འབྲི་ཆུའི་མགོ་ཁུངས་སུ་སྐྱེ་ཁམས་ཀྱི་ས་བོན་བཏབ་པ།
2019.06.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 22

 ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་སྐྱིད་དགའ་སློབ་ཆུང་དུ་ཡངས་ཤིང་གསལ་བའི་སློབ་ཁང་དང་དྭངས་གཙང་གྲལ་དག་གི་མལ་ཁང་། ཟ་ཁང་དང་གསར་དུ་བཏིངས་བའི་འགྱིག་བཟོས་རྒྱུག་ལམ་བཅས་ཡོད།

སློབ་རའི་ནང་སོང་བ་ན། སློབ་ཁང་ཞིག་གི་སྒོ་མདུན་དུ“གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁུལ་ལོ་ཆུང་གཞོན་ནུའི་སྐྱེ་ཁམས་ཀུན་སྤྱོད་སློབ་གསོའི་ས་ཚིགས”ཞེས་བྲིས་པའི་སྒོ་བྱང་དེ་ཀུན་གྱི་མིག་ལམ་དུ་མངོན་དུས་ལྷག་ཏུ་ཡིད་དབང་འཕྲོག་ཡོང་བར་མ་ཟད། སློབ་ཁང་ནང་གི་ཁ་དོག་ལྗང་སྐྱ་ཡིན་པའི་གྱང་ངོས་མཐོང་བ་ན་མི་རྣམས་ལ་དྭངས་གཙང་ལྷུན་ཆགས་ཀྱི་སྣང་བ་ཞིག་སྟེར།

ཁོར་སྲུང་དགེ་རྒན་ནོར་བུ་དྲི་མེད་ཀྱིས་ལོ་རིམ་གསུམ་པའི་སློབ་མར་སློབ་ཁྲིད་བྱེད་བཞིན་ཡོད་ལ། ཁོས“ཁོར་སྲུང་སློབ་ཁྲིད་ནི་ལོ་རིམ་གསུམ་པ་ནས་མགོ་བརྩམས་ཤིང་། གཟའ་འཁོར་རེར་ཐེངས་གཅིག་རེ། དེ་ལྟར་ལོ་རིམ་དྲུག་པའི་བར་དུ་ཁྲིད་པ་ཡིན”ཞེས་ངོ་སྤྲོད་བྱས།

“དེ་རིང་གི་སློབ་ཁྲིད་ཀྱི་བརྗོད་བྱ་ནི་མཐོ་སྒང་གི་རྣམ་ཤེས་སུ་འབོད་པའི་གཙོད་ཡིན། གཙོད་ལ་མཐོ་སྒང་གི་རྣམ་ཤེས་ཟེར་དོན་ཅི་ཡིན་ཞེ་ན། གཙོད་བརྒྱུད་ནས་བྱིས་པ་རྣམས་ལ་སྔར་ལས་ལྷག་པའི་སྒོ་ནས་འབྲི་སྟོད་ལ་རྒྱུས་ལོན་དང་སྐྱེ་ཁམས་ལ་རྒྱུས་ལོན་བྱེད་དུ་འཇུག་ཐུབ།”དགེ་རྒན་ནོར་བུ་དྲི་མེད་ཀྱིས་ཕྱོགས་གཅིག་ནས་སློབ་ཁྲིད་བྱེད་ཞོར། ཕྱོགས་གཅིག་ནས་གཙོད་ཀྱི་འདྲ་པར་བཟུང་སྟེ་སློབ་གྲོགས་རྣམས་ལ་སྟོན་བཞིན་ཡོད།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐྱེ་ཁམས་དཔལ་ཡོན་གྱི་སློབ་གསོ་དང་ཁ་འབྲལ་མི་རུང་ལ། སློབ་མ་ནི་སློབ་གསོ་མྱོང་མཁན་གཙོ་བོ་ཡིན། 2016ལོའི་ཟླ3པར། ཁོར་སྲུང་གི་ཁྲིད་ཚན་དངོས་སུ་སློབ་ཆུང་གི་སློབ་ཁྲིད་རེའུ་མིག་ཁྲོད་བཞག་པ་དེས་སློབ་མ་རྣམས་ལ་ཕན་འབྲས་དཔག་ཏུ་མེད་པ་ཐོབ་ཏུ་བཅུག

དགེ་རྒན་ནོར་བུ་དྲི་མེད་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ཁོར་སྲུང་སློབ་ཁྲིད་བྱེད་མགོ་བརྩམས་པ་ནས་ད་ལྟའི་བར། རང་ཉིད་ཀྱིས་རྒྱུ་ཆ་གང་མང་ཉར་ཚགས་བྱས་པ་ནས། སློབ་མ་རྣམས་ལ་མཁོ་འདོན་བྱས་པ་དང་། དེའི་ཁྲོད་རི་ཆུའི་རིག་གནས་དང་། འབྲི་ཆུའི་མགོ་ཁུངས་ཀྱི་རིག་གནས། སྲོག་ཆགས་དང་སྐྱེ་དངོས་སོགས་ཚུད་ཡོད།

“ང་ནི་བསོད་ནམས་དར་རྒྱས་ཀྱི་ཕ་ཡུལ་ཟོ་སྐྱ་ཞང་ནས་ཡོང་བ་ཡིན་ཞིང་། ངའི་སེམས་སུ་ཁོང་གིས་ཁོར་སྲུང་ལས་དོན་ལ་སྐུལ་འདེད་བཏང་ཡོད་ལ། ད་ལྟ་ང་རང་དེའི་ཁྲོད་ཞུགས་ཐུབ་ཅིང་། བྱིས་པ་རྣམས་ཁྲིད་ནས་མཉམ་དུ་ཁོར་སྲུང་ལ་རྒྱུས་ལོན་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་ཐུབ། དེ་ནི་རང་གི་དགའ་ཞེན་ཡིན་ལ་འགན་འཁྲིའང་ཡིན། ”དགེ་རྒན་ནོར་བུ་དྲི་མེད་ཀྱིས་དེ་ལྟར་བཤད།

འཛིན་གྲྭའི་ནང་གི་སློབ་མ་ཚེ་རིང་ལྷ་མོས་བཤད་རྒྱུར།“ང་ཚོ་ཚང་མ་སྐྱེ་ཁམས་སློབ་ཁྲིད་ལ་དགའ་ཞིང་། ངས་ད་ལྟ་འབྲི་ཆུའི་མགོ་ཁུངས་ནི་རང་གི་ཕ་ཡུལ་ཡིན་པ་ཤེས་པ་དང་། སྲོག་ཆགས་གང་དག་ལ་སྲུང་སྐྱོབ་ཐོབ་དགོས་པའང་ཤེས་ཡོད། དབྱར་ཁར་དགེ་རྒན་གྱིས་ང་ཚོ་ཕྱི་རོལ་ལ་ཁྲིད་དེ་སྐྱེ་དངོས་ལ་ལྟ་ཞིབ་དང་། དེ་རྗེས་ང་ཚོར་རི་མོ་འབྲི་རུ་བཅུག”

ངོ་སྤྲོད་བྱས་པ་ལྟར་ན། ཁོར་སྲུང་སློབ་ཁྲིད་མགོ་བརྩམས་པ་ནས། སློབ་གྲྭ་ཡོངས་ཀྱི་སློབ་མ80%ཡིས་རྫོང་མཁར་ཉེ་འགྲམ་དང་རང་ཁྱིམ་གྱི་རྩྭ་སའི་ཉེ་འདབས་ཀྱི་རི་ཆུའི་མིང་ཤེས་པར་གྱུར། དེ་ལས་གཞན་རང་གིས་བསླབས་ཟིན་པའི་ཤེས་བྱ་རྣམས་ཁྱིམ་ཚང་གི་ནང་མིར་ཉན་དུ་འཇུག་པ་དང་། ཉེ་འགྲམ་གྱི་མི་རྣམས་དེའི་ཁྲོད་ཞུགས་པར་སྐུལ་མ་གཏོང་གིན་ཡོད།

“དབྱར་ཁ་དང་དགུན་ཁའི་གུང་གསེང་སྐབས་སུ་ངས་ཁོར་སྲུང་གི་ལས་བྱ་འགའ་རེ་བཀོད་སྒྲིག་བྱས་པ་ཡིན། དཔེར་ན། ཐང་ནས་བཏུས་པའི་གད་སྙིགས་རྣམས་རིགས་བགར་རྗེས་པར་འགའ་ལེན་པ་དང་། ཁྱིམ་མི་རྣམས་ལ་སྐྱེ་ཁམས་ཁོར་ཡུག་གི་སློབ་ཁྲིད་ཐེངས་ཤིག་བྱེད་པ། མཛེས་སྡུག་ལྡན་པའི་ཕ་ཡུལ་རི་མོའི་ལམ་ནས་འབྲི་བ་སོགས་བྱེད་དུ་བཅུག་པ་ཡིན”ཞེས་དགེ་རྒན་ནོར་བུ་དྲི་མེད་ཀྱིས་དེ་ལྟར་བཤད།

གཙང་གསུམ་འབྱུང་ཡུལ་དུ་ཁོར་ཡུག་སློབ་གསོའི་དཔེ་སྟོན་སློབ་གྲྭ་ཚུགས་པ་ནས་ད་ལྟའི་བར། ས་དེའི་སྐྱེ་ཁམས་དང་མི་ཆོས་ཀྱི་ཁྱད་ཆོས་ལྡན་པའི་ཁོར་ཡུག་སློབ་གསོའི་སློབ་ཁྲིད་དང་ཁོར་སྲུང་ལག་ལེན་བྱ་འགུལ་ལས། གཙང་གསུམ་འབྱུང་ཡུལ་ཧྲིལ་པོའི་ལོ་ཆུང་གཞོན་ནུ་རྣམས་ཀྱི་སྐྱེ་ཁམས་སློབ་གསོར་སྐུལ་འདེད་བཏང་བར་མ་ཟད། ལོ་ཆུང་གཞོན་ནུའི་ཁོར་ཡུག་འདུ་ཤེས་ཇེ་མཐོར་སོང་བ་དང་བསྟུན་ནས་འབྲོག་ཁུལ་གྱི་ཁྱིམ་ཚང་མང་པོར་ཤུགས་རྐྱེན་བཟང་པོ་ཐེབས། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།