རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཁོངས་ལྗང་བསྒྱུར་དང་སྐྱེ་ཁམས་སྲུང་སྐྱོབ། དཔལ་འབྱོར་འཕེལ་རྒྱས་བཅས་ནུས་ཡོད་སྒོས་ཟུང་འབྲེལ་བྱས་ཏེ། ལྗང་མདོག་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་པར་བྱེད་པ། རི་སྔོ་ཆུ་དྭངས་དེ་གསེར་རི་དངུལ་རིར་འགྱུར་བར་བྱེད་པའི་ཐད་གོམ་པ་གསར་བ་སྤོས། ལོ་གཉིས་ཀྱི་རིང་ལ། ཁུལ་ཡོངས་ཀྱིས་བསྡོམས་པས་ནགས་སྐྲུན་སྤྱི་ཆིང་སྟོང་བརྒྱད་དང་དགུ་བརྒྱ་ལྷག་དང་། རི་བཀག་ནགས་གསོ་སྤྱི་ཆིང་སྟོང་དྲུག་ཉིས་བརྒྱ། ནགས་ཚལ་བདག་གཉེར་སྤྱི་ཆིང་ཁྲི་གཉིས་སྟོང་གཅིག་ལྷག་བཅས་ཡོངས་འགྲུབ་བྱས།
རྨ་ལྷོ་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པའི་འདུ་ཤེས་ལ་དམ་པོར་དམིགས་ནས། རྒྱལ་ཁོངས་ལྗང་བསྒྱུར་དེ་སྐྱེ་ཁམས་ཉམས་ཞན་དུ་འགྱུར་བའི་གནས་བབ་ཚབས་ཆེན་ལེགས་བསྒྱུར་དང་རྒྱལ་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བཅས་ཀྱི་བྱ་བ་གཙོ་བོར་བརྩིས་ནས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
རྨ་ལྷོ་ཁུལ་གྱི་ནགས་ལས་སྡེ་ཁག་གིས་ཁུལ་ཡོངས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ནགས་སྐྲུན་ལྗང་བསྒྱུར་ས་ཁོངས་དང་འདེབས་འཛུགས་ལ་འཚམ་པའི་རྩི་ཤིང་གི་རིགས་གཏན་འཁེལ་བྱས་ཏེ། ས་ཁོངས་མི་འདྲ་བ་ལྟར་དུ་རྒྱལ་ཁོངས་ལྗང་བསྒྱུར་ལ་འཆར་འགོད་དང་ཇུས་གཞི་ཇུས་འགོད་བྱས་ཤིང་། ཚན་རིག་ལྟར་རྩི་ཤིང་གི་རིགས་བཀོད་སྒྲིག་དང་། མཁར་གྲོང་དང་ཞིང་སྡེ། ཆུ་རྒྱུན། ཞིང་ཁ་བཅས་ཀྱི་ལྗང་བསྒྱུར་ལ་གཅིག་གྱུར་ངང་སྐུལ་འདེད་བཏང་།
རི་མ་ས་ཁུལ་དུ་ནགས་སྐྲུན་བྱེད་པ་དམ་འཛིན་བྱས་ཏེ། སྡོང་འཛུགས་ནགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་། ཤུགས་ཆེན་པོས་རྨ་ཆུ་དང་དགུ་ཆུའི་འགྲམ་རྒྱུད་གཉིས་ཀྱི་རི་རྒྱུད་ཡོངས་སུ་ནགས་སྐྲུན་ལྗང་བསྒྱུར་བྱས་ཏེ། རྨ་ཆུ་དང་དགུ་ཆུའི་འགྲམ་རྒྱུད་གཉིས་གཙོ་བོ་ཡིན་པའི་ལྗང་མདོག་གི་བར་ཁྱམས་གཉིས་བསྐྲུན། ཐུན་རིན་རྫོང་གིས་རོང་བོ་གྲོང་རྡལ་གཙོར་བཟུང་ནས་ལྷོ་བྱང་ཕྱོགས་སུ་ལོ་རེ་བཞིན་རྒྱ་བསྐྱེད་དེ་དགུ་ཆུའི་འགྲམ་རྒྱུད་ཀྱི་རི་སྒང་ཧྲིལ་བོར་ལྗང་མདོག་གི་་མནའ་བཟའ་བཀླུབས། གཅན་ཚ་རྫོང་གིས་མར་ཁུ་ཐང་གྲོང་རྡལ་གཙོ་བྱས་ནས་ཕྱོགས་མཚམས་ཀུན་ཏུ་ལྗང་བསྒྱུར་བྱས་ཏེ། གཅན་ཚའི་རི་སྒང་ཧྲིལ་བོར་ལྗང་མདོག་གི་རྣམ་པ་མངོན།
ཁུལ་དེས་རང་འགུལ་སྒོས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་ཏེ། རྒྱུན་ཆད་མེད་པར་དམེ་ཤུལ་དང་ཁམས་རའི་ནགས་ཚལ་སྤྱི་གླིང་དང་ཀླུ་ཆུའི་མགོ་ཁུངས་དང་རྩེ་ཆུའི་བརླན་སའི་སྤྱི་གླིང་། ཧོར་བྱེ་མའི་སྤྱི་གླིང་བཅས་རྒྱལ་ཁབ་རིམ་པའི་སྤྱི་གླིང་ལྔའི་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་ཤུགས་ཚད་རྒྱ་བསྐྱེད། 2018ལོར་ཀླུ་ཆུའི་མགོ་ཁུངས་རྒྱལ་ཁབ་བརླན་སའི་སྤྱི་གླིང་ཚོད་ལྟའི་འཛུགས་སྐྲུན་དེ་རྒྱལ་ཁབ་རིམ་པའི་ཆེད་མཁས་པའི་ཞིབ་བཤེར་རྩིས་ལེན་ཚན་ཆུང་གི་ཞིབ་བཤེར་རྩིས་ལེན་ཐོབ་ཏེ། དངོས་སུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ་གྱུར་བ་དང་། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་མཐོ་སྒང་བརླན་སའི་སྤྱི་གླིང་ཐོག་མར་གྱུར།
དེ་དང་ཆབས་ཅིག ཁུལ་དང་རྫོང་གི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་དངོས་སུ་བཀོད་འདོམས་དང་དམ་འཛིན་བྱས་ཏེ། ནགས་སྐྲུན་ལྗང་བསྒྱུར་གྱི་དམིགས་འབེན་འགན་འཁྲི་ལམ་ལུགས་དངོས་འབེབས་ནན་མོ་བྱས་པ་དང་། རིམ་པ་བཞིན་དུ་དམིགས་འབེན་འགན་འཁྲི་ཡི་གེ་བཀོད་པ། དུས་བཅད་ལྟར་ཞིབ་བཤེར་བྱས་ཏེ། ཞིབ་བཤེར་རྩིས་ལེན་གྱི་མཇུག་འབྲས་ལྟར་དུ་བྱ་དགའ་སྟེར་བ་དང་ཆད་པ་བཅད་ནས། ནགས་སྐྲུན་ལྗང་བསྒྱུར་གྱི་བྱ་བའི་བརྩོན་སེམས་སྐུལ་སྤེལ་ལེགས་པོ་བྱས།
རྨ་ལྷོ་ཁུལ་གྱིས་མིང་གྲགས་གསར་སྐྲུན་དང་སྤུས་དག་གི་བསམ་ཕྱོགས་རྒྱ་བསྐྱེད་དེ། ནགས་སྐྲུན་ལྗོངས་སྐྲུན་མཉམ་དུ་འཛིན་པ་དང་། ལྗང་བསྒྱུར་མཛེས་བཟོ་མཉམ་དུ་འཛིན་པའི་རྩ་དོན་ལྟར། ཚད་གཞི་མཐོན་པོས་ཇུས་འགོད་དང་ནགས་སྐྲུན་བྱས།
ལག་རྩལ་འཇོན་མི་བཀོལ་སྤྱོད་བཟང་བོ་བྱེད་པ་དེ་ནགས་སྐྲུན་གྲུབ་འབྲས་ཀྱི་རྨང་གཞིའི་འགན་སྲུང་དུ་བརྩིས་ནས། ཁུལ་ཡོངས་ཀྱི་རྫོང་སོ་སོས་ནགས་སྐྲུན་མ་བྱས་སྔོན་ལ་ས་རྒྱུ་དང་ནམ་ཟླ། སྡོང་ཕྲུག ས་ཁམས་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་ཞིབ་མོ་བྱས་པ་དང་། ཇུས་གཞི་ལྟར་དུས་ཐོག་ཏུ་ལག་རྩལ་པ་བཀོད་སྒྲིག་བྱས་ནས་ནགས་སྐྲུན་བྱ་བའི་ཇུས་འགོད་དང་ཇུས་གཞི། ལག་རྩལ་སྒྲིག་རིམ་བཅས་བཟོ་སྒྲིག་བྱས་ཤིང་། ལག་རྩལ་རྐང་འཛིན་པ་བཀོད་སྒྲིག་བྱས་ཏེ་ནགས་སྐྲུན་ཡུལ་དངོས་སུ་སོང་ནས་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།
ཁུལ་དང་རྫོང་། ཞང་བཅས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་འགན་འཁྲིའི་སྡེ་ཁག་དང་བཟོ་སྐྲུན་སྡེ་ཁག་གི་འགན་འཁྲིའི་ལམ་ལུགས་དངོས་འབེབས་ནན་མོ་བྱས་ཏེ། སྡོང་འཛུགས་ནགས་སྐྲུན་ལ་སྐུལ་འདེད་བཏང་བར་མ་ཟད། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ཤེས་བྱ་ཡོངས་ཁྱབ་ཏུ་དྲིལ་སྒྲོག་བྱས་ནས། ནགས་སྐྲུན་ས་ཁུལ་གསར་བའི་མང་ཚོགས་ཀྱི་ནགས་གཅེས་ནགས་སྲུང་གི་འདུ་ཤེས་མཐོར་འདེགས་བཏང་བ་དང་། ནགས་སྐྲུན་གྱི་གྲུབ་འབྲས་ཁག་ཐེག་བྱས་པས། ཁུལ་ཡོངས་ཀྱི་སྡོང་ཕྲུག་གི་སྐྱེས་ཚད་བརྒྱ་ཆའི་དགུ་ཅུའི་ཡན་དུ་བསླེབས།
འོས་འགན་སྡོང་འཛུགས་ཀྱི་ཁྲིམས་བཀོད་རང་བཞིན་དང་མང་ཚོགས་རང་བཞིན། སྤྱི་ཕན་རང་བཞིན་བཅས་རྒྱུན་འཁྱོངས་བྱས་ཏེ། རྫོང་སོ་སོས་རྒྱུན་ཆད་མེད་པར་འོས་འགན་སྡོང་འཛུགས་ཀྱི་ཐབས་ལམ་རྒྱ་བསྐྱེད་པ་དང་། འོས་འགན་སྡོང་འཛུགས་ཀྱི་རྣམ་པ་གསར་སྐྲུན་བྱས་ཤིང་། ལས་བྱེད་པ་དང་མང་ཚོགས་ཧུར་ཐག་གིས་འོས་འགན་སྡོང་འཛུགས་བྱ་འགུལ་དུ་ཞུགས་པ་དང་། མགོ་ཁྲིད་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་བྱས་ཏེ། མགོ་ཁྲིད་ཀྱིས་སྣེ་ཁྲིད་དང་ལས་བྱེད་པས་རང་འགུལ། མང་ཚོགས་ཟབ་ཞུགས་བཅས་ཀྱི་རྣམ་པ་བཟང་པོ་མངོན། ཁུལ་ཡོངས་ཀྱིས་ལོ་རེར་འོས་འགན་གྱིས་སྡོང་ཕྲུག་རྐང་འབུམ་དགུ་ཁྲི་ལྔ་བཙུགས་པ་དང་། མི་ཐེངས་འབུམ་གཅིག་ཁྲི་བདུན་སྟོང་བརྒྱད་ལྷག་སྡོང་འཛུགས་བྱ་འགུལ་དུ་ཞུགས་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་ཁྱིམ་གཞིས་ལྗང་བསྒྱུར་བྱེད་པའི་འགན་འཁྲི་སྔར་ལས་ཇེ་དྲག་ཏུ་གྱུར།
རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཐབས་ལམ་མང་པོ་ནས་མ་དངུལ་བསྡུ་སྒྲིག་དང་སྣ་མང་ཅན་གྱི་དངུལ་གཏོང་རྐྱེན་སྲོལ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། སྤྱི་ཕན་ལས་གཞི་དང་རྨང་གཞི་སྒྲིག་ཆས་ལས་གཞི་བརྩོན་ལེན་བྱེད་སྐབས་ལྗང་བསྒྱུར་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་བསམ་བློ་བཏང་ནས། ལྗང་འགྱུར་ལས་རིགས་ཅན་དུ་སྐུལ་འདེད་བཏང་།
ཁུལ་དང་རྫོང་ནགས་ལས་སྡེ་ཁག་གི་ལས་བྱེད་མི་སྣ་སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་རྒྱལ་ཁོངས་ལྗང་བསྒྱུར་གྱི་དོན་སྙིང་གལ་ཆེན་ཡོངས་ཁྱབ་ཏུ་དྲིལ་སྒྲོག་བྱས་པ་དང་། མང་ཚོགས་རང་འགུལ་གྱིས་སྡོང་འཛུགས་ནགས་སྐྲུན་ཁྲོད་ཞུགས་པར་ཁྲིད་སྟོན་བྱས་ཏེ། རྒྱལ་ཁོངས་ལྗང་བསྒྱུར་གྱི་མྱུར་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བར་རྨང་གཞི་བརྟན་པོ་བཏིང་།
རིམ་པ་སོ་སོའི་སྲིད་གཞུང་སྡེ་ཁག་གིས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། མང་ཚོགས་ཀྱིས་རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱེད་པར་ཁྲིད་སྟོན་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་དེ་གནད་ཕིགས་དབུལ་སྐྱོར་དང་ཕན་ཚུན་ཟུང་འབྲེལ་བྱེད་པ་དང་། རོང་འབྲོག་མང་ཚོགས་ཡོངས་ཁྱབ་ཏུ་ཞུགས་པ་དང་། ཡོང་སྒོ་འཕར་སྣོན་འབྱུང་བ། ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་ཕན་ཚུན་ཟུང་འབྲེལ་བྱས་ནས། སྐྱེ་ཁམས་མཛེས་ཤིང་ཐོན་ལས་བཟང་བ། མང་ཚོགས་ཕྱུག་པོར་འགྱུར་བ་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱས།
ཁུལ་དེས་རྨ་ཆུ་དང་དགུ་ཆུའི་འགྲམ་རྒྱུད་དུ་ཁྱད་ལྡན་སྐྱེ་ཁམས་འདེབས་འཛུགས་ལས་རིགས་གསར་སྤེལ་རྟེན་གཞི་ཤུགས་ཆེན་པོས་བསྐྲུན་པ་དང་། ཧུར་ཐག་གིས་འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱས་ནས་སྐྱེ་ཁམས་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་སུ་བཏང་། ཁུལ་ཡོངས་སུ་སྡོང་ཕྲུག་ཆེད་ལས་མཉམ་ལས་ཁང་རེ་གསུམ་བཙུགས་ཡོད་པ་དང་། མི་སྒེར་གྱི་སྡོང་ཕྲུག་གསོ་སྐྱོང་གཞི་ཁྱོན་སྤྱི་ཆིང་ཉིས་བརྒྱ་དོན་བདུན་བསྐྲུན་ཡོད་ལ། ལོ་རེར་སྡོང་ཕྲུག་རྐང་ས་ཡ་གཅིག་ཐོན་སྐྱེད་བྱེད་ཀྱིན་ཡོད་པས། སྡོང་ཕྲུག་གསོ་སྐྱོང་གི་ཐོན་རིན་སྒོར་ས་ཡ་དྲུག་འབུམ་གཅིག་ཁྲི་གསུམ་ལྷག་ཏུ་བསླེབས། ལོ་རེར་སྡོང་འཛུགས་ནགས་སྐྲུན་བྱེད་སྐབས་མཉམ་ལས་ཁང་གི་སྡོང་ཕྲུག་བཀོལ་སྤྱོད་བྱས་ཏེ། སྐྱེ་ཁམས་འཛུགས་སྐྲུན་དང་གནད་ཕིགས་དབུལ་སྐྱོར་ལ་ཕན་འབྲས་ཐོབ་པ་མངོན་འགྱུར་བྱས། ཁུལ་དེས་སྔ་གཞུག་ཏུ་ཐིན་རིན་རྫོང་ནས་ཤུགས་ཆེན་པོས་ཡུལ་སིལ་གྱི་དཔལ་འབྱོར་ནགས་གོང་དུ་སྤེལ་བ་དང་། གཅན་ཚ་རྫོང་ནས་ཤུགས་ཆེན་པོས་སྟར་ཀའི་ཐོན་ལས་གོང་དུ་སྤེལ་ཏེ། ཡུལ་སིལ་གྱི་ཐོན་སྐྱེད་སྟེན་གཞི་མུའུ་ཁྲི་གཅིག་ཙམ་དང་སྟར་ཀའི་རྟེན་གཞི་སྤྱི་ཆིང་དགུ་བརྒྱ་དང་དོན་གསུམ་བསྐྲུན་ནས། མང་ཚོགས་ཀྱིས་ཐོན་ལས་གདམ་གསེས་བྱེད་དཀའ་བའི་གནད་དོན་ཐག་གཅོད་དང་མང་ཚོགས་ཀྱིས་རྒྱལ་ཁོངས་ལྗང་བསྒྱུར་ཁྲོད་ཞུགས་ནས་དབུལ་ཐར་ཕྱུར་འགྱུར་ཡོང་བར་ཁྲིད་སྟོན་བྱས།
ལྗང་མདོག་གི་ཁྱིམ་གཞིས་བསྐྲུན་པ་མགོ་རྩོམ་སར་བརྩི་བ་དང་མཐོ་སྒང་གི་མཛེས་སྡུག་ཞིང་སྡེ་འཛུགས་སྐྲུན་བྱེད་པ་གཙོ་གནད་དུ་བཟུང་ཏེ། ཁུལ་དེས་ཁོར་ཡུག་ལྗང་བསྒྱུར་དང་ཁྱིམ་གཞིས་མཛེས་བཟོ་བྱེད་པ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་ཁྲོད་བཞག་ནས། རྒྱུན་ཆད་མེད་པར་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་འཛུགས་སྐྲུན་གྱི་དྲིལ་སྒྲོག་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། མང་ཚོགས་ཀྱི་སྐྱེ་ཁམས་འདུ་ཤེས་མཐོར་འདེགས་གཏོང་བ། ཞིང་སྡེའི་ཁོར་ཡུག་ཧུར་ཐག་གིས་ལེགས་བཅོས་བྱས། ཉེ་བའི་ལོ་འགའི་རིང་ལ་ཁུལ་དེས་སྔ་གཞུག་ཏུ་སྡེ་བ་དང་དགོན་སྡེ། སློབ་གྲྭ་བཅས་སུ་ལྗང་བསྒྱུར་བྱ་བ་ཤུགས་ཆེན་གྱིས་སྤེལ་བས། ད་ལྟ་ག་ས་གང་དུ་ལྗང་མདོག་དང་མཛེས་སྡུག་གི་རྣམ་པ་མངོན་ཡོད།
རྨ་ལྷོ་ཁུལ་གྱི་རྫོང་སོ་སོས་ཧུར་ཐག་གིས་རྒྱལ་ཁོངས་ལྗང་བསྒྱུར་དེ་དབུལ་སྐྱོར་མཁྲེགས་གཏོར་དང་ཞིང་སྡེ་དར་སྤེལ་སོགས་བྱ་བ་སྣ་ཚོགས་ཁྲོད་བཞག་ཏེ། སྐྱེ་ཁམས་ཕན་འབྲས་དེ་དཔལ་འབྱོར་ཕན་འབྲས་སུ་བསྒྱུར་བ་དང་སྐྱེ་ཁམས་ཁྱད་སྟོབས་དེ་འཕེལ་རྒྱས་ཁྱད་སྟོབས་དུ་བསྒྱུར་བའི་ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱས། ནགས་སྐྲུན་ལྗང་བསྒྱུར་བཟོ་སྐྲུན་དང་གནད་ཕིགས་དབུལ་སྐྱོར་ཕན་ཚུན་ཟུང་འབྲེལ་བྱས་ཏེ། ས་གནས་མང་ཚོགས་ནགས་སྐྲུན་དང་དོ་དམ་སྲུང་སྐྱོབ་སོགས་ཀྱི་ཁྲོད་ཞུགས་པའི་བྱ་བ་ལག་བསྟར་བྱས་ཤིང་། མང་ཚོགས་ཀྱི་ངལ་རྩོལ་ཕྱིར་གཏོང་ཡོང་སྒོ་སྒོར་བྱེ་བ་གཉིས་ལྷག་ཏུ་བསླེབས་པ་དང་། སྐྱེ་ཁམས་ལྟ་སྲུང་པའི་ལས་རྐང་ཆིག་སྟོང་ལྔ་བརྒྱ་དོན་བརྒྱད་དངོས་འབེབས་བྱས་ཤིང་། ལྟ་སྲུང་གླ་ཕོགས་སྒོར་བྱེ་བ་གསུམ་ས་ཡ་བཞི་ལྷག་ཏུ་འཕར།
ལོ་ཙཱ་བ། སྒྲོལ་མ་སྐྱིད།