འབྲོག་པ་མང་ཚོགས་རིམ་གྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྟ་སྲུང་པར་འགྱུར་བཞིན་པ།
2019.05.31 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

 གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་རྒྱུས་ལོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྤྱི་ཕན་ལས་རྐང་དུ“ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག”གི་རྣམ་པ་ཁྱབ་སྤེལ་བྱས་པ་དང་བསྟུན་ནས། ས་དེའི་འབྲོག་པ་མང་ཚོགས་ཁྲི་གཅིག་སྟོང་བདུན་སྐྱེ་ཁམས་ལྟ་སྲུང་དཔུང་སྡེར་ཞུགས་ཏེ། རིམ་གྱིས་སྐྱེ་ཁམས་ལྟ་སྲུང་པ་གཙོ་བོར་གྱུར་ཞིང་། ནང་སེམས་ནས་བྱུང་བའི་སྒུལ་ཤུགས་ཕྱོགས་ཡོངས་ནས་སྐུལ་སློང་བྱས།

མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་གནས་པའི་གཙང་གསུམ་འབྱུང་ཡུལ་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ཡིན་པས། སྐྱེ་ཁམས་གོ་གནས་གལ་ཆེན་ལྡན། 2016ལོར། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་རྟེན་གཞི་ཐོག་མ་ས་དེར་བཙུགས། འཆར་འགོད་ལྟར་ན། སྤྱི་གླིང་ཁུལ་ཁྱོན་བསྡོམས་ཞང་གྲོང12དང་སྲིད་འཛིན་སྡེ་བ53ལ་ཁེབས་ཤིང་། འབྲོག་དམངས་ཁྲི་བདུན་དང་སྟོང་གཉིས་ལ་འབྲེལ་ཡོད།

འདས་པའི་ལོ་ངོ3གྱི་རིང་ལ། མཚོ་སྔོན་གྱིས་གླིང་ཁུལ་ནང་གི་ད་ཡོད་འབྲོག་ཁྱིམ་གྱི་གྲངས་ཀ་གཞིར་བཟུང་ནས་སྐོར་ཐེངས་བགོས་ཏེ་གསར་དུ་འཕར་བའི་སྐྱེ་ཁམས་ལྟ་སྲུང་པའི་ལས་རྐང་བཙུགས། ཐོག་མར་དབུལ་ཁྱིམ་གྱི་ནང་ནས་འདེམ་བསྐོ་བྱས་ཏེ། རིམ་བཞིན་ཁྱབ་སྤེལ་བྱས་པ་ནས“ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག”དེ་ཁྱོན་ཡོངས་ལ་ཁེབས་པར་བྱས། མིག་སྔར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལ་འཛིན་ཡིག་བཟུང་ནས་ལས་རྐང་དུ་ཞུགས་མཁན་གྱི་འབྲོག་དམངས་ཁྱོན་བསྡོམས་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་ཡོད།

རྒྱུས་ལོན་པ་ལྟར་ན། སྐྱེ་ཁམས་ལྟ་སྲུང་བྱ་བ་སྒྲུབ་སྐབས། ལས་ཆོད་དཔྱད་ཞིབ་ལེགས་འགྲུབ་བྱུང་བའི་འབྲོག་དམངས་ལ་ཟླ་རེར་ཡོང་སྒོ་སྒོར1800ཡོད་ཅིང་། མི་གྲངས5མན་གྱི་ཁྱིམ་ཚང་རྣམས་དེ་ལ་བརྟེན་ནས་དབུལ་ཕོངས་ལས་ཐར་ཞིང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཧུར་བརྩོན་རང་བཞིན་ཉིན་བཞིན་ཇེ་མཐོར་ཕྱིན། “ཕྱོགས་གཞན་ཞིག་ནས་བཤད་ན། གཙང་གསུམ་འབྱུང་ཡུལ་གྱི་མང་ཚོགས་ཀྱིས་སྔོན་ཆད་སྐྱེ་ཁམས་ཞན་འགྱུར་གྱི་དཀའ་སྡུག་གི་འཚོ་བ་མྱངས་རྗེས། དེང་སྐབས།‘སྐྱེ་ཁམས་ཕོར་བ’བསྣམས་ཤིང་། ‘ལྗང་མདོག་ཟ་མ’བཟའ་ཐུབ་པར་གྱུར་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བདུད་རྩི་མྱངས། ནང་སེམས་ལས་ཐོན་པའི་སྟོབས་ཤུགས་ཕྱོགས་ཡོངས་ནས་བསླངས།”ཞེས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ནན་གྱིས་དེ་ལྟར་བཤད།

རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འདི་དག་ལ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྟ་སྲུང་པས་ཟླ་རེར་ཆ་སྙོམས་ཀྱིས་ལྟ་སྲུང་ས་ཁུལ་དུ་ཁྱོན་ཡོངས་སྐོར་སྲུང་ཐེངས3རེ་བྱས་ཤིང་། རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་བསྡོམས་རྩིས་དང་ལྟ་ཞིབ་དཔྱད་ལེན་བྱེད་བཞིན་ཡོད་པ་དང་། རྩྭ་ཐང་གི་མེ་འགོག་གནོད་སྲུང་། ས་ཁོངས་ཁོར་ཡུག་གཙང་བཟོ་བཅས་ཀྱི་ཕྱོགས་ནས་འབད་བརྩོན་གང་མང་བྱས་ཡོད། དེའི་བར་སྐབས་སུ། སྐྱེ་ཁམས་ལྟ་སྲུང་པས་སྐྱེ་ཁམས་ཁྲིམས་འགལ་གྱི་བྱ་སྤྱོད་འགའ་རེའི་ཁུངས་སྣེ་མཐོང་ཞིང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཐག་གཅོད་བྱས།

“ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག”གི་རྐྱེན་སྲོལ་འོག “མི་གཅིག་སྐྱེ་ཁམས་ལྟ་སྲུང་པར་བསྐོས་རྗེས་ཁྱིམ་མི་ཡོངས་སྐྱེ་ཁམས་སྲུང་སྐྱོབ་ལ་ཞུགས”པའི་སྲོལ་གསར་ཞིག་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་དར་བཞིན་ཡོད། གསར་འགོད་པས་ཉེ་བའི་ལོ་འདི་འགར་ས་དེར་བཅར་འདྲི་བྱེད་སྐབས་མཐོང་བ་ནི། གཞུང་ལམ་དེད་ནས་རང་འགུལ་གྱིས་གད་སྙིགས་འཐུ་བའི་འབྲོག་དམངས་མི་ཉུང་བ་ཞིག་ཡོད་ཅིང་། དེའི་ཁྲོད་ཀྱི་མི་ཁ་ཤས་ནི་སྐྱེ་ཁམས་ལྟ་སྲུང་པའི་ཁྱིམ་མི་རེད། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།