གདང་ལའི་དམངས་ཁྲོད་ཆུ་དཔོན་དང་པོ།
2019.07.01 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 34

 ཟླ་གསུམ་པའི་དམར་ཆུའི་སྟོད་རྒྱུད་དུ་ད་དུང་དར་ཆགས་ཡོད་ལ། རུས་རྐང་ལ་ཟུག་པའི་གྲང་ངར་ཞིན་ཝུན་གྱི་དམར་མདངས་རྒྱས་པའི་མཁུར་ཚོས་སུ་ལྡང་བཞིན་ཁོ་ལ་གོམ་སྟབས་བྲེལ་མོ་བྱེད་དགོས་པའི་སྐུལ་མ་གཏོང་བཞིན་ཡོད། ཁོས་དུས་སྐབས་ངེས་མེད་དུ་ལུས་པོ་མར་བསྒུར་ཏེ། ལག་པ་གཅིག་གིས་འགྱིག་ཁུག་ཁྱེར་ཞིང་། ལག་པ་ཡ་གཅིག་གིས་རྩྭ་ཐང་གི་གང་སར་ཁུར་བའི་གད་སྙིགས་འཐུ་བཞིན་ཡོད། ཞིན་ཝུན་ལ་ད་དུང་ཁོ་དང་འགྲོགས་འདུག་པའི་གློག་སྒུལ་རླངས་འཁོར་རྙིང་པ་ཞིག་ཡོད། འདི་ནི་ཁོས་ཆེད་དུ་གད་སྙིགས་དབོར་འདྲེན་ཐད་བཀོལ་བའི“ལས་རོགས་བཟང་པོ”ཞིག་ཡིན།

ད་ལོར་ལོ་ན55ལ་བུད་པའི་ཞིན་ཝུན་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་མི་རིགས་སློབ་འབྲིང་གི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་དགེ་རྒན་ཞིག་ཡིན་ཞིང་། གདང་ལ་ནས་སྐྱེས་པའི་བོད་རིགས་ཕོ་རྒོད་ཅིག་ཀྱང་ཡིན། འདི་ལྟ་བུའི་མི་དཀྱུས་མ་ཞིག་གིས། དཀྱུས་མ་མིན་པའི་གཤིས་སྤྱོད་དང་གྲགས་འགུལ་མེད་པའི་འབུལ་སེམས་ལ་ཉེ་འཁོར་མང་ཚོགས་ཀྱིས་མཐའ་གཅིག་ཏུ་གདེང་འཇོག་བཟང་པོ་ཐོབ།

ཆུང་མའི་སེམས་ནང་གི་ཞིན་ཝུན་ནི་ནམ་ཡང་ལས་ལ་བརྩོན་ཞིང་དྭངས་གཙང་ལ་དགའ་བའི་མི་ཞིག་ཡིན་ཞིང་། དུས་མཚུངས་སུ“སྤྲོ་སེམས་ཅན”གྱི་མི་ཞིག་ཀྱང་ཡིན། ཕྱིར་རྩྭ་ཐང་དུ་ལོག་སྟེ་འཚོ་བ་རོལ་བའི་ཞིན་ཝུན་གྱིས་ཉིན་རེར་ནན་ཏན་གྱིས་རང་ཁྱིམ་གྱི་གད་སྙིགས་གཙང་སེལ་བྱེད་པར་མ་ཟད། སྐབས་དང་སྐབས་སུ་གཉེན་ཉེ་ཚང་ལ་སོང་སྟེ། ཁོ་ཚོར་གད་སྙིགས་ཇི་ལྟར་མེད་པར་གཏོང་བའི་སྐོར་ཁྲིད་པར་མ་ཟད། ཁོ་ཚོར་གང་འདོད་ལྟར་རྩྭ་ཐང་དུ་གད་སྙིགས་འཕེན་མི་རུང་བའི་སྐོར་བརྗོད་བཞིན་ཡོད་ཅིང་། “ཚང་མའི་སྡོད་གནས་ཅུང་ཐར་ཐོར་ཡིན་སྟབས། ཉེ་འཁོར་དུའང་ཆེད་དུ་གད་སྙིགས་མེད་པར་གཏོང་བའི་གད་སྙིགས་ས་ཚིགས་མེད། དང་ཐོག་ངས་རྩྭ་ཐང་གི་ཕྱོགས་མང་པོར་གད་སྙིགས་ཡོད་པ་མཐོང་ཞིང་། འདི་ལྟར་སོང་ཚེ་རྩྭ་ཐང་གི་ཁོར་ཡུག་ལ་ཤུགས་རྐྱེན་ཧ་ཅང་མི་བཟང་བ་དང་། རང་ཉིད་གཅིག་པུར་བརྟེན་ནས་བསྒྲུབ་དཀའ་བས། རང་གི་གཉེན་ཉེ་ནས་མགོ་བརྩམས་ཏེ། ཁོ་ཚོར་གད་སྙིགས་མེད་པར་གཏོང་བའི་གོམས་གཤིས་ཆགས་སུ་བཅུག་པ་ཡིན”ཞེས་ཞིན་ཝུན་གྱིས་དེ་ལྟར་བཤད་བྱུང་།

ཞིབ་ཚགས་ཆེ་བའི་ཞིན་ཝུན་གྱིས་སྐྱེ་ཁམས་ཁོར་སྲུང་ལ་བརྩེ་བ་རྣམ་དག་ཅིག་བཅངས་ཡོད་ཅིང་། རྩྭ་ཐང་དུ་ཕྱིར་ལོག་པ་ནི་སྐྱེ་ཁམས་ཁོར་སྲུང་དང་བླངས་པ་ཞིག་བྱེད་པའི་དམིགས་འབེན་བཅངས་ཡོད་མོད། འོན་ཀྱང་དེ་ཡང་མགོ་བཏུམས་ནས“གང་བྱུང་དུ་ལས་ཀ་བསྒྲུབས་ན”ག་ལ་འགྲིག

ཞིན་ཝུན་གྱིས་བཤད་རྒྱུར། “དང་ཐོག་ངས་མཐོང་བ་ནི་གྲོང་རྡལ་དུ་བྱ་འགུལ་དང་ཚོགས་འདུ་ཆེ་གྲས་འཚོགས་སྐབས་ད་གཟོད་ཚང་མ་རྩ་འཛུགས་བྱས་ཏེ་གད་སྙིགས་འཐུ་བ་དང་གཙང་སྦྲ་བྱེད་བཞིན་ཡོད་མོད། འོན་ཀྱང་འདི་ཙམ་གྱིས་འགྲུབ་མི་ཐུབ”།   2017ལོའི་ལོ་མཇུག་ཏུ། གདང་ལ་གྲོང་རྡལ་དུ་དམངས་ཁྲོད་ཆུ་དཔོན་བསྡུ་ལེན་གྱི་བརྡ་ཁྱབ་ཅིག་སྤེལ། ཞིན་ཝུན་གྱིས་ཀུན་གྱི་སྔོན་མ་བྱས་ཏེ་མིང་ཐོ་བཀོད་པ་དང་། “སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། མ་ཡུམ་གཙང་བོར་སྲུང་སྐྱོབ་བྱ་རྒྱུ་ནི་ཆེས་ཆེ་བའི་དོན་བཟང་ཡིན་ཞིང་། ཟླ་ཕོགས་མེད་ཀྱང་མི་སྐྱོན་ཏེ། ང་རང་དེའི་ཁྲོད་ཞུགས་རྒྱུ་ཡིན།  ངས་རང་གི་ཕ་ཡུལ་ལ་རང་གིས་བསྒྲུབ་ཐུབ་པའི་དོན་དག་ཅིག་བསྒྲུབ་རྒྱུ་ཡིན།”

གདང་ལ་གྲོང་རྡལ་ནི་མཚོ་ངོས་ལས་མཐོ་ཚད་མུས་བཞི་སྟོང་བདུན་བརྒྱ་ཡོད་ལ་ཆ་རྐྱེན་ཤིན་ཏུ་ཞན། གད་སྙིགས་འདི་དག་གཙོ་བོ་རིགས་གཉིས་སུ་བགར་ཡོད་ལ།  རིགས་གཅིག་ནི་གནས་སྤོར་མ་བྱས་སྔོན་ལ་བསྐྱུར་བའི་འཛུགས་སྐྲུན་གད་སྙིགས་ཐམས་ཅད་དམར་ཆུའི་ནང་འདེབས་བཞིན་ཡོད་ཅིང་། རིགས་གཅིག་ནི་འབྲོག་པ་རང་ཁྱིམ་དང་སྒེར་འཁོར་བསྐོར་ནས་ཡུལ་སྐོར་ལ་ཡོང་མཁན་གྱིས་བསྐྱུར་བའི་འཚོ་བའི་གད་སྙིགས་རེད། ཆུ་རྒྱུན་ནང་གི་གད་སྙིགས་མེད་པར་བཟོ་ཆེད། བདེ་འཇགས་འགོག་སྲུང་གི་བྱེད་ཐབས་ཅི་ཡང་མེད་པའི་འོག་ཏུ། ཞིན་ཝུན་དུས་རྒྱུན་ལག་སྟོང་ངང་ཆུ་ནང་ལ་ལྡིང་སྟེ་གད་སྙིགས་བཏུས་ཤིང་། དེའི་རྗེས་སུ་ཁོའི་གློག་སྒུལ་རླངས་འཁོར་གྲོང་ཁུལ་དང་སྤྱི་ལེ7ཡོད་པའི་མཚམས་སུ་བསྐོར་ནས་སོང་སྟེ་གད་སྙིགས་ས་འོག་ཏུ་འཇུག་བཞིན་ཡོད་པ་དང་། ཡུལ་སྐོར་པས་བསྐྱུར་བའི་གད་སྙིགས་རྣམས་ཞིན་ཝུན་དང་མི་གཞན་པ་དག་གིས་རྐང་ཐང་ལ་སོང་སྟེ་བཏུ་དགོས་པ་དང་། ཡང་ན་མི་རེ་དང་འཕྲད་ཚེ་དེར་སོང་ནས་དྲན་སྐུལ་བྱེད་བཞིན་ཉིན་མོའི་དུས་ཚོད་དག་དེ་ལྟར་ཉིན་རེར་བསྐྱར་ཟློས་བྱེད་བཞིན་ཡོད།

ཉིན་གཅིག་གི་བྱ་བ་བསྒྲུབས་ཚར་རྗེས། ཞིན་ཝུན་དུས་རྒྱུན་ཐང་ཆད་དེ་སྐེད་པ་གཟེར་ཞིང་རྐང་པ་ན། ཚ་བ་ཆེ་བའི་སྐབས་སུ། གད་སྙིགས་ཀྱི་དྲི་མ་སྣ་ལ་གཟན་པ་དང་། ས་རྡུལ་མཁའ་རུ་འཕྱུར་བ། དུས་རྒྱུན་ལུས་ཡོངས་ལ་ཐལ་རྡུལ་གྱིས་ཁེངས་པ། དགུན་ཁར་ལག་པ་ཕྱིད་འགྲོ་བ་རེད། འོན་ཀྱང་ཁོས་དབུགས་གཏོང་ལེན་རེ་འགའ་བྱས་རྗེས་སྔར་བཞིན་དུ་བྱ་བ་བསྒྲུབས། ནམ་རྒྱུན་ཞིན་ཝུན་གྱིས་ཁོའི་གློག་སྒུལ་རླངས་འཁོར་ཆུང་བ་བསྐོར་ཏེ་གད་སྙིགས་རླངས་འཁོར་གང་རེ་གང་རེ་བྱས་ཏེ་སྐྱེལ་སྐབས། ཁོས་ཀྱང་གསལ་པོར་ངེས་པ་ནི་རང་གཅིག་པུས་ལག་སྟོང་ལ་གད་སྙིགས་བཏུས་ན་རྩ་བའི་ཆ་ནས་གནད་དོན་ཐག་གཅོད་ཐབས་མེད། རྣམ་པ་འདི་བསྒྱུར་དགོས་ན་ཚང་མའི་བསམ་བློའི་ལྟ་ཚུལ་ལ་འགྱུར་བ་གཏོང་དགོས་པའི་ངེས་ཤེས་སྐྱེས།

དགེ་རྒན་ཡིན་པའི་ཞིན་ཝུན་ལྟ་བུ་ནི་རྩྭ་ཐང་དུ་གྲངས་ཀ་ཧ་ཅུང་ཉུང་བའི་ཤེས་ཡོན་པ་ཡིན། དེར་བརྟེན། ཚང་མས་ཁོ་ལ་བརྩི་བཀུར་བྱེད་ཅིང་། མི་རྣམས་ཀྱིས་བརྩེ་སེམས་ལྡན་པའི་ངང་ཁོ་ལ“དགེ་རྒན་ཞིན་ཝུན”ཞེས་འབོད། “གལ་ཏེ་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་ཇེ་མཐོར་མ་ཕྱིན་ཚེ། གད་སྙིགས་ཇེ་མང་ནས་ཇེ་མང་དུ་འགྱུར་ངེས། ས་དེར་སྡོད་པའི་འབྲོག་པ་མང་ཚོགས་ཕལ་ཆེ་བས་རྒྱ་སྐད་མི་གོ་ཞིང་། ཤེས་ཡོན་དེ་འདྲ་མེད། འོན་ཀྱང་ང་ནི་གནས་དེའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཞིག་ཡིན་སྟབས། འབྲེལ་འདྲིས་ཐད་དཀའ་ངལ་ཅི་ཡང་མེད”ཅེས་ཞིན་ཝུན་གྱིས་དེ་ལྟར་དམིགས་འབེན་གསར་པ་བཙུགས།

དུས་ཚོད་ངེས་ཅན་ཞིག་ལ་སུན་སྣང་མེད་པར་ཁྲིད་སྟོན་བྱས་པ་བརྒྱུད། འབྲོག་པ་མང་ཚོགས་ཞིན་ཝུན་གྱི་རྗེས་སུ་འབྲངས་ཏེ་རང་ཁྱིམ་གྱི་གད་སྙིགས་མེད་པར་བྱས། གྲོང་རྡལ་དུ་ཆེད་དུ་གད་སྙིགས་ཐག་གཅོད་པའི་སྦས་ར་ཞིག་ཡོད་ལ། དེ་མེད་པའི་གོང་རོལ་དུ་འགྲིམ་འགྲུལ་སྟབས་བདེ་མིན་སྟབས། གད་སྙིགས་ར་བ་དེ་བེད་སྤྱོད་ལེགས་པོ་ཞིག་བྱེད་ཐུབ་མེད་ལ། ཞིན་ཝུན་གྱིས་ཚང་མར་གྲོང་རྡལ་ནས་ཉིན་མཁོའི་ཅ་ལག་ཉོ་བ་དང་མཉམ་དུ། རང་ཁྱིམ་གྱི་གད་སྙིགས་ཀྱང་ཞོར་དུ་ཁྱེར་ཞེས་བསླབ་སྟོན་བྱས་ཤིང་། ཡུན་རིང་འགོར་རྗེས། འབྲོག་པ་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་མི་ལེགས་པ་སྐོར་ཞིག་བསྒྱུར་ཐུབ་སོང་། ཞིན་ཝུན་ལ་དེ་ལས་ཀྱང་དགའ་སྤྲོ་སྐྱེ་འོས་པ་ནི་ས་དེའི་འབྲོག་པ་ཚོས་རང་ཁྱིམ་གྱི་གད་སྙིགས་མེད་པར་གཏོང་བར་མོས་མཐུན་ཡོད་པར་མ་ཟད། མི་དེ་བས་ཀྱང་མང་པོ་རང་འགུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རུ་ཁག་ཁྲོད་ཞུགས།“སྔོན་ཆད་ང་ཚོ་ཚང་མ‘ལྔ་བཞི’གཞོན་ནུའི་དུས་ཆེན་སྐབས་སུ། ཚང་མ་མཉམ་དུ་འཛོམས་ཏེ། གཅིག་གྱུར་རྩ་འཛུགས་བྱས་རྗེས་གད་སྙིགས་མེད་པར་བཟོས་པ་ཡིན་ཞིང་། ད་ལྟ་དེ་དང་མི་འདྲ་སྟེ། ཁོམ་སྐབས་སུ་ཚང་མས་ཧུར་ཐག་སྒོས་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ཀྱི་བྱ་བ་འགའ་རེ་སྒྲུབ་ཀྱིན་ཡོད”ཅེས་ཞིན་ཝུན་གྱིས་དགའ་སྤྲོའི་ངང་དེ་ལྟར་བཤད་བྱུང་།

དེང་སྐབས། ཞིན་ཝུན་གྱི་གྲིབ་གཟུགས་དམར་ཆུའི་ཉེ་འགྲམ་དུ་མངོན་བྱུང་བར་མ་ཟད། ད་དུང་གྲོང་རྡལ་གྱི་སྲང་ལམ་ཆེ་ཆུང་ཀུན་ཏུ་རྒྱུ་ཞིང་། ཧུར་ཐག་ངང་འབྲེལ་ཡོད་སྲིད་ཇུས་དྲིལ་སྒྲོག་དང་། སྡོད་དམངས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བའི་བྱ་བའི་ཁྲོད་ཞུགས་བཞིན་ཡོད། ཅང་མ་འགོར་བའི་སྔོན་དུ། ཞིན་ཝུན་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆུ(མཚོ)སྲུང་དང་བླངས་པར་བདམས། 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།