གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི2019ལོའི་ཕྱུགས་བཀག་རྩྭ་འདེབས་བཟོ་སྐྲུན་གྱི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བདུན་ས་ཡ་གསུམ་འབུམ་དྲུག་བཀོད་སྒྲིག་བྱས།
ཕྱུགས་བཀག་རྩྭ་འདེབས་བཟོ་སྐྲུན་ནི་རྩྭ་སའི་ཐོན་སྐྱེད་ནུས་པ་སླར་གསོ་དང་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་བྱེད་པ། འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་གཏོང་བ། རྩྭ་སའི་ཕྱུགས་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་འཐབ་ཇུས་བྱེད་ཐབས་གལ་ཆེན་ཡིན་པས། མཚོ་སྔོན་ཞིང་ཆེན་གྱིས་ཧ་ཅང་མཐོང་ཆེན་བྱས་པ་དང་། རྒྱལ་ཁབ་ཀྱིས་བཟོ་སྐྲུན་དེའི་ཐད་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས། ཐེངས་འདིར་བརྩོན་ལེན་བྱས་པའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བདུན་ས་ཡ་གསུམ་འབུམ་དྲུག་དེ་གཙོ་བོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ་ས་ཁུལ་གྱི་རྩྭ་ས་མུའུ་འབུམ་གཅིག་ལ་ཕྱུགས་བཀག་རྩྭ་ར་བསྐོར་བ་དང་། ས་མུའུ་འབུམ་གཉིས་ཀྱི་དུག་རྩྭར་བཅོས་སྐྱོང་བྱེད་པ། ཞན་འགྱུར་རྩྭ་ཐང་མུའུ་ས་ཡ་གཉིས་དང་འབུམ་བརྒྱད་ལེགས་བསྒྱུར་བྱས་ལ། ས་ནག་ཐང་མུའུ་འབུམ་བརྒྱད་དང་ཁྲི་བརྒྱད་ལ་བཅོས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས།
བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད་དེ་རོང་འབྲོག་མང་ཚོགས་ལ་རོགས་བྱས་ནས་ཕྱུགས་ལས་ཐོན་སྐྱེད་རྣམ་པ་བསྒྱུར་བ་དང་། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ཇེ་ཞན་དུ་འགྲོ་བའི་རྣམ་པར་བཀག་འགོག་བྱེད་ཐུབ། རྩ་ཐང་གི་སྐྱེ་ཁམས་ཁོར་ཡུག་དང་རྩྭ་ཐང་གི་ཕྱུགས་ལས་གཞི་རྩའི་ཐོན་སྐྱེད་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཐུབ་པ་མ་ཟད། ཞན་འགྱུར་དང་བྱེ་འགྱུར་རྩྭ་ཐང་སླར་གསོ་བྱེད་པ་དང་། རྩྭ་ཐང་གི་སྔོ་ཁེབས་ཇེ་མང་དུ་གཏོང་བར་སྐུལ་འདེད་གཏོང་བ། རྩྭ་ཐང་གི་ཐོན་ཁུངས་ཡུན་རིང་བོར་བེད་སྤྱོད་པ་མངོན་འགྱུར་བྱེད་ཐུབ།
མིག་སྔར། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་བླང་བྱ་ ལྟར་དངུལ་གཏོང་འཆར་གཞི་ས་ཁུལ་སོ་སོར་བགོ་བཤའ་བྱས་པ་དང་། གོ་རིམ་རྗེས་མར་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ས་ཁུལ་སོ་སོས་རྫོང་རིམ་པའི་བྱ་བའི་ཇུས་འགོད་ལ་དམ་འཛིན་བྱེད་པར་སྐུལ་འདེད་བཏང་སྟེ། ལས་གཞི་སྔ་མོ་ནས་ལག་བསྟར་འཛུགས་སྐྲུན་བྱེད་པ་དང་། འཛུགས་སྐྲུན་ལས་འགན་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། བཟོ་སྐྲུན་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་ཕན་འབྲས་འདོན་སྤེལ་བྱེད་པ་བརྩོན་ལེན་བྱེད་རྒྱུ་རེད། །
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།