རི་ལྗང་ཆུ་དྭངས་ཀྱིས་མི་དམངས་ཀྱི་འཚོ་བར་བདེ་སྐྱིད་བསྐྲུནཔ།
2019.06.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

 གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནས་བཅར་འདྲི་བྱས་པའི་གནས་ཚུལ།

རི་བོ་ནི་དེ་སྔའི་རི་བོ་དེ་ཡིན་ལ། མི་ཡང་དེ་སྔའི་མི་རྣམས་ཡིན།

ལོ་ངོ10ཡི་ཡར་སྔོན་དུ། དུས་ཚིགས་བཞི་པོར་ཕྱུགས་འཚོས་ནའང་། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར2000ཙམ་ལས་མེད།

ལོ་ངོ10ཡི་རྗེས་སུ་ཕྱུགས་ལས་དང་བྲལ་ནས་རི་འདབས་སུ་གཏན་སྡོད་བྱས་ཤིང་། ཕྱུགས་བསྐྱུར་རྩྭ་སྐྱོང་ལ་ཁ་གསབ་སྣ་ཁ་མང་པོ་ཡོད་པར་མ་ཟད། ད་དུང་ཁྱིམ་ཚང་རེར་སྐྱེ་ཁམས་ལྟ་སྲུང་པ་གཅིག་རེ་ཡོད་ལ། ལྟ་སྲུང་པའི་ལོ་རེའི་ཡོང་སྒོ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱ་ཡིན། ད་ལྟའི་གཙང་གསུམ་འབྱུང་ཡུལ་གྱི་རོང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་སྒོར་སྟོང་དྲུག་ལྔ་བརྒྱ་རེ་ལྔར་བུད་ཡོད་པས། ལོ10ཡི་ནང་ལོ་རེར་ཆ་སྙོམས་ཀྱིས12.4%འཕར་སྣོན་བྱུང་།

རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་དང་མཚུངས་པས་མི་དམངས་ཀྱི་འཚོ་བ་ཡང་དེ་དང་བསྟུན་ནས་ལེགས་བཅོས་བྱུང་། འདི་ནི་གསར་འགོད་པ་གཙང་གསུམ་འབྱུང་ཡུལ་སྤྱི་གླིང་གི་ལྟེ་གནས་ས་ཁུལ་དུ་བཅར་འདྲི་བྱེད་སྐབས་མཐོང་བ་དང་ཐོས་པའི་རོང་འབྲོག་པའི་འཚོ་བའི་ཐད་ཀྱི་འགྱུར་ལྡོག་ཆེས་ཆེ་བ་དེ་ཡིན་ལ། དེས་སྐྱེ་ཁམས་ལེགས་པོ་ཡིས་མི་དམངས་ཀྱི་འཚོ་བར་བདེ་སྐྱིད་སྐྲུན་ཐུབ་པ་ར་སྤྲོད་བྱས་ཡོད།

བརྟན་འཇགས་ཀྱི་སྡོད་ཁང་ཡོད་པར་མ་ཟད་སྐྱེ་ཁམས་ཀྱི་ཁེ་སྤོགས་སྔར་ལས་མང་པོ་ལོངས་སུ་སྤྱོད་ཐུབ།

དཔྱིད་ཀྱི་དུས་མགོར་ང་ཚོ་གཙང་གསུམ་འབྱུང་ཡུལ་དུ་སོང་ན་རྩྭ་ཐང་དང་མཚེའུ། བརླན་ས། རི་སྐྱེས་སྲོག་ཆགས། ནོར་ལུག་སོགས་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་ཕན་འབྲས་གསལ་པོར་མཐོང་ཐུབ།

གཙང་གསུམ་འབྱུང་ཡུལ་དུ་སོང་ན་སྐྱེ་ཁམས་ཁོར་སྲུང་གི་བཟོ་སྐྲུན་རེ་རེ་ལག་ཏུ་བསྟར་བ་དང་བསྟུན་ནས། མང་ཚོགས་ཀྱི་ཐོན་སྐྱེད་ཆུ་ཚད་དང་འཚོ་བའི་སྤུས་ཀ སྐྱིད་སྣང་སོགས་མུ་མཐུད་དུ་འཕར་བཞིན་པ་གསལ་པོར་ཤེས་ཐུབ།

འབྲོག་པ་རྡོ་ཡེ་ཚང་དུ་སོང་བ་ན་ཁྱིམ་ཚང་གི་འགྱུར་ལྡོག་མངོན་གསལ་གྱིས་མྱོང་ཐུབ་པ་སྟེ། སྔོན་ཆད་མི་རབས་ནས་མི་རབས་བར་རྩྭ་ཆུར་བསྙེགས་ནས་ཕྱུགས་ཟོག་འཚོ་བ་ནས་ད་ལྟའི་གཏན་སྡོད་ཁང་པ་ཡོད་པའི་རྡོ་ཡེ་ཚང་ནི་འབྲོག་པ་ཡོངས་ཀྱི་བསྡུས་གཟུགས་ཤིག་ཏུ་གྲུབ་ཡོད།

གནམ་གཤིས་རིམ་གྱིས་ཇེ་དྲོར་སོང་བ་དང་བསྟུན་ནས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཟོ་སྐྱ་ཞང་རྐྱང་ཆུ་སྡེ་བའི་ལོ32ལ་སོན་པའི་རྡོ་ཡེ་ཡིས་བུ་ཆུང་ཁྲིད་ནས་རྫོང་མཁར་དུ་སོང་སྟེ་རང་ཚང་གི་ཐོག་ཁང་ཉིན་རེ་བཞིན་ལེགས་འགྲུབ་བྱུང་བ་དང་། མཛེས་བཟོའི་དུས་སྐབས་སུ་ཐོན་ཡོད་པ་ཤེས་རྗེས་སེམས་ལ་བཤད་མི་ཤེས་པའི་དགའ་སྤྲོ་ཞིག་སྐྱེས།

2000ལོའི་སྔོན་དུ་རྡོ་ཡེ་ཡང་འབྲོག་དམངས་གཞན་པ་རྣམས་དང་འདྲ་བར། འབྲོག་ཁུལ་དུ་ཕྱུགས་ཟོག་འཚོ་བཞིན་ཁྱིམ་ཚང་གང་བོ་སྨི་གྲུ་བཞི་མ50ཅན་གྱི་ས་ཁང་ནང་དུ་བསྡད་ཡོད། 2001ལོར་རྡོ་ཡེ་ཁྱིམ་མི་དང་མཉམ་དུ་རྫོང་མཁར་དུ་གནས་སྤར་ནས་སྨི་གྲུ་བཞི་མ60ཅན་གྱི་སོ་ཕག་ཁང་པར་བསྡད། ཕྱུགས་ཟོག་འཚོ་བ་ནི་སྔར་བཞིན་ཁོ་བོའི་ལས་ཀ་གཙོ་བོ་ཡིན་ནའང་། མཁར་གྲོང་དུ་འདུག་ཐུབ་པ་བྱུང་བས་ཁོའི་སེམས་སུ་འཚོ་བར་ཡིད་ཆེས་དང་རེ་བས་ཁེངས་ཡོད།

2014ལོར་ཁྱིམ་གཞིས་ཆགས་ཤིང་ལས་ཀ་གཉེར་མགོ་བརྩམས་པའི་རྡོ་ཡེ་རང་གི་འདོད་བློ་ལྟར་སྲིད་གཞུང་གིས་བྱིན་པའི་འབྲོག་པའི་གཏན་སྡོད་ཁང་པར་སྤར། དུས་དེ་ནས་བཟུང་དངོས་གནས་གྲོང་ཁྱེར་བའི་འཚོ་བ་རོལ་མགོ་བརྩམས་མོད། འོན་ཀྱང་བློ་ཡུལ་ལས་འདས་པ་ཞིག་ལ། ཚེ་གང་བོར་བསྡད་ཆོག་པར་འདོད་པའི་འབྲོག་པའི་གཏན་སྡོད་ཁང་པ་དེ་འབྲི་སྟོད་རྫོང་གི་རྫོང་མཁར་བཤིག་སྤོའི་ཁོངས་སུ་བརྩིས་པས། ཁོ་རང་ཡང་བསྐྱར་གནས་སྤོ་བྱེད་དགོས་བྱུང་། “ཐེངས་འདིར་དངོས་གནས་རྨི་ལམ་དུའང་ཤར་མ་མྱོང་། ཟླ2ཀྱི་རྗེས་སུ་ང་ཚོ་ཐོག་ཁང་གསར་པ་རུ་འདུག་ཐུབ་པར་མ་ཟད། ཁང་པར་མཛེས་བཟོ་གང་ཡག་བྱས་ཏེ་འདུག་རྐྱང་བྱས་འདུག”ཅེས་བཤད་ཞོར་གདོང་ལ་འཛུམ་གྱིས་ཁེངས་འདུག གམ་དུ་ཡོད་པའི་ཆུང་མས་ཀྱང་ཁོའི་ཚིག་མཚམས་འཕྲོགས་ཏེ་ཟླ9པར་ལོ5ལ་སོན་པའི་བུ་མོ་ཆེ་བ་གཡང་སྐྱིད་མཚོ་མོ་རིན་པ་སྐར་གང་ཡང་སྟེར་མི་དགོས་པར་མཁར་ལྷོའི་བྱིས་བཅོལ་ཁང་དུ་ཞུགས་ཆོག་ཟེར།

རྡོ་ཡེ་ཚང་གིས་གནས་སྐབས་སུ་གླས་ཡོད་པའི་འབྲོག་པའི་སྡེ་གསར་གྱི་ཁང་པའི་ནང་དུ་འཁྱིལ་བའི་མེ་འོད་དྲོན་པོ་དེ་ནི་ཁོ་ཚང་གི་བཟའ་མི་གང་བོའི་བདེ་ཞིང་སྐྱིད་པའི་འཚོ་བ་དང་ཀུན་ནས་མཚུངས།

རྩྭ་སའི་བྱ་དགའི་ཁ་གསབ་མི་རེར་སྒོར་སྟོང་ལྔ་དང་བརྒྱད་བརྒྱ་ཡོད་ལ། བཟའ་མི་གསུམ་ལྟར་བརྩིས་ན་སྒོར་ཁྲི་གཅིག་སྟོང་བདུན་བཞི་བརྒྱ་ཡོད། སྐྱེ་ཁམས་ལྟ་སྲུང་པའི་ཡོང་སྒོ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱ་ཡོད་པར་མ་ཟད། རང་ཉིད་ད་དུང་རྐྱང་ཆུ་སྡེ་བའི་ཧྲེ་གཉིས་པའི་ཧྲེ་ཀྲང་ཡིན་པས་ལོ་རེར་ཟླ་ཕོགས་སྒོར་ཁྲི་གཅིག་ལྷག་ཡོད་ཅེས་རྡོ་ཡེ་ཡིས་རང་དབང་མེད་པར་ང་ཚོར་ཁོ་ཚང་གི་ཡོང་སྒོ་ཞིབ་རྩིས་བརྒྱབ་བྱུང་།

“ལོ་གཅིག་ནང་ཡོང་སྒོ་སྒོར་ཁྲི6ལྷག་ཡོད་པས། ལྟོ་གོས་ལ་སེམས་ཁྲལ་བྱེད་མི་དགོས། ཡར་སྔོན་རླངས་འཁོར་ཆུང་བ་བཙོངས་ནས་བྱེས་བགྲོད་རླངས་འཁོར་ཞིག་ཉོས་པ་ཡིན། འདི་ནི་རླངས་འཁོར་ལག་བརྒྱུད་མ་ཞིག་ཡིན་རུང་སྔར་ལས་ཇེ་བཟང་ཇེ་ལེགས་སུ་བཏང་ཡོད”ཅེས་བཅར་འདྲིར་འགྲོ་རོགས་འབྲི་སྟོད་རྫོང་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་ཀྱི་ཅུས་ཀྲང་རིག་འཛིན་རྡོ་རྗེ་ཡིས་དེ་ལྟར་ཀུ་རེའི་ཚུལ་དུ་བཤད་པས་ཚང་མར་དགོད་ཁ་བསླངས།

དགོད་སྒྲ་འདི་ནི་རྡོ་ཡེ་ཚང་གི་བདེ་སྐྱིད་ཀྱི་འཚོ་བར་ཕུལ་བའི་སྨོན་འདུན་ཡིན།

“ཐོག་ཁང་དུ་གནས་སྤར་རྗེས་ཁོས་ཚོང་ཁང་ཞིག་ཕྱེས་ནས་ཚོང་རྒྱག་རྩིས་ཡོད། ད་ལྟ་སྡེ་བ་ཡོངས་སུ་ཁྱིམ་ཚང500ལྷག་ཡོད་ལ། ཁྱིམ་ཚང40%རྫོང་མཁར་དུ་བསྡད་ཡོད། རྫོང་མཁར་གྱི་རྨང་གཞིའི་སྒྲིག་བཀོད་མུ་མཐུད་དུ་ལེགས་བསྒྱུར་བྱས་ཏེ། འགྲིམ་འགྲུལ་ཧ་ཅང་སྟབས་བདེ་བས། བྱིས་པ་སློབ་གྲྭར་འགྲོ་བདེ་བ་དང་རྒན་པའི་ནད་ལའང་བརྟག་བདེ་བོ་འདུག”ཅེས་རྡོ་ཡེ་ཡིས་དེ་ལྟར་བཤད་ཞོར་ང་ཚོ་བསོད་ནམས་ཆེ་བས་དུས་སྐབས་བཟང་པོར་འཕྲད་འདུག་ཟེར།

ཟླ་ཕྱེད་ཙམ་ལ་དངོས་སྡོད་བཅར་འདྲི་བྱས་པ་བརྒྱུད་དེ་གཙང་གསུམ་འབྱུང་ཡུལ་གྱི་བསམ་བློར་བཅིངས་འགྲོལ་ཐོབ་པ་དང་དཔལ་འབྱོར་འཕེལ་སྟངས་བསྒྱུར་ཏེ། “ལྗང་མདོག་འཕེལ་རྒྱས”མངོན་འགྱུར་འབྱུང་རྒྱུ་ནི་ལས་བྱེད་པ་དང་ལས་བཟོ་པ། འབྲོག་པ་མང་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་ཟིན་དུ་གྱུར་དང་འགྱུར་བཞིན་པ་ཤེས།

“སྐྱེ་ཁམས་ཉམས་ལེན”ལས་ལྗང་མདོག་ཕྱུག་སྒྱུར་གྱི་ལམ་གསར་བཏོད་པ།

རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་དེ་ནི་མི་དམངས་ཀྱི་བདེ་སྐྱིད་ལ་འབྲེལ་བར་མ་ཟད། མི་རིགས་ཀྱི་མ་འོངས་པ་དང་འབྲེལ་བའི་ཡུན་རིང་གི་ཇུས་ཆེན་ཞིག་ཡིན་པས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་ས་ནི་མཚོ་སྔོན་གྱི་དམངས་ཚིས་བཟོ་འགོད་ཆེས་ཆེན་པོ་ཞིག་ཡིན།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྫ་ཆུ་འབྱུང་ཡུལ་རྣམ་སྲས་ཞང་དོ་དམ་ས་ཚིགས་ཀྱིས་རང་ས་གནས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་སྐྱེ་ཁམས་དོ་དམ་བྱ་བ་དེ་འབྲོག་པའི་དབུལ་ཐར་བྱ་བ་དང་ཟུང་དུ་སྦྲེལ་ནས། ཞང་ཡོངས་སུ“སྐྱེ་ཁམས་མྱོང་ཚོར”ཡུལ་སྐོར་གྱི་དབུལ་སྐྱོར་ལས་གཞི་སྤེལ་བ་དང་། དབུལ་ཁྱིམ21ལ་རིན་མི་ལེན་པར “ཡུལ་སྐོར་ཁང་ཆུང”བྱིན་པ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི“སྐྱེ་ཁམས་མྱོང་ཚོར”ཡུལ་སྐོར་གྱི་དཔེ་སྟོན་ས་ཁུལ་བསྐྲུན་པས། གཙང་གསུམ་འབྱུང་ཡུལ་གྱི་ལྟེ་གནས་སུ་སྡོད་པའི་འབྲོག་པ་མང་ཚོགས་ལ་ལྗང་མདོག་ཕྱུག་སྒྱུར་གྱི་ལམ་གསར་ཞིག་བཏོད།

རྣམ་སྲས་ཞང་གི་ལོ53ལ་སོན་པའི་སྐྱེ་ཁམས་ལྟ་སྲུང་པ་ཡོན་ཏན་ནི“སྐྱེ་ཁམས་ཉམས་ལེན”གོང་དུ་སྤེལ་བར་བརྟེན་ནས་ཕྱུག་པོ་གྱུར་པའི་མིག་དཔེ་རུ་གྱུར།

ད་ལོའི་ཟླ་དང་པོའི་ཚེས28ཉིན། ཡོན་ཏན་དང་བུ་མོ་འཛོམས་གཡང་གཉིས་ཀྱིས་ཡུལ་ཤུལ་གྲོང་ཁྱེར་ནས་སིལ་ཏོག་དང་སྔོ་ཚོད་ཉོས་རྗེས་ཐད་ཀར་གནམ་གྲུ་ཐང་དུ་སོང་ནས་རྒྱང་རིང་ནས་ཡོང་བའི་མགྲོན་པོ་མ་ཅིན་ནེང་ཁྱོ་ཤུག་གཉིས་སྣེ་ལེན་བྱས། ཁོ་ཚོ་ནི་ཆེད་དུ“སྐྱེ་ཁམས་ཉམས་ལེན”བྱེད་དུ་ཡོང་བ་རེད།

ཡོན་ཏན་ཚང་ནི་རྣམ་སྲས་ཞང་ནས་སྤྱི་ལེ20ལྷག་ཡོད་པའི་གྲོག་རོང་དོག་མོ་ཞིག་ཏུ་གནས་ཡོད་ལ། ཁང་པའི་མདུན་རྒྱབ་ཀྱི་ཡུལ་ལྗོངས་ནི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན་པར་མ་ཟད། ཡོན་ཏན་ནི་སྣེ་ཤན་པ་བཟང་པོ་ཞིག་ཀྱང་ཡིན་པས། ཁོ་ཚང་གི་སྨི18ཙམ་ལས་མེད་པའི་དོས་སྒམ་ལྟ་བུའི་འགྲུལ་ཁང་ནས་མ་ཅིན་ནེང་ཁྱོ་ཤུག་གཉིས་ཀྱིས་བོད་རིགས་མང་ཚོགས་ཀྱི་གདོད་མའི་འཚོ་བར་རོལ་མྱོང་བྱས། ཡོན་ཏན་གྱི་སྣེ་ཤན་འོག་རྣམ་སྲས་ཀྱི་ས་དམར་བྲག་སྐུ་རང་བྱོན་དང་ནགས་ཚལ་རྩྭ་ཐང་། གྲོག་རོང་ཆུ་ཕྲན། རི་དྭགས་སོགས་ཀྱི་རང་བྱུང་མཛེས་ལྗོངས་མང་པོ་རོལ་མྱོང་བྱས་ཏེ་ཟླ2པའི་ཚེས8ཉིན་ད་གཟོད་ཕྱིར་ལོག

ཉིན12ཡི་རིང་ལ་མ་ཅིན་ནེང་གིས་བསྡོམས་པས་ཡོན་ཏན་ཚང་ལ་ཞག་སྡོད་རིན་སྒོར7200(མི་རེར་ཉིན་རེར་སྒོར300ཡིན)དང་རླངས་འཁོར་གྱི་གླ་རིན་སྒོར5000བྱིན། ཡོན་ཏན་གྱིས་དེ་དག་རེ་རེ་བཞིན་ཟིན་བྲིས་སུ་བཀོད་ཡོད། ན་ནིང་གི་ཟླ10པར“སྐྱེ་ཁམས་ཉམས་ལེན”གཉེར་བའི་ཚུན་དུ། མགྲོན་པོ་ཐེངས་གཉིས་སྣེ་ལེན་བྱས་ཏེ། ཡོང་སྒོ་སྒོར་ཁྲི་གཅིག་སྟོང་གསུམ་འཕར།

ལྗང་མདོག་གི་བདེ་སྐྱིད་སྐྲུན་པའི་ཁྲོད་མང་ཚོགས་གཙོ་གཞི་རུ་གྱུར་ཡོད།

ཡོན་ཏན་ཚང་གི་དོས་སྒམ་ལྟ་བུའི་འགྲུལ་ཁང་དེ་དང་དེའི་ནང་གི་ཡོད་ཚད་སྲིད་གཞུང་གིས་རིན་མ་བླངས་པར་འདོན་སྤྲོད་བྱས་པ་རེད།

རྣམ་སྲས་ཞང་གི་ཞང་ཀྲང་གཞོན་པ་ཚེ་དབང་རྡོ་རྗེ་ཡིས“སྐྱེ་ཁམས་ཉམས་ལེན”ཞེས་པ་ནི་རང་བྱུང་སྲུང་སྐྱོབ་དང་སྤྱི་ཚོགས་འཕེལ་རྒྱས་མཉམ་འདྲེས་བྱས་པ་ཡིན་ལ། སྔོན་ལ་ཞང་ཡོངས་ཀྱི་ཁྱིམ་ཚང22བདམས་ནས་སྣེ་ལེན་ཁྱིམ་ཚང་བྱས་ཏེ། རང་བྱུང་ཁམས་ལ་ཉམས་ལེན་བྱེད་འདོད་མཁན་རྣམས་ལ་ཟ་མ་དང་སྡོད་ཁང་འདོན་སྤྲོད་བྱེད་པར་མ་ཟད་སྣེ་ཤན་པའི་འགན་ཁུར་ཏེ་རི་མགོར་སོང་ནས་རི་དྭགས་སྣ་ཚོགས་ལ་ལྟ་རུ་འཇུག་པ་ཡིན། མཇུག་མཐའི་ཡོང་སྒོ་ལས45%སྣེ་ལེན་ཁྱིམ་ཚང་ལ་དབང་བ་དང་། 45%སྡེ་ཁུལ་དུ་བཞག་ནས་སྤྱི་སྤྱོད་དོན་ལས་སུ་བཀོལ་བ་དང་། 10%རི་དྭགས་སྲུང་སྐྱོབ་ཐེབས་རྩར་བཞག་ཡོད་ཟེར། ཚེ་དབང་རྡོ་རྗེ་ཡིས་མིག་སྔར་ཁྱིམ་ཚང་གཅིག་གི་སྣེ་ལེན་ཚད་ལྡན་མིན་པས་ཕྱིར་ཕུད་པ་རེད་ཅེས་བཤད།

ལྗང་མདོག་ནི་ཚེ་སྲོག་གི་ལྗང་མདོག་དང་འཕེལ་རྒྱས་ཀྱི་ལྗང་མདོག དམངས་འཚོའི་ལྗང་མདོག་བཅས་སུ་གྱུར་ཡོད་པས། རྒྱལ་ཁབ་སྤྱི་གླིང་གི་ལྗང་མདོག་གི“འཕེལ་རྒྱས་ཁེ་སྤོགས”ལ་རིམ་བཞིན་འགྱུར་ལྡོག་བྱུང་ཞིང་ནང་དོན་རིམ་བཞིན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད།

འདས་པའི་དུས་ཤིག་ལ། རྨ་སྟོད་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་རྣམས་ཀྱིས་སློབ་གྲྭའི་སློབ་ཁང་དང་སྡོད་ཁང་གི་དྲོད་རླངས་ལྕགས་ལེབ་དང་ལྕགས་སྦུག་ཚང་མ་གསར་པ་གསར་རྐྱང་དུ་བསྒྱུར་བ་མཐོང་བྱུང་། ཡིན་ཡང་ནི་དུས་དེ་ནས་བཟུང་སློབ་གྲྭས། དྭངས་གཙང་གི་ནུས་ཁུངས་དྲོད་རླངས་བཀོལ་སྐྱོད་བྱས་བྱུང་བ་ཡིད་ལའང་མ་དྲན། དེ་ནི་རྒྱལ་ཡོངས་ཀྱི་མཐོ་གྲང་དང་མཚོ་ངོས་ལས་མཐོ་བའི་ས་ཁུལ་གྱིས་དྭངས་གཙང་ནུས་ཁུངས་བཀོལ་ནས་དྲོད་རླངས་གཏོང་བའི་དཔེ་སྟོན་སྡེ་ཚན་རེད།

དེ་ལས་ཀྱང་གླེང་རིན་ཡོད་པ་ཞིག་ནི་ལས་གཞིས་རྫོང་ཡོངས་ཀྱི་མི་སྟོང་ལྔ་ཡི་ལོ་གཅིག་གི་ཟླ་བ11རིང་གི་དྲོད་རླངས་དགོས་མཁོ་བསྐང་ཐུབ་པར་མ་ཟད། དྲོད་སྐྱེལ་རྒྱ་ཁྱོན་སྨི་གྲུ་བཞི་མ་འབུམ་གཉིས་ཁྲི་དགུར་བུད་ཡོད་པས། ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི་གཉིས་དང་བདུན་བརྒྱ་བཅུ་གཉིས་གྲོན་ཆུང་བྱེད་ཐུབ་པ་དང་། ཐན་འགྱུར་དངོས་རྫས་དང་དབྱང་གཉིས་ཐན་འགྱུར་སོགས་ཀྱི་གཏོང་གྲངས་ཏུན་ཁྲི་བདུན་ལྷག་ཉུང་འཕྲི་བྱེད་ཐུབ།

རྒྱལ་ཁབ་སྤྱི་གླིང་དུ་སོང་ན། གནམ་སྔོན་པོ་དང་སྤྲིན་དཀར་པོ། རྩྭ་ཐང་། གངས་རི། མཚེའུ། ནོར་ལུག་སོགས་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་མཛེས་ལྗོངས་མཐོང་བ་ལས་གཞན། ད་རུང་བྱིས་པ་རྣམས་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་སློབ་ཁྲིད་ཐོག་ཁང་དང་། གྲལ་དག་དྲོད་སྐྱིད་ལྡན་པའི་སྡོད་ཁང་ནང་དུ་དགའ་སྤྲོའི་ངང་སློབ་སྦྱོང་དང་འཚོ་བ་རོལ་བཞིན་པའི་ཡུལ་ལྗོངས་གཞན་པ་ཞིག་ཀྱང་མཐོང་ཐུབ།

“གཅིག་ཀྱང་ལུས་མི་རུང”པ་ཡིས་འབྲོག་པའི་བྱིས་པ་ཚང་མར་འདྲ་མཉམ་གྱིས་སློབ་གསོའི་ཐོན་ཁུངས་ལོངས་སྤྱོད་བྱེད་དུ་བཅུག་ལ། དེ་ནི་འབྲོག་ཁུལ་གྱི་སློབ་གྲྭ་ཚང་མའི་འབད་བརྩོན་གྱི་དམིགས་འབེན་ཡིན། ཟླ4པའི་ཚེས16ཉིན། འབྲི་སྟོད་རྫོང་རྒྱལ་རྗེ་ཕོ་བྲང་སྐེད་གྲོང་རྡལ་སྐྱིད་དགའ་སློབ་ཆུང་དུ་སོང་ནས། ང་ཚོས་ས་བབ་མཐོ་བའི་དབང་གིས་ལུས་པོ་མི་བདེ་བར་མ་འཛེམ་པར། ས་དེའི་བྱིས་པ་རྣམས་དང་མཉམ་དུ་སྤོས་འགྱིག་ལུས་རྩལ་ཐང་དུ་རོལ་རྩེད་བྱས་པ་དང་། དཔེ་ཆའི་ངོས་ཀྱི་ཤེས་བྱར་རོལ་ཏེ། གནས་དེའི་མཛེས་པ་ཡོད་ཚད་རོལ་མྱོང་བྱས། མཛེས་སྡུག་ལྡན་པའི་སློབ་ཁང་དང་གྲལ་དག་པའི་ཉལ་ཁང་དང་ཟ་ཁང་། གསར་དུ་བཏིངས་པའི་སྤོས་འགྱིག་རྒྱུགས་ལམ་བཅས་ཡོད་པར་མ་ཟད། ཆ་འཕྲིན་ཅན་གྱིས་ཡོངས་སུ་ཁེབས་ཡོད།

རབ་མཛེས་མཚོ་སྔོན་གྱི་མཛེས་པ་ནི་སྐྱེ་ཁམས་ཀྱི་སྟེང་དུ་ཡོད།

མཚོ་སྔོན་ནི་གཙང་གསུམ་འབྱུང་ཡུལ་དང“ཀྲུང་ཧྭའི་ཆུ་མཛོད”ཡིན་ལ། དུས་མཉམ་དུ་འཕེལ་རྒྱས་དལ་བའི་ཞིང་ཆེན་ཞིག་ཀྱང་ཡིན་པར་མ་ཟད། ད་དུང་ནུབ་རྒྱུད་ས་ཁུལ་དང་མཐོ་སྒང་ས་ཁུལ། མི་རིགས་ས་ཁུལ། དབུལ་ཕོངས་ས་ཁུལ། སྐྱེ་ཁམས་ཉམས་ཞན་ས་ཁུལ་སོགས་ཕྱོགས་གཅིག་ཏུ་འདུས་པའི་ས་ཁུལ་ཞིག་ཀྱང་ཡིན། སྐྱེ་ཁམས་བཀག་དངོས་བརྟན་འཛུགས་དང་མཉམ་དུ་འབྱོར་འབྲིང་སྐྲུན་དགོས་པས། ལྗང་མདོག་འཕེལ་རྒྱས་དང་ཁོར་རྒྱུག་དཔལ་འབྱོར་ནི་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་དགོས་ངེས་ཀྱི་ཐབས་ལམ་ཞིག་ཏུ་གྱུར་ཡོད།

མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་ཚན་རིག་དང་མཐུན་པའི་རང་བྱུང་ལྟ་བ་དམ་པོར་ཁོང་དུ་ཆུད་པ་བྱས་ཏེ། “གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་བཟང་པོ་དང་། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བཟང་པོ་བྱེད་དགོས་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་འཛུགས་དགོས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་འདུ་ཤེས་དམ་པོར་བཅངས་ནས། དཔལ་འབྱོར་གྱི་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ཆེན་ཧུར་བརྩོན་གྱིས་མངོན་འགྱུར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་མི་དམངས་ལ་བདེ་སྐྱིད་སྐྲུན་པར་ཕན་པའི་དམིགས་འབེན་ཡིན་པ་སེམས་ལ་དམ་པོར་བཅངས་ནས། རིགས་སོ་སོའི་མང་ཚོགས་ལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་སྔར་ལས་མང་པོའི་སྐྱིད་སྣང་ཐོབ་ཏུ་འཇུག་པ་སྟེ། རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་བསྐྲུན་ཏེ་མཛེས་སྡུག་མཚོ་སྔོན་གྱི་སྣང་བརྙན་མངོན་པའི་གོམ་པ་བརྟན་པོར་སྤོ་དགོས། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།