ཕྱོགས་དྲུག་གཞི་གཅིག་གི་འཐབ་ཇུས་ལ་བརྟེན་ནས་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བྱས།
2019.06.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

 མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་གོ་སྐབས་སུ་བཟུང་ཏེ། ཧུར་ཐག་གིས་སྐྱེ་ཁམས་སྲུང་སྐྱོབ་དང་བོད་ཁུལ་བཅོས་སྐྱོང་བྱ་བའི་དཔེ་དབྱིབས་གསར་བ་འཚོལ་ཞིབ་དང་།   རྫོང་ཡོངས་ཀྱི་སྐྱེ་ཁམས་ལྟ་སྲུང་པ་སྟོང་གསུམ་དང་བཞི་བཅུ་ཞེ་གཉིས་ལ་སྐྱེ་ཁམས་སྲུང་སྐྱོབ་དང་གནད་ཕིགས་དབུལ་སྐྱོར། བརྟན་འཇགས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ།  བསམ་པའི་དཔལ་ཡོན། འོས་འགན་སློབ་གསོ་སོགས་འགན་འཁྲི་བསྩལ་བའི་ཕྱོགས་དྲུག་གཞི་གཅིག་གི་དྲ་མིག་ཅན་གྱི་དོ་དམ་དཔེ་དབྱིབས་གསར་སྐྲུན་བྱས་ཏེ། གཅིག་ཏུ་སྦྲེལ་ཞིང་ཡོངས་སུ་འདྲེས་པའི་སྐྱེ་ཁམས་ལྟ་སྲུང་དོ་དམ་མ་ལག་གྲུབ་པའི་རྨང་གཞིའི་སྟེང་། རྨ་སྟོད་ཀྱི་དོན་དངོས་དང་མཐུན་པའི་ཐོན་སྐྱེད་འཚོ་བ་དང་སྐྱེ་ཁམས་མཉམ་འགུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སྒྲིག་སྲོལ་རྐྱེན་སྲོལ་འཚོལ་ཞིབ་བྱུང་བ་དང་། སྲིད་གཞུང་དང་ལས་བྱེད་པ། མང་ཚོགས་བཅས་མཉམ་དུ་ཟབ་ཞུགས་དང་མཉམ་དུ་བཅོས་སྐྱོང་། མཉམ་དུ་འཛུགས་སྐྲུན། མཉམ་དུ་ལོངས་སྤྱོད་བྱེད་པའི་དམངས་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་རྣམ་པ་གྲུབ་པར་བྱས།

རྨ་སྟོང་རྫོང་གིས་སྤོབས་པ་ཆེན་པོས་བསམ་གཞིགས་གསར་བ་གསར་གཏོད་དང་། དྲ་མིག་ཅན་གྱི་མི་སྣར་ལས་རྐང་གཅིག་ལ་འགན་འཁྲི་མང་པོ་དང་འགན་འཁྲི་གཅིག་ལ་འཇོན་ནུས་མང་པོའི་བླང་བྱ་ལྟར། དྲ་མང་གཅིག་གྱུར་ལག་བསྟར་བྱས་ཏེ། གཞི་རིམ་ཏང་འཛུགས་སྐྲུན་དང་སྐྱེ་ཁམས་ལྟ་སྲུང་། གནད་ཕིགས་དབུལ་སྐྱོར། སྤྱི་ཚོགས་བརྟན་འཇགས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བཅས་གཙོ་གནད་ཡིན་པའི་ཕྱོགས་དྲུག་གཞི་གཅིག་གི་ཕྱོགས་བསྡུས་དྲ་མིག་བཙུགས།

ད་ལྟ་སྐྱེ་ཁམས་ལྟ་སྲུང་པས་དྲ་མིག་ནང་ནས་འགན་ནུས་བདུན་སྤྱད་ཆོག་ལ། གླིང་ཁུལ་གྱིས་ངོ་བོ་གཏན་འཁེལ་དང་གྲངས་ཚད་གཏན་འཁེལ་ཕན་ཚུན་ཟུང་འབྲེལ་བྱེད་པའི་རྩ་དོན་ལྟར། དྲ་མིག་དོ་དམ་གྱི་དཔྱད་ཞིབ་མ་ལག་བཙུགས་པ་དང་། དཔྱད་ཞིབ་དང་བྱ་དགའ་སྟེར་བ་བརྒྱུད་ནས། སྐྱེ་ཁམས་ལྟ་སྲུང་པའི་བྱ་བའི་བརྩོན་སེམས་སྐུལ་སྤེལ་བྱས་བ་ཡིན་ཞེས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་སྐྱེ་ཁམས་སྲུང་སྐྱོབ་ས་ཚིགས་ཀྱི་མགོ་གཙོ་མཱ་ཀོས་ཀྱིས་དེ་ལྟར་བཤད་བྱུང་།

མཱ་ཀོས་ཀྱིས་མུ་མཐུད་དུ་བཤད་རྒྱུར། དཔྱད་ཞིབ་མཇུག་འབྲས་ལྟར་དུ། དྲ་མིག་ཅན་གྱི་མི་སྣར་ཕུལ་བྱུང་དང་ཚད་ལྡན། ཚད་ལྡན་མིན་པ་བཅས་ཀྱི་རིམ་པ་གསུམ་གཏན་འཁེལ་བྱས་པ་ཡིན་ལ། ཕུལ་བྱུང་དྲ་མིག་ཅན་གྱི་མི་སྣར་བྱས་འབྲས་གླ་ཕོགས་ཁ་ཚང་དུ་སྟེར་བ་ལས་གཞན། ད་དུང་བྱ་དགའ་སྟེར་བ་དང་། ཚད་ལྡན་ཡིན་པའི་དྲ་མིག་ཅན་གྱི་མི་སྣར་བྱས་འབྲས་གླ་ཕོགས་ཁ་ཚང་དུ་སྟེར་བ། ཚད་ལྡན་མིན་པའི་དྲ་མིག་ཅན་གྱི་མི་སྣར་བྱས་འབྲས་གླ་ཕོགས་འཐེན་པ་བཅས་ཀྱི་བྱེད་ཐབས་ལག་བསྟར་བྱས་ཡོད་ཟེར།

ང་ཚོའི་ཚན་ཆུང་གི་ལྟ་སྲུང་པ་བཅུ་ཡིས་ཟླ་རེར་བསྐོར་སྲུང་ཐེངས་གསུམ་རེ་བྱེད་ཀྱིན་ཡོད་ལ། ཐེངས་རེར་ཉིན་བདུན་ནས་བརྒྱད་བར་དགོས། ལམ་ཐིག་མི་འདྲ་བ་དང་ལྟ་སྲུང་པའི་འགན་འཁྲི་མི་འདྲ་བ་ལྟར་དུ་བསྐོར་སྲུང་བྱ་བ་ཡོངས་འགྲུབ་བྱས་པ་ཡིན་ལ།  ཚན་ཆུང་གི་མི་སྣ་རྩ་འཛུགས་བྱས་ནས་ལམ་རྒྱུད་ཀྱི་གད་སྙིགས་གཙང་སེལ་བྱེད་རྒྱུ་ནི་ཁོ་ཚོའི་ལས་ཀ་གཙོ་བོ་ཡིན། ཚང་མར་གླ་ཕོགས་ཡོད་པས་ཕ་ཡུལ་མཛེས་བཟོ་ཡི་ལས་ཀ་རང་འགུལ་གྱིས་གཉེར་གྱིན་ཡོད་ལ་བརྩོན་སེམས་ཧ་ཅང་ཆེ་ཞེས་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཞང་གྲོ་རེངས་འབྲོག་དམངས་ཨུ་ཡོན་ལྷན་ཁང་གི་སྐྱེ་ཁམས་ལྟ་སྲུང་པ་ཚེ་དབང་རིག་འཛིན་གྱིས་དེ་ལྟར་བཤད་བྱུང་།

ཚེ་དབང་རིག་འཛིན་གྱིས་བཤད་པ་ཇི་བཞིན་སྔོན་ཆད་སྐྱེ་ཁམས་ལྟ་སྲུང་པ་མང་ཆེ་བས་ཕྱུགས་ལས་ཐོན་སྐྱེད་གཙོར་བཟུང་ནས་གཉེར་ཀྱིན་ཡོད་པས་ཡོང་སྒོ་དམའ་ཞིང་། དེའི་ཁར་སྤྱི་ཚོགས་ཀྱི་སྤྱི་ཕན་ལས་དོན་ཁྲོད་ཞུགས་པའི་འདུ་ཤེས་ཞན་པས་རྩ་འཛུགས་བྱེད་པར་དཀའ་ཁག་ཆེ། ད་ལྟ་དྲ་མིག་ཅན་གྱི་མི་སྣ་རེ་རེར་རྨང་གཞིའི་གླ་ཕོགས་དང་བྱས་འབྲས་གླ་ཕོགས་ཀྱི་རྣམ་པ་ལག་བསྟར་བྱས་ཡོད་པས། ཟླ་རེའི་གླ་ཕོགས་ཆིག་སྟོང་བརྒྱད་བརྒྱ་དེ་རྨང་གཞིའི་གླ་ཕོགས་བརྒྱ་ཆའི་བདུན་ཅུ་དང་བྱས་འབྲས་གླ་ཕོགས་བརྒྱ་ཆའི་སུམ་ཅུའི་བསྡུར་ཚད་ལྟར། བྱང་བུ་གཅིག་གི་རྣམ་པས་སྟེར་གྱིན་ཡོད་པ་དང་། གླིང་ཁུལ་གྱི་མང་ཚོགས་རྣམས་རིམ་བཞིན་གཞན་གྱིས་དོ་དམ་བྱེད་པ་ནས་སྤྱི་ཚོགས་ཀྱི་དོ་དམ་ཁྲོད་ཞུགས་མཁན་དུ་བསྒྱུར་ཏེ། རྩ་བའི་ཆ་ནས་མང་ཚོགས་ལ་ཞབས་ཞུ་བྱེད་པའི་མཇུག་མཐའི་སྤྱི་ལེ་གཅིག་གི་གནད་དོན་ཐག་གཅོད་བྱས་བ་རེད།

དུས་མཚུངས་སུ་ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་གི་ལམ་ལུགས་འོག་ཏུ། རྫོང་ཡོངས་ཀྱི་དྲ་མིག་ཅན་གྱི་མི་སྣ་དག་སྔོན་མ་བྱས་ནས་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་གི་ཁྲོད་ནས་གདམ་གསེས་བྱས་པ་དང་། ཁྱིམ་ཚང་རེར་དྲ་མིག་ཅན་གྱི་མི་སྣའི་སྤྱི་ཕན་ལས་རྐང་གཅིག་བཀོད་སྒྲིག་བྱས་ཏེ། འབྲོག་པ་མང་ཚོགས་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཞུགས་པའི་ཕུགས་འདུན་མངོན་འགྱུར་བྱུང་བ་དང་། ཁྱིམ་ཚང་རེར་ལོ་རེར་སྒོར་ཁྲི་གཉིས་ཡན་གྱི་སྐྱེ་ཁམས་ལྟ་སྲུང་པའི་ཡོང་སྒོ་ཡོད་པས། ཁོ་ཚོས་སྐྱེ་ཁམས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཏེ། ནུས་ཡོད་སྒོས་རྫོང་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་།

མཱ་ཀོས་ཀྱིས་བཤད་རྒྱུར། ད་ལྟ་གླིང་ཁུལ་གྱི་སྐྱེ་ཁམས་ལྟ་སྲུང་པའི་བརྩོན་སེམས་སྔར་ལས་ཆེ་ཞིང་། ཁོ་ཚོས་རྫོང་དང་ཞང་ཏང་ཨུ་དང་སྲིད་གཞུང་གི་བླང་བྱ་ལྟར། དུས་ཐོག་ཏུ་ཡར་ཞུ་དང་ཧུར་ཐག་གིས་དང་ལེན། མི་སྣ་ཡོངས་ཟབ་ཞུགས། རང་འཕེལ་རང་མོས།  རང་འགུལ་བཅས་ཀྱི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་གི་གཙང་སྦྲ་ལེགས་སྒྲིག་དང་བཅོས་སྐྱོང་བྱེད་པའི་ཁྲོད་ཞུགས་པ་དང་ཆབས་ཅིག  ཚན་ཆུང་སོ་སོས་རང་ཉིད་ཀྱིས་འགན་འཁུར་བའི་ཁྱབ་ཁོངས་ལྟར། ཟླ་ཕྱེད་རེའི་ནང་རང་མོས་ཀྱིས་ཁོར་ཡུག་གི་གད་སྙིགས་གཙང་སེལ་ཆེན་པོ་ཐེངས་རེ་བྱས་པ་དང་། གཟའ་འཁོར་རེའི་ནང་ཁོར་ཡུག་གི་གད་སྙིགས་གཙང་སེལ་ཆུང་བ་ཐེངས་རེ་བྱས་ཤིང་།  ལོ་རེར་གད་སྙིགས་ཏུན་ལྔ་བཅུ་ལྷག་ཙམ་གཙང་སེལ་བྱེད་ཀྱིན་ཡོད།

2017ལོའི་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན། མཛོ་རྒན་རྭ་བ་གྲོང་རྡལ་དུང་དཀར་མཚོ་ནག་བཅད་ཁུལ་གྱི་སྐྱེ་ཁམས་ལྟ་སྲུང་ཚན་ཆུང་གིས་བསྐོར་སྲུང་བྱེད་སྐབས་མི་བཅུ་ལྷག་གིས་དུང་དཀར་མཚོ་ནག་ཉེ་འདབས་སུ་རི་དྭགས་ལྐོག་རྔོན་བྱེད་པ་མཐོང་ནས། དུས་ཐོག་ཏུ་མངའ་ཁུལ་མངག་གཏོང་ཁང་ལ་ཡར་ཞུ་བྱས་པར་མ་ཟད། ལྐོག་རྔོན་མི་སྣ་དང་རླངས་འཁོར་བཀག་སྐྱིལ་བྱས། མངག་གཏོང་ཁང་གི་ཉེན་རྟོག་པ་དུས་ཐོག་ཏུ་གནས་དེར་ཐོན་ནས་གྱོད་གཞིར་འབྲེལ་བའི་མི་སྣ་འཛིན་བཟུང་བྱས་ཏེ་སྐྱེ་ཁམས་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་བཀག་འགོག་བྱས། ས་ཁུལ་ཡོངས་ཀྱི་སྐྱེ་ཁམས་ལྟ་སྲུང་པ་སྟོང་གསུམ་དང་བཞི་བཅུ་ཞེ་གཉིས་ཀྱིས་རང་ཉིད་ཀྱི་འགན་འཁྲིའི་ལྟར་དུ། སྐྱེ་ཁམས་བསྐོར་སྲུང་དང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་བྱ་བ་སྤེལ་བ་དང་། ཕྱོགས་དྲུག་གཞི་གཅིག་གི་དྲ་མིག་ཅན་གྱི་དོ་དམ་དཔེ་དབྱིབས་ཀྱི་རིམ་པ་གསུམ་པའི་དྲ་མིག་བརྒྱུད་དེ། ཆ་འཕྲིན་མྱུར་ཞིང་ཡར་ཞུ་དུས་ཐོག  ཐག་གཅོད་མགྱོགས་མྱུར། ལྟ་སྲུང་དོམ་འཁྱོལ་བཅས་བྱས། མི་སྣ་ཉུང་ཞིང་ཞབས་ཞུ་མི་འདང་བའི་གནད་དོན་དག་ཐག་གཅོད་བྱས་ནས། སྤྱི་ཚོགས་ཀྱི་དོ་དམ་བྱེ་བྲག་ཅན་དང་ཚན་རིག་ཅན། ཚད་ལྡན་ཅན་བཅས་ལ་སྐུལ་འདེད་བཏང་།

སུ་ཞིག་གིས་དོ་དམ་དང་གང་ཞིག་ལ་དོ་དམ་བྱེད་པ། ཅི་ལྟར་དོ་དམ་བྱེད་པ་བཅས་ཀྱི་གནད་དོན་ནུས་ཡོད་སྒོས་ཐག་གཅོད་བྱེད་ཆེད། རྨ་སྟོད་རྫོང་གིས་སྐྱེ་ཁམས་ལྟ་སྲུང་པ་དག་ཁྱིམ་ཚང་སྡེ་ཁག་བྱེད་པ་དང་། ཐོན་སྐྱེད་འཚོ་བ་གནད་འགག་ཏུ་བརྩིས་ཏེ། མི་དང་ཕྱུགས་ཟོག ས་ཆ། དངོས་པོ། བརྩེ་བ། དོ་དག་བཅས་དང་དེ་མིན་མང་ཚོགས་དང་འབྲེལ་བ་ཟབ་མོ་ཡོད་པའི་གཞི་རིམ་ཏང་འཛུགས་སྐྲུན་དང་སྐྱེ་ཁམས་ལྟ་སྲུང་། གནད་ཕིགས་དབུལ་སྐྱོར། སྤྱི་ཚོགས་བརྟན་འཇགས། མི་རིགས་མཐུན་སྒྲིལ། བསམ་པའི་དཔལ་ཡོན་སོགས་དོ་དམ་ཁྱབ་ཁོངས་སུ་བཞག་ཏེ། སྤྱི་ཚོགས་དོ་དམ་དེ་གཞི་རིམ་དུ་རྒྱུན་སྲིང་དང་། ཐོན་ཁུངས་ཞང་སྡེར་གཅིག་བསྡུས་བྱེད་པ། དྲ་མིག་ཡོངས་སུ་ཁེབས་པ་བཅས་ཀྱི་དཔེ་དབྱིབས་གསར་བ་གྲུབ་པར་སྐུལ་འདེད་བཏང་།

མཱ་ཀོས་ཀྱིས་བཤད་རྒྱུར། ཕྱོགས་དྲུག་གཞི་གཅིག་གི་དྲ་མིག་ཅན་གྱི་དོ་དམ་དཔེ་དབྱིབས་ཀྱིས་སྤྱི་ཚོགས་དོ་དམ་ལས་འགན་དེ་ལྟ་སྲུང་པར་ཁག་བགོས་དངོས་འབེབས་བྱས་ཏེ། མང་ཚོགས་དང་འབྲེལ་འདྲིས་དང་མང་ཚོགས་ཀྱི་གནས་ཚུལ་རྟོགས་པ། དམངས་ཚིས་ལེགས་བཅོས། འགལ་བ་ཐག་གཅོད། བརྟན་འཇགས་སྲུང་སྐྱོབ་སོགས་དྲ་མིག་དོ་དམ་ཕྱོགས་ཀྱི་བྱེ་བྲག་གི་འགན་འཁྲི་དང་ལས་འགན་གསལ་བོ་བྱས། དུས་མཚུངས་སུ་གནས་ཚུལ་ཡར་ཞུ་དང་ཆ་འཕྲིན་འཚོལ་སྡུད། སྟབས་བདེའི་ཞབས་ཞུ་སོགས་བྱ་བའི་རྐྱེན་སྲོལ་བཙུགས་ནས། མང་ཚོགས་ལ་སྔར་ལས་སྟབས་བདེ་ཞིང་ཐད་ཀར་དང་ཕན་ནུས་མཐོ་བ་བཅས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་པར་མ་ཟད། རྩ་བའི་ཆ་ནས་སྤྱི་ཚོགས་དོ་དམ་ཞིབ་ཕྲ་ཅན་དང་ཚན་རིག་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་ལ་སྐུལ་འདེད་བཏང་ཡོད་ཟེར།

གླིང་ཁུལ་གྱིས་ཁྱིམ་ཚང་རེར་སྐྱེ་ཁམས་ལྟ་སྲུང་པ་གཅིག་རེ་བཀོད་སྒྲིག་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། སྐྱེ་ཁམས་ལྟ་སྲུང་པ་རེ་རེས་ལས་བགོས་འགན་འཁྲིའི་ལྟར་དུ།  ཆུང་ཕྱོགས་ནས་ཁྱིམ་ཚང་གི་ཁོངས་མིར་དྲིལ་སྒྲོག་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་ཆེ་ཕྱོགས་ནས་བཅད་ཁུལ་གྱི་སྤྱི་ཚོགས་ཕྱོགས་བསྡུས་དང་དྲ་མིག་ནང་གི་ཐོལ་བྱུང་དོན་རྐྱེན་ལ་མྱུར་དུ་ཐག་གཅོད་བྱེད་པའི་འགན་འཁུར་བ་དང་། ཁྱད་པར་དུ་མང་ཚོགས་ཀྱི་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་པར་ཞུགས་ཏེ། རྫོང་ཡོངས་ཀྱི་སྐྱེ་ཁམས་ལྟ་སྲུང་པས་ནུས་པ་ཆེན་པོ་འདོན་སྤེལ་བྱས། སྡོམ་རྩིས་བྱས་པ་ལྟར་ན། 2016ལོ་ནས2018ལོའི་བར། སྐྱེ་ཁམས་ལྟ་སྲུང་པ་རྣམས་རྩོད་གཞི་དྲུག་བརྒྱ་དང་དོན་ལྔ་འདུམ་འགྲིག་བྱེད་པར་ཞུགས།

མིག་སྔར། ཕྱོགས་དྲུག་གཞི་གཅིག་གི་དྲ་མིག་ཅན་གྱི་དོ་དམ་བྱེད་པ་བརྒྱུད་དེ། རྫོང་ཡོངས་ཀྱིས་ཞང་དང་སྡེ་བ་རིམ་པ་གཉིས་ཀྱི་རྨང་གཞིའི་བྱ་བའི་འཆར་གཞི་འཐུས་ཚང་དུ་བཏང་ཏེ། བྱ་བ་སྣ་ཚོགས་ཀྱི་འཁོར་སྐྱོད་རྐྱེན་སྲོལ་རིམ་བཞིན་བཙུགས་པ་དང་། གཞི་རིམ་གྱི་བྱ་བ་རིམ་བཞིན་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་འཁོར་ལམ་དུ་བསྐྱོད་ནས། ཞང་གྲོང་དང་སྡེ་བ་རིམ་པ་གཉིས་ཀྱི་ཏང་རྩ་འཛུགས་དང་མང་ཚོགས་ཚོགས་པའི་རྩ་འཛུགས་ལ་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་གདོང་མཆོང་མིག་དཔེའི་ནུས་པ་འདོན་སྤེལ་གྱི་སྟེགས་བུ་བསྐྲུན་པ་དང་། ཏང་རྩ་འཛུགས་དང་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ལྟེ་བར་ཕྱོགས་པའི་ནུས་པ་དང་གོང་བུར་སྒྲིལ་ཤུགས། འཐབ་འཛིང་གི་ནུས་པ་བཅས་ཇེ་དྲག་ཏུ་བཏང་། རྫོང་ཡོངས་ཀྱི་ཏང་ཡོན་དང་འབྲོག་པ་མང་ཚོགས་ཆབ་སྲིད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཀྱི་ཁྲོད་ཞུགས་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གྱུར།

དྲ་མིག་ཅན་གྱི་དོ་དམ་ལ་བརྟེན་ནས་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་པ་དང་། ཕྱོགས་དྲུག་གཞི་གཅིག་གི་དྲ་མིག་ཅན་གྱི་དོ་དམ་ཕྱོགས་སུ་ཁོངས་གཏོགས་ས་ཆ་དོ་དམ་དང་རིམ་ཕྱེ་འགན་འཁུར། འགུལ་རྣམ་ལྟ་ཞིབ་དོ་དམ། གོང་འོག་མཉམ་འབྲེལ་བཅས་ཀྱི་རྣམ་པ་ལག་བསྟར་བྱས་ནས།  ཞང་གྲོང་སོ་སོ་དང་སྡེ་ཁག་སོ་སོའི་བསམ་ཕྱོགས་དང་གོམ་རིམ། བྱ་སྤྱོད་བཅས་གཅིག་གྱུར་བྱས་པ་དང་ཆབས་ཅིག      རྫོང་ཡོངས་ཀྱི་སྤྱི་ཚོགས་བརྟན་འཇགས་སྲ་བརྟན་དུ་བཏང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཞིང་། ཁྱོན་ཡོངས་ནས་དཔལ་ཡོན་སྒོ་འབྱེད་དང་ཡིད་རྟོན་འཆམ་མཐུན། འཕེལ་རྒྱས་ཡར་ཐོན་བཅས་ཀྱི་རྨ་སྟོད་གསར་བ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྨང་གཞི་ལེགས་པོ་བཏང་བར་མ་ཟད། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐས་རིམ་གསར་བ་ཞིག་ཏུ་བསྐྱོད་པར་རམ་འདེགས་བྱས།

ལོ་ཙཱ་བ། སྒྲོལ་མ་སྐྱིད།