མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་བརྗོད་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལས་གཞི་དངོས་སུ་སྤེལ་འགོ་བརྩམས།
2019.06.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

 ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་མཉམ་འབྲེལ་སྒོས་བསྒྲུབས་པའི་རྒྱལ་ཁབ་སྤྱི་གླིང་བརྗོད་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལས་གཞི་དངོས་སུ་སྤེལ་མགོ་རྩོམ་པའི་ཚོགས་ཆེན་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཀྲང་ཅན་ལུང་གིས་མཉམ་དུ་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་སྒོ་བྱང་གི་ཡོལ་བ་ཕྱེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་དང་ཀྲང་ཅན་ལུང་གིས་སོ་སོར་གཏམ་བཤད་པར་མ་ཟད། མཉམ་ལས་གྲོས་མཐུན་བཀོད།

ལིག་ཉིང་གིས་གཏམ་བཤད་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་ལས་དོན་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས། ཁོས་བསྟན་དོན། རྒྱལ་ཁབ་སྤྱི་གླིང་བརྗོད་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལས་དོན་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དང་མཚོ་སྔོན་གྱི་གནས་ཚུལ་དངོས་ནས་རྐང་ཚུགས་པར་བྱེད་པ། སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་གཉིས་ཀྱི་གཅིག་མཐུན་ལྟ་ཚུལ་འོག་ནས་སྤེལ་བའི་གསར་གཏོད་ཀྱི་བྱེད་ཐབས་ཤིག་ཀྱང་ཡིན། དེ་མིན་ད་དུང་ཧུར་བརྩོན་ཆེན་པོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་སྔོན་དུ་འགྲོ་བར་བརྩོན་པ། ལྗང་མདོག་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་པ་བཅས་ཀྱི་ལག་ལེན་འཚོལ་ཞིབ་ཀྱང་ཡིན། དེ་ལས་གཞན་ད་དུང་དངོས་གནས་ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་རྒྱུ་དང་། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ། བྱ་བའི་སྟོབས་ཤུགས་གཅིག་བསྡུས་བྱེད་པ། ཧུར་བརྩོན་ཆེན་པོས་གསར་གཏོད་འཚོལ་ཞིབ་བྱེད་པ། ཁོར་ཡུག་གི་རྣམ་པ་ལེགས་པོ་བསྐྲུན་པ། ནན་ཏན་སྒོས་རྒྱལ་ཁབ་སྤྱི་གླིང་བརྗོད་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་ཞེས་པ་དངོས་འབེབས་ནན་མོ་བྱེད་པ་བཅས་ལ་འབད་དེ། དཔེ་སྟོན་ཞིང་ཆེན་བསྐྲུན་པའི་སྐོར་གྱི་བྱ་བ་སྣ་ཚོགས་ལ་ནན་ནན་ཏིག་ཏིག་གིས་སྐུལ་འདེད་གཏོང་དགོས། འཆར་འགོད་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་རང་བྱུང་སྲུང་སྐྱོབ་ས་ཁུལ་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བར་གྲུབ་འབྲས་གསར་བ་ལེན་པར་བརྩོན་པ་དང་། བཅོས་སྒྱུུར་གཏིང་ཟབ་ཏུ་སྤེལ་ཏེ། ཤུགས་ཆེན་པོས་དོ་དམ་རྐྱེན་སྲོལ་གསར་སྐྲུན་བྱེད་པར་གྲུབ་འབྲས་གསར་བ་ལེན་པར་བརྩོན་དགོས། བྱེད་ཐབས་སྣ་མང་སྤྱད་དེ་ཤུགས་ཆེན་པོས་མ་དངུལ་འགན་སྲུང་གི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བར་གྲུབ་འབྲས་གསར་བ་ལེན་པར་བརྩོན་པ་དང་།  འདེགས་སྐྱོར་ནུས་པ་ཇེ་དྲག་ཏུ་བཏང་སྟེ། ཤུགས་ཆེན་པོས་ཚན་རིག་ནུས་ལྡན་གྱི་དོ་དམ་མངོན་འགྱུར་བྱེད་པར་གྲུབ་འབྲས་གསར་བ་ལེན་པར་བརྩོན་དགོས། མཉམ་སྐྲུན་མཉམ་སྤྱོད་བྱས་ཏེ། ཤུགས་ཆེན་པོས་མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་པའི་ཐད་གྲུབ་འབྲས་གསར་བ་ལེན་པར་བརྩོན་དགོས། དུས་གསར་བའི་གོ་སྐབས་འདིར་བརྟེན་ནས་མཚོ་སྔོན་གྱི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བཏང་སྟེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་བྱས་རྗེས་གསར་བ་སྔར་ལས་ཆེན་པོ་འཇོག་དགོས།

ཀྲང་ཅན་ལུང་གིས་གཏམ་བཤད་ཁྲོད་བཤད་རྒྱུར། རྒྱལ་ཁབ་སྤྱི་གླིང་བརྗོད་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལམ་ལུགས་གསར་གཏོད་ཡིན། དེ་མིན་ད་དུང་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོའང་ཡིན། རྒྱལ་ཁབ་སྤྱི་གླིང་བརྗོད་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལས་དོན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་བླ་མེད་བྱས་ཏེ་ཆ་རྐྱེན་འཛོམས་ཤིང་རྨང་གཞི་འདང་ངེས་ཡིན་པས། རང་རྟོག་རང་བཞིན་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། རང་བྱུང་སྲུང་སྐྱོབ་ས་ཁུལ་ཧྲིལ་བསྡུས་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བ་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་རྐྱེན་སྲོལ་གསར་སྐྲུན་བྱེད་པ། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་དངུལ་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རང་བྱུང་སྲུང་སྐྱོབ་ས་ཁུལ་ཚན་རིག་དང་ནུས་ཡོད་སྒོས་དོ་དམ་བྱེད་པར་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཡོང་བ་འཚོལ་ཞིབ་བྱེད་པ་སོགས་ཀྱི་ཐད་མིག་དཔེ་སྟོན་དགོས་ལ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ནན་ཏན་སྒོས་འགན་གཙང་ལེན་བྱས་ཏེ། བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་དང་། སྲིད་ཇུས་དང་མ་དངུལ། འཇོན་ཐང་མི་སྣ། ལག་རྩལ་སོགས་ཀྱི་ཐད་ནས་མུ་མཐུད་དུ་རྒྱབ་སྐྱོར་བྱས་ནས། མཚོ་སྔོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་དང་ནགས་ལས་དང་རྩྭ་ཐང་ལས་དོན་འཕེལ་རྒྱས་ལ་ཆ་རྐྱེན་གསར་གཏོད་བྱེད་རྒྱུ་ཡིན་ཟེར།

རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའི་སྤྱི་ཁྱབ་འདུ་འགོད་པ་ཀྲང་ཧོང་བུན་གྱིས《རྒྱལ་ཁབ་སྤྱི་གླིང་བརྗོད་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་མཉམ་དུ་འཛུགས་སྐྲུན་བྱེད་པར་འཐད་པ་བྱུང་བའི་སྐོར་གྱི་ཡི་གེ》སྒྲོག་སྦྱོང་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའི《མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་བརྗོད་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་མཉམ་དུ་འཛུགས་པའི་སྐོར་གྱི་བརྡ་ཐོ》སྒྲོག་སྦྱོང་བྱས་ཤིང་། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་མཚོ་སྔོན་གྱིས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས།

ལོ་ཙཱ་བ། སྒྲོལ་མ་སྐྱིད།