མཚོ་སྔོན“སྐྱེ་ཁམས་སྒེའུ་ཁུང”གིས་གཙང་གསུམ་འབྱུང་ཡུལ་དུ་ཨོ་ཡ་ཆུ་སྲམ200ཡི་གཟུགས་བརྙན་མཐོང་བ།
2019.06.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 24

 གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཚན་ཞིབ་མི་སྣས་ཉེ་ཆར་མཚོ་སྔོན“སྐྱེ་ཁམས་སྒེའུ་ཁུང”ལས་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་རྒྱང་བསྟེན་ལྟ་དཔྱད་བྱེད་སྐབས། ཨོ་ཡ་ཆུ་སྲམ200ཡི་འགུལ་སྐྱོད་གཟུགས་བརྙན་མཐོང་བར་མ་ཟད་ཟིན་ཐོར་བཀོད་ཅིང་། དེ་ནི་རིག་གཞུང་ལས་རིགས་ཀྱིས་སྲོག་ཆགས་དེའི་རིགས་ཀྱི་འཚོ་བའི་གོམས་གཤིས་ལ་རྒྱུས་ལོན་བྱ་བར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན།

མཚོ་སྔོན“སྐྱེ་ཁམས་སྒེའུ་ཁུང”ནི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དུ་ཡོད་ཅིང་།  2016ལོའི་ཟླ6པར་བཙུགས། ས་ཆ་སོ་སོར་བཀོད་སྒྲིག་བྱས་པའི་ཁྱད་འབྱེད་མཐོ་བའི་རྒྱང་བསྟེན་ཚོད་འཛིན་བརྙན་མིག་ལ་བརྟེན་ནས། “སྐྱེ་ཁམས་སྒེའུ་ཁུང”གིས་དུས་ཐོག་ཏུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་གཙོ་གནད་ས་ཁུལ་སྐོར་ཞིག་གི་ཉེ་བའི་གནས་ཚུལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་ཅིང་། ལྟ་ཞིབ་ཚད་ལེན་གྱི་ཚངས་ཐིག་རིང་ཤོས་སྤྱི་ལེ15ལ་སླེབས་ཐུབ་པ་དང་། བརྙན་བླངས་པའི་རི་སྐྱེས་སྲོག་ཆགས་ཀྱི་བ་སྤུའང་གསལ་པོར་མཐོང་ཐུབ།

2018ལོའི་ཟླ12པར། མཚོ་སྔོན“སྐྱེ་ཁམས་སྒེའུ་ཁུང”གིས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དཔལ་ཐང་ཆུ་བོ་དང་། རྫ་ཆུ་འགྲམ་རྒྱུད་དུ་རབ་དྭངས་བརྙན་མིག6གསར་དུ་བཙུགས་པ་དང་། མིག་སྔའི་བར་དུ་ཨོ་ཡ་ཆུ་སྲམ་གྱི་འགུལ་སྐྱོད་གཟུགས་བརྙན200དང་འབྲེལ་ཡོད་བརྙན་པར་ཆིག་སྟོང་ཙམ་པར་བླངས་ཡོད།

མཚོ་སྔོན“སྐྱེ་ཁམས་སྒེའུ་ཁུང”གི་འགན་འཛིན་པ་ལི་ཧུང་ཆིས་བཤད་རྒྱུར། དབྱེ་ཞིབ་ཚད་ལེན་བྱས་ཏེ་ཐོབ་པའི་དུས་ཐོག་གི་པར་རིས་བརྒྱུད། ཞིབ་འཇུག་མི་སྣས་ཨོ་ཡ་ཆུ་སྲམ་ཕལ་ཆེ་བ་མཚན་དཀྱིལ་དུ་འགུལ་སྐྱོད་བྱེད་པ་མཐོང་།ཁ་ཟས་གཙོ་བོ་ནི་ཆུའི་ནང་གི་ཉ་རིགས་ཡིན་ཞིང་། སྲམ་ཚང་མང་ཆེ་བ་ཆུ་འགྲམ་གྱི་བྲག་ཁུང་དུ་བཅས་ཡོད་ཅིང་། འཚོ་སྡོད་བྱེད་སའི་ཉེ་འཁོར་གྱི་ཆུ་སྤུས་ལ་རེ་བ་ཤིན་ཏུ་མཐོན་པོ་ལྡན།

ལི་ཧུང་ཆིས་བསྟན་དོན།གོང་དུ་བརྗོད་པའི་མཐོང་དཀོན་པའི་གཟུགས་བརྙན་དག་གཞི་གྲངས་མཛོད་དུ་ཉར་ཚགས་བྱས་ཟིན་པ་དང་། ད་ལོའི་ལོ་མཇུག་ཏུ། ཚན་ཞིབ་མི་སྣས་ཨོ་ཡ་ཆུ་སྲམ་གྱི་པར་རིས་ནང་དུ་ཚུད་པའི་གཟུགས་བརྙན་རྒྱུ་ཆ་ཡོངས་རྫོགས་ལ་མ་ལག་ལྡན་པའི་དབྱེ་ཞིབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་མ་ལག་གི་གནས་ཚུལ་དང་སྲོག་ཆགས་རིགས་ཀྱི་འཚོ་གནས་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱ་རྒྱུ་རེད།

གསར་འགོད་པས་གཙང་གསུམ་འབྱུང་ཡུལ་ནས་རྒྱུས་ལོན་བྱུང་བ་ནི། གནམ་གཤིས་དང་མིའི་བྱ་སྤྱོད་ཀྱི་ཤུགས་རྐྱེན་ཐེབས་ཏེ། ཨོ་ཡ་ཆུ་སྲམ་ས་དེར་སྐབས་ཤིག་ལ་རྗེས་ཤུལ་བཙལ་རྒྱུ་དཀའ་བར་གྱུར། ཉེ་བའི་ལོ་འགའི་རིང་། སྲོག་ཆགས་དེའི་རིགས་ཐེངས་གང་མང་ལ་འབྲི་ཆུའི་འབྱུང་ཡུལ་ས་ཁུལ་དང་རྫ་ཆུའི་འབྱུང་ཡུལ་ས་ཁུལ་དུ་མངོན། མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་ཡོད་པའི་གཙང་གསུམ་འབྱུང་ཡུལ་ས་ཁུལ་ནི་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་ཡིན། 2015ལོར། ཨོ་ཡ་ཆུ་སྲམ་ནི་འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱིས་འཇིག་ཉེན་ཆེ་བའི་སྲོག་ཆགས་སྐོར་གྱི་ཉེན་ལྡན་མིང་ཐོའི་གྲས་སུ་བཞག 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།