རྨ་ལྷོ་ཁུལ་དང་མཚོ་ལྷོ་ཁུལ་གྱིས་རྒྱལ་ཁོངས་ལྗང་བསྒྱུར་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།
2019.06.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

 ད་ལོའི་ཟླ4པའི་ཚེས15ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་རྒྱལ་ཁོངས་ལྗང་བསྒྱུར་སྐུལ་སློང་ཚོགས་ཆེན་སྟེང་། ཞིང་ཆེན་ཡོངས་དང་རྨ་ལྷོ་ཁུལ་གྱི་རྒྱལ་ཁོངས་ལྗང་བསྒྱུར་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་ཆབས་ཅིག རྫོང་དེའི2018ལོའི་རྒྱལ་ཁོངས་ལྗང་བསྒྱུར་བྱ་བའི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་དང་།  2019ལོའི་རྒྱལ་ཁོངས་ལྗང་བསྒྱུར་བྱ་བ་ཁྱོན་ཡོངས་ནས་མགོ་བརྩམས།

2018ལོར། གཅན་ཚ་རྫོང་གིས་མུ་འབྲེལ་ས་ཁུལ6གི་སྐྱེ་ཁམས་ནགས་སྐྲུན་སྤྱི་ཆིང་ཁྲི་གཅིག་སྟོང་གཅིག་བརྒྱད་བརྒྱ་ལེགས་འགྲུབ་བྱུང་ཞིང་། རིམ་བསགས་ཀྱིས་མི་འབུམ་གཅིག་ཁྲི་གསུམ་སྟོང་གསུམ་ངལ་རྩོལ་ལ་ཞུགས་ཏེ། སྡོང་ཕྲུག་ས་ཡ་བཞི་བཙུགས་པ་དང་། ལྗང་བསྒྱུར་ནགས་སྐྲུན་ཁུལ་གྱི་བགྲོད་ལམ་སྤྱི་ལེ39ལས་པར། སྡོང་ཕྲུག་གི་གསོན་ཚད95%ཡན་ཡིན་ལ། རྫོང་ཡོངས་ཀྱི་ནགས་ཚལ་གྱི་ཁེབས་ཚད33.69%དང་། རྫོང་མཁར་གྱི་ལྗང་བསྒྱུར་ཚད33.1%ཇེ་མཐོར་སོང་།

ད་ལོར། རྫོང་འདིས་རྒྱལ་ཁོངས་ལྗང་བསྒྱུར་ལས་འགན་སྤྱི་ཆིང་ཁྲི་གཅིག་སྟོང་བཞི་དྲུག་བརྒྱ་ལྷག་ལེགས་འགྲུབ་བྱུང་བའི་རྨང་གཞིའི་སྟེང་། རྫོང་དང་ཞང་། སྡེ་བ་བཅས་ཀྱི་ལམ་འགྲམ་དང་། ཆུ་འགྲམ། སྡོད་ཁང་གི་མདུན་རྒྱབ། སྡེ་བའི་མཐའ་འཁོར། ས་སྟོང་སོགས་སུ་ལྗང་བསྒྱུར་བྱས་ཏེ། ལྗང་མདོག་གི་སྡེ་བ་སྔར་ལས་མང་པོ་འཆར་འགོད་འཛུགས་སྐྲུན་བྱེད་རྒྱུ་དང་། གྲོང་གསེབ་ཀྱི་ལྗང་མདོག་ཚད་གཞི་དང་ཆུ་ཚད་བསྟུད་མར་ཇེ་མཐོར་བཏང་ནས། གྲོང་གསེབ་དར་སྤེལ་གཏོང་བའི་ཐད་ལྗང་མདོག་གི་རྨང་གཞི་འདིང་རྒྱུ་རེད།

གཞན་ཡང་མཚོ་ལྷོ་ཁུལ་དུ་ཁྱོན་ཡོངས་ནས་རྒྱལ་ཁོངས་ལྗང་བསྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བའི་བྱ་འགུལ་གྱི་ཚ་རླབས་གསར་པ་འཕྱུར།

ད་ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ས་ཁྱོན་སྤྱི་ཆིང་ཁྲི་བརྒྱད་སྟོང་བདུན་ཆིག་བརྒྱ་ལྷག་ལ་རྒྱལ་ཁོངས་ལྗང་བསྒྱུར་ལེགས་འགྲུབ་འབྱུང་བར་བརྩོན་ལེན་བྱེད་རྒྱུ་རེད།

དམིགས་འབེན་འདི་ལེགས་འགྲུབ་འབྱུང་ཆེད། མཚོ་ལྷོ་ཁུལ་གྱིས་མུ་མཐུད་དུ་རྨ་ཆུའི་འགྲམ་ངོགས་ཀྱི་ལྗང་མདོག་སྲུང་ཡོལ་གྱི་སྒྲིག་འཛུགས་དང་། མུའུ་ཁྲི་བརྒྱ་ཡི་ས་ཆུ་སྲུང་འཛིན་ནགས་ཀྱི་རྟེན་གཞི་འཛུགས་སྐྲུན་དང་ནགས་ཚལ་གྱི་སྤུས་ཚད་ཇེ་མཐོར་གཏོང་བ། ལྗང་མདོག་ཐོན་ལས་ཀྱིས་མི་དམངས་ཕྱུག་པོར་བསྒྱུར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྗང་བསྒྱུར་དང་མཛེས་བསྒྱུར་བཅས“རྒྱལ་ཁོངས་ལྗང་བསྒྱུར་གྱི་གཙོ་གནད་ཆེན་པོ་བརྒྱད”ཀྱི་འགུལ་སྐྱོད་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། བྱང་གསུམ་འགོག་སྲུང་ནགས་དང་རང་བྱུང་ནགས་ཀྱི་ཐོན་ཁུངས་སྲུང་སྐྱོབ། རྒྱལ་ཁབ་ཀྱི་གཙོ་གནད་སྤྱི་ཕན་ནགས་སྲུང་སྐྱོབ་སོགས་ནགས་ལས་སྐྱེ་ཁམས་བཟོ་འགོད་གལ་ཆེན་ལ་ཏན་ཏིག་སྒོས་སྐུལ་སྤེལ་གཏོང་བ་དང་། གོམ་གང་མདུན་སྤོས་ཀྱིས་ཐབས་ལམ་རྒྱ་བསྐྱེད་དང་། རྣམ་པ་གསར་གཏོད་བྱས་པ་བརྒྱུད་དེ། འོས་འགན་སྡོང་འཛུགས་དང་ལྗང་མདོག་རྒྱུ་ལམ་འཛུགས་སྐྲུན་བྱེད་པ། གྲོང་ཁྱེར་ལྗང་བསྒྱུར་བྱེད་པར་སྐུལ་སྤེལ་གཏོང་བ་དང་གྲོང་གསེབ་དར་སྤེལ་དུ་གཏོང་བའི་འཐབ་ཇུས་བཅས་མཉམ་འབྲེལ་གྱིས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དྲན་གསོ་སྡོང་པོ་འཛུགས་པ་དང་དྲན་གསོ་ནགས་བསྐྲུན་པ་བཅས་ཀྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ལྗང་བསྒྱུར་གྱི་འོས་འགན་སྒྲུབ་པ་དང་། འོས་འགན་སྡོང་འཛུགས་བྱེད་པ་དེ་མང་ཚོགས་དང་སྔར་ལས་ཉེ་བར་བཅར་དུ་འཇུག་རྒྱུ་རེད། དུས་མཉམ་དུ། ལས་ཁུངས་ཀྱི་ལས་བྱེད་པ་དང་ཁེ་ལས་ཡི་ལས་བཟོ་པ། སློབ་རན་སློབ་མ། བཅའ་སྡོད་དམག་མི། རོང་འབྲོག་མང་ཚོགས་དང་གྲྭ་པ་སོགས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་རྒྱ་ཆེར་སྐུལ་སློང་བྱས་ནས། ནགས་སྐྲུན་ལྗང་བསྒྱུར་བྱ་འགུལ་ནང་ཧུར་ཐག་གིས་ཞུགས་སུ་འཇུག་པ་དང་། ཁུལ་ཡོངས་སུ་ལྗང་བསྒྱུར་ནགས་སྐྲུན་གྱི་ཚ་རླབས་ཆེན་པོ་ཞིག་བསླངས་ཤིང་། ཏང་སྲིད་དམག་དམངས་སློབ་གྲྭ་དང་ཁུལ། རྫོང་། ཞང་དང་སྡེ་བ། དུད་ཁྱིམ་སོགས་ཕྱོགས་ཡོངས་ནས་མཉམ་དུ་ལམ་ལ་ཆས་པའི་རྣམ་པ་བཟང་པོ་ཞིག་གྲུབ་པར་བྱས་ཏེ། ལྗང་མདོག་ལ་དགའ་ཞེན་དང་ལྗང་མདོག་ཏུ་བསྒྱུར་བ། ལྗང་མདོག་ལ་སྲུང་སྐྱོབ་བཅས་བྱེད་པ་ནི་རིགས་སོ་སོའི་མང་ཚོགས་ཀྱི་རང་རྟོགས་འགུལ་སྐྱོད་ཅིག་ཏུ་འགྱུར་དུ་འཇུག་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ན་ནིང་ཁུལ་ཡོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཉིས་བཏང་སྟེ། སྤྱི་ཆིང་ཁྲི་ལྔ་དང་སྟོང་ལྔ་བརྒྱད་བརྒྱ་གོ་གསུམ་ལྷག་ཟིན་པའི་ས་ཆར་རྒྱལ་ཁོངས་ལྗང་བསྒྱུར་ལག་བསྟར་བྱས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།