མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི2019ལོའི་ཕྱུགས་བསྐྱུར་རྩྭ་འདེབས་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བདུན་བརྩོན་ལེན་བྱས་པ།
2019.06.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

 གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ཆར། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི2019ལོའི་ཕྱུགས་བསྐྱུར་རྩྭ་འདེབས་བཟོ་སྐྲུན་ཐད་ཀྲུང་དབྱང་གི་སྔོན་རྩིས་ནང་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བདུན་ས་ཡ་གསུམ་ལྷག་བཀོད་སྒྲིག་བྱས།

ཕྱུགས་བསྐྱུར་རྩྭ་འདེབས་བཟོ་སྐྲུན་ནི་རྩྭ་སའི་ཐོན་སྐྱེད་ནུས་པ་སླར་གསོ་དང་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས། འབྲོག་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས། རྩྭ་སའི་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་པའི་འཐབ་ཇུས་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གྱིས་སྔར་ནས་བཟུང་མཐོང་ཆེན་ཚད་མཐོན་པོ་བྱས་ནས། རྒྱལ་ཁབ་ཀྱིས་བཟོ་འགོད་འདིར་རྒྱབ་སྐྱོར་ཐོབ་པར་ཧུར་ཐག་གིས་བརྩོན་ལེན་བྱས། ཐེངས་འདིར་ཀྲུང་དབྱང་གི་སྔོན་རྩིས་ལས་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བདུན་ལྷག་བརྩོན་ལེན་བྱས་པ་དེ་གཙོ་བོ་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་ས་ཁུལ་གྱི་ཕྱུགས་འགོག་ལྕགས་ར་མུའུ་འབུམ་གཅིག་དང་། ས་ཁུལ་བགར་ཏེ་ཕྱུགས་ཟོག་འཚོ་རེས་བྱེད་པའི་རྩྭ་ས་མུའུ་འབུམ་དགུ།  དུག་རྩྭ་མུའུ་འབུམ་གཉིས་བཅས་བཅོས་སྐྱོང་བྱེད་པ། ཞན་འགྱུར་རྩྭ་ས་མུའུ་ས་ཡ་གཉིས་དང་འབུམ་བརྒྱད་ལེགས་བཅོས་བྱེད་པ། མིས་ཐབས་ཀྱིས་རྩྭ་ས་མུའུ་འབུམ་བཞི་དང་ས་ནག་ཐང་མུའུ་འབུམ་བརྒྱད་ཁྲི་བརྒྱད་བཅོས་སྐྱོང་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་རེད།

བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད་རོང་འབྲོག་མང་ཚོགས་ཀྱིས་ཕྱུགས་ལས་ཐོན་སྐྱེད་བྱེད་སྟངས་བསྒྱུར་བར་རོགས་རམ་དང་། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་ཚུལ་འགོག་པ། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་དང་རྩྭ་སའི་ཕྱུགས་ལས་ཀྱི་གཞི་རྩའི་ཐོན་སྐྱེད་ཆ་རྐྱེན་ལེགས་སྒྱུར་བཅས་ལ་རོགས་རམ་བྱེད་ཐུབ་པར་མ་ཟད། ད་དུང་ཞན་འགྱུར་དང་བྱེ་འགྱུར་རྩྭ་སའི་རང་བྱུང་སླར་གསོ་ལ་སྐུལ་འདེད་གཏོང་ཐུབ་པ་དང་། རྩྭ་སའི་སྔོ་ཁེབས་ཇེ་མང་དུ་གྱུར་ཏེ། རྩྭ་སའི་ཐོན་ཁུངས་ནམ་ཡང་རྒྱུན་མཐུད་བེད་སྤྱོད་གཏོང་བ་མངོན་འགྱུར་འབྱུང་ཐུབ། །

གཞན་ཡང་མཚོ་ལྷོ་ཁུལ་གྱིས་འབད་འཐབ་ཆེན་པོ་བརྒྱད་ལ་བརྟེན་ནས་ནམ་མཁའ་སྔར་བས་སྔོ་ཞིང་རི་བོ་སྔར་ལས་ལྗང་ལ་ཆུ་བོ་སྔར་བས་དྭངས་པར་བྱས་པ།

2019ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱེད་པ་ལྟེ་བར་བཟུང་སྟེ། མཁའ་དབུགས་ཀྱི་སྤུས་ཚད་ལེགས་བཅོས་དང་། ཆུའི་སྦགས་བཙོག་གཙང་བཅོས། སྦགས་བཙོག་དངོས་རྫས་ཕྱིར་གཏོང་ཚད་ཇེ་ཉུང་དང་། རོང་འབྲོག་ཁུལ་གྱི་ཁོར་ཡུག་ལ་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་པ། སྐྱེ་ཁམས་ཁོར་སྲུང་ཁྱབ་ཁོངས་བཅོས་བསྒྱུར་ཟབ་སྤེལ་དང་། ཁོར་སྲུང་ལྟ་ཞིབ་གནད་དོན་དག་ཐེར་ལེགས་པོར་འཛིན་པ། ཁོར་སྲུང་དྲིལ་སྒྲོག་སློབ་གསོ་དང་འགན་འཁྲི་དོན་འཁྱོལ་བཅས་མཚོན་བྱེད་རང་བཞིན་གྱི་དམག་འཐབ་ཆེན་པོ་བརྒྱད་ལ་བརྟེན་ནས་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ལོན་པར་སྐུལ་འདེད་བྱས་ཤིང་། ཧུར་བརྩོན་སྒོས་ནམ་མཁའ་སྔར་བས་སྔོ་ཞིང་རི་བོ་སྔར་ལས་ལྗང་ལ་ཆུ་བོ་སྔར་བས་དྭངས་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུ་སྤུས་མཐོ་བའི་འཚོ་བ་གསར་སྐྲུན་བྱ་བར་སྐུལ་འདེད་གཏོང་ཆེད་སྐྱེ་ཁམས་ཁོར་ཡུག་བཟང་པོ་འདོན་སྤྲོད་བྱས།

བྱ་བའི་ཁྲོད་དུ། མཚོ་ལྷོ་ཁུལ་གྱིས་རྒྱུན་འཁྱོངས་ལྷོད་མེད་སྒོས་རླུང་ཁམས་ཆེན་མོའི་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱས་ཏེ།  སྦགས་བཙོག་ཇེ་ཉུང་དུ་གཏོང་བ་གཙོར་བཟུང་བ་དང་། རྫོང་ལྔའི་རྫོང་མཁར་གཙོ་གནད་དུ་བཟུང་སྟེ། མཁའ་དབུགས་སྦགས་བཙོག་འགོག་བཅོས་ལ་ཞིབ་ཕྲ་ཅན་གྱི་དོ་དམ་དང་ཚད་ལྡན་ཅན་གྱི་བཅོས་སྐྱོང་བྱ་རྒྱུར་སྐུལ་སྤེལ་བྱས། མུ་མཐུད་དུ་རྨ་ཆུའི་འབབ་རྒྱུད་དང་མཚོ་སྔོན་པོའི་བཞུར་རྒྱུན། འཐུང་ཆུའི་ཆུ་མགོ་བཅས་གཙོ་གནད་དུ་བཟུང་སྟེ། བཙོག་ཆུ་ཐད་ཀར་ཕྱིར་ཕུད་པ་དང་། རྨང་གཞིའི་སྒྲིག་བཀོད་ཞན་པ། ས་ངོས་སྦགས་བཙོག་སོགས་ཆུའི་ཁོར་ཡུག་གི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་ཅི་ཐུབ་བྱས་ཤིང་། མུ་མཐུད་དུ་ཆུའི་ཁོར་ཡུག་གི་སྤུས་ཚད་གཏིང་ཟབ་པའི་སྒོ་ནས་ལེགས་བཅོས་བྱེད་ཀྱིན་ཡོད། དེ་དང་ཆབས་ཅིག་ཏུ། ཁོར་ཡུག་གི་སྤུས་ཚད་དང་སྤྱིའི་ཚད་ཀྱི་དོ་དམ་ཚོད་འཛིན་ཟུང་དམིགས་འབེན་དུ་བྱས་ཏེ། མགོ་ཁུངས་སྦགས་བཙོག་ལ་ཚོད་འཛིན་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བྱས་ནས། མཁའ་དབུགས་དང་ཆུའི་སྦགས་བཙོག་འགོག་བཅོས་ཟུང་དུ་སྦྲེལ་ནས་སྦགས་བཙོག་དངོས་རྫས་ཕྱིར་གཏོང་ཚད་ཇེ་ཉུང་དུ་གཏོང་བའི་བྱ་བ་གཏིང་ཟབ་སྒོས་སྐུལ་སྤེལ་བྱས།

རྒྱུན་མཐུད་དང་གཏིང་ཟབ་པའི་སྒོ་ནས་སྐྱེ་ཁམས་ཁོར་སྲུང་ཁྱབ་ཁོངས་བཅོས་བསྒྱུར་བྱེད་པའི་བྱ་བའི་གནད་སར་དམིགས་ནས། 《མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》ཅེས་པ་དངོས་སུ་གཏན་འབེབས་བྱས་ཏེ། ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་སྔར་བས་འཐུས་ཚང་དུ་བཏང་།

དེ་ལས་གཞན། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བྱ་བ་སྣ་ཚོགས་ཏན་ཏིག་གིས་ལེགས་སྒྲུབ་བྱེད་ཆེད། མཚོ་ལྷོ་ཁུལ་གྱིས་ད་དུང་ཁོར་སྲུང་ལྟ་ཞིབ་གནད་དོན་དག་ཐེར་ལེགས་བཅོས་དང་ཁོར་ཡུག་ཁྲིམས་བསྟར་ལྟ་སྐུལ་དོ་དམ། གསར་སྐྲུན་བྱེད་སྟངས་དང་ཕྱོགས་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་སློབ་གསོར་སྐུལ་འདེད་བྱེད་པ་ དམ་འཛིན་བྱེད་རྒྱུ། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱི་ཁོག་བླང་བྱ་གཞིར་བཟུང་ནས། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི“འགན་འཁྲི་གཉིས”ལག་བསྟར་བཟང་པོ་བྱེད་དགོས་པའི་རེ་འདུན་བཏོན་ཏེ། ཕྱོགས་ཡོངས་ནས་ཏང་གི་ཆབ་སྲིད་དང་བསམ་བློ། རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས་འཛུགས་སྐྲུན་བཅས་ལ་སྐུལ་སྤེལ་བྱས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།