས། ནགས་ཚལ་དང་རྩྭ་སའི་ཐོན་ཁུངས་ཀྱི་བདེ་འཇགས་ནུས་ཡོད་སྒོས་ཁག་ཐེག་བྱས།

ལྗང་མདོག་གི་དམངས་ཕྱུག་ཐོན་ལས་རེ་རེ་ཡིས་སྐྱེ་ཁམས་དབུལ་སྐྱོར་གྱི་གནད་ཕིགས་ལག་བསྟར་ལ་རམ་འདེགས་བྱས།

སྐྱེ་ཁམས་ཐོན་ལས་ཀྱི་ནགས་དར་དམངས་ཕྱུག་རྩ་དོན་རྒྱུན་འཁྱོངས་དང་། ཁྱད་ལྡན་དཔལ་འབྱོར་ནགས་ཀྱི་ཐོན་ཁུངས་ཁྱད་སྟོབས་ལ་བརྟེན་ནས། ཧུར་ཐག་གིས་སྐྱེ་ལྡན་འཕང་འབྲས་ཐོན་རྫས་གྲགས་ཅན་བསྐྲུན་པ་དང་། སྐྱེ་ཁམས་འཕང་འབྲས་སྤྱི་ཆིང་ཁྲི་གཅིག་སྟོང་གཅིག་སུམ་བརྒྱར་དཔང་དངོས་ར་སྤྲོད་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་སུ་ཆེས་ཆེ་བའི་སྐྱེ་ལྡན་འཕང་འབྲས་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱས་པ་དང་། ནོ་མུའུ་ཧོང་འཕང་འབྲས་ཐོན་ལས་གླིང་ཁུལ་དེ་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ཕྱུགས་ཐོན་ལས་གླིང་ཁུལ་དུ་རིམ་གྲས་སྤར་བར་མ་ཟད། འཕང་འབྲས་ཕྱིར་གཏོང་གི་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་མདུན་གྲས་སུ་བསླེབས།

སྟར་བུ་དང་སིལ་ཏོག སྨན་རྩྭ། བོད་ཇ་བཅས་ཀྱི་རྟེན་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། འདེབས་རྒྱ་སོ་སོར་སྤྱི་ཆིང་འབུམ་གཅིག་ཁྲི་དྲུག་དང་སྤྱི་ཆིང་ཁྲི་བཞི་སྟོང་གཅིག་ཉིས་བརྒྱ། སྤྱི་ཆིང་ཁྲི་གཅིག་སྟོང་དྲུག སྤྱི་ཆིང་སྟོང་གཅིག་ལྔ་བརྒྱ་བཅས་སུ་བསླེབས། ཤུགས་ཆེན་པོས་སྡོང་ཕྲུག་གི་རྒྱུ་སྤུས་མཐོར་འདེགས་དང་ཤིང་སོན་གྱི་གྲུབ་ཚུལ་ལེགས་བཅོས་བྱས་ཤིང་། ཞིང་ཆེན་ཡོངས་སུ་སྡོང་ཕྲུག་ར་བ་སྤྱི་ཆིང་ཁྲི་གཅིག་དང་བདུན་བརྒྱ་ལས་བརྒལ་བ་དང་། སྡོང་ཕྲུག་རྐང་དུང་ཕྱུར་བཅུ་གཅིག་ཙམ་ཐོན་སྐྱེད་བྱས།

ཁྱད་ལྡན་རི་སྐྱེས་སྲོག་ཆགས་ཀྱི་རྒྱུད་སྤེལ་ཐོན་ལས་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ཏེ།  གླ་བ་དང་། ཤྭ་ཁྲ། ཁྲུང་ཁྲུང་། གོང་མོ་སོགས་རི་སྐྱེས་སྲོག་ཆགས་ཀྱི་འཕར་ཚད་ཇེ་མགྱོགས་སུ་སོང་། ནགས་ཚལ་དང་བརླན་ས། བྱེ་ཐང་། ས་གཤིས་སོགས་སྐྱེ་ཁམས་སྤྱི་གླིང་གི་སྐྱེ་ཁམས་གནས་སྐོར་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། གནས་སྐོར་པ་སྣེ་ལེན་བྱས་ཚད་ཐོག་དང་པོར་མི་ཐེངས་བྱེ་བ་གཅིག་ལས་བརྒལ་བ་དང་། 2017ལོར་ལྡབ་ཅིག་འཕར།

ཞིང་ཆེན་ཡོངས་ཀྱི་ནགས་ལས་ཐོན་ལས་གཞི་ཁྱོན་སྔར་ལས་ཇེ་ཆེར་གྱུར་བ་དང་། ཐོན་རིན་སྒོར་དུང་ཕྱུར་རེ་དགུ་ལྷག་ཏུ་བསླེབས་པ་དང་། 2017ལོ་ལས་བརྒྱ་ཆའི་སོ་ལྔ་འཕར་ཏེ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར། སྐྱེ་ཁམས་ལྟ་སྲུང་ལས་རྐང་དང་ནགས་ལས་ཐོན་ལས། ནགས་སྐྲུན་རྩྭ་འདེབས། བྱ་དགའི་ཁ་གསབ། གནས་གཏན་འཁེལ་རོགས་སྐྱོར་སོགས་བྱེད་ཐབས་སྣ་མང་ལག་བསྟར་བྱས་ཏེ། དབུལ་སྐྱོར་སྲིད་ཇུས་གནད་འཁེལ་དང་འབྲེལ་མཐུད་ཡོང་བ་མངོན་འགྱུར་བྱས།  སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོའི“ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག”དང་ལྟ་སྲུང་བྱས་འབྲས་དོ་དམ་སོགས་ཀྱི་ལམ་ལུགས་ལག་བསྟར་བྱས་ཏེ། 2018ལོར་དབུལ་ཕོངས་མི་གྲངས་ཀྱི་ནགས་སྲུང་པ་སྟོང་གསུམ་གསར་དུ་འཕར་སྣོན་བྱུང་བ་དང་། ཞིང་ཆེན་ཡོངས་སུ་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་མི་གྲངས་ཀྱི་སྐྱེ་ཁམས་ལྟ་སྲུང་པ་ཁྲི་ལྔར་བསླེབས་ཤིང་། སྐྱེ་ཁམས་ལྟ་སྲུང་པ་མི་རེའི་ཆ་སྙོམས་ལོ་རེའི་ཡོང་འབབ་སྒོར་ཁྲི་གཉིས་ལས་བརྒལ།

ས་གནས་སོ་སོས་ཁྱད་ལྡན་ནགས་ལས་ཐོན་ལས་གོང་དུ་སྤེལ་བར་ཁྲིན་སྟོན་དང་རྒྱབ་སྐྱོར་བྱས་ཏེ། 2018ལོར་ཞིང་ཆེན་ཡོངས་ཀྱི་ནགས་ལས་ཐོན་ལས་ཀྱིས་རོང་འབྲོག་ཁྱིམ་ཚང་འབུམ་གཅིག་ཁྲི་གཉིས་སྟོང་བཞིར་ཕན་འབྲས་ཐོབ་པར་སྣེ་ཁྲིད་བྱས་པ་དང་། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་ཡོང་འབབ་སྒོར་ཁྲི་གཅིག་སྟོང་བཞི་དང་མི་རེར་ཆ་སྙོམས་ཀྱིས་ཡོང་འབབ་སྒོར་སྟོང་གཉིས་དྲུག་བརྒྱ་སོ་བཞི་འཕར་སྣོན་བྱུང་། སྲིད་ཇུས་རང་བཞིན་གྱི་སྐྱེ་ཁམས་ཁ་གསབ་ཇེ་མང་དུ་བཏང་ཏེ། ནགས་ཚལ་སྐྱེ་ཁམས་དང་ནགས་སྲུང་བཟོ་སྐྲུན། བརླན་སའི་སྐྱེ་ཁམས་ཀྱི་ཕན་འབྲས་ཁ་གསབ།  རྨོ་བསྐྱུར་ནགས་སྐྲུན་སོགས་སྐྱེ་ཁམས་བཟོ་སྐྲུན་གྱི་རྒྱལ་ཁབ་ཀྱི་ཁ་གསབ་སྲིད་ཇུས་དངོས་འབེབས་བྱས་ནས། ཐད་ཀར་དུ་རོང་འབྲོག་མང་ཚོགས་ལ་མ་དངུལ་སྒོར་དུང་ཕྱུར་བཅུ་དང་བྱེ་བ་གཉིས་ས་ཡ་བཞི་ཁ་གསབ་བྱས། བྱེད་ཐབས་དེ་དག་བརྒྱུད་ནས་རོང་འབྲོག་མང་ཚོགས་བརྟན་བརླིང་ངང་དབུལ་ཕོངས་ལས་ཐར་བར་སྐུལ་འདེད་ཆེན་པོ་བཏང་།

ད་ལྟ། མཚོ་སྔོན་དུ་མི་རབས་འགའི་འབད་བརྩོན་ལྷོད་མེད་ལ་བརྟེན་ནས། སྐྱེ་ཁམས་དང་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་འགྲོ་བ་དང་། སྔོ་བསངས་ཀྱི་མཁའ་དབྱིངས་དང་ལྗང་མདོག་གི་ས་གཞི། དྭངས་གཙང་གི་ཆུ་མོ། འཆམ་མཐུན་མཛེས་སྡུག་གཞི་གཅིག་གི་མཚོ་སྔོན་གསར་བ་ཞིག་མི་རྣམས་ཀྱི་མཐོང་ལམ་དུ་རིམ་བཞིན་མངོན་ཡོང་།

ལོ་ཙཱ་བ། སྒྲོལ་མ་སྐྱིད།