མཚོ་སྔོན་གྱིས་ལྗང་མདོག་ལ་བརྟེན་ནས་ས་མཐོར་མཛེས་རྒྱན་སྤྲས།
2019.07.03 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 26

 མཚོ་སྔོན་ཤར་རྒྱུད་ཀྱི་ཙོང་ཆུའི་རོང་ནས་ནུབ་རྒྱུད་ཀྱི་ཚྭ་འདམ་གཞོང་སའི་བར་དང་། བྱང་རྒྱུད་ཀྱི་མདོ་ལ་རིང་མོའི་རི་འདབས་ནས་ལྷོ་རྒྱུད་ཀྱི་གངས་ལྗོངས་ཀྱི་ཆུ་མགོའི་བར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ས་ཁོངས་ལྗང་འགྱུར་བྱ་སྤྱོད་རྒྱུན་ཆད་མེད་པར་སྤེལ་ཏེ་རི་རྒོད་སྔོ་ལྗང་གིས་བཀླུབས་པ་དང་བྱེ་ཐང་ལྗང་མདོག་དུ་འགྱུར་བར་བྱས།

སྔོ་ལྗང་གིས་ས་མཐོར་སྐྱེ་སྟོབས་ཀྱི་གསོན་ཤུགས་སྦྱིན་པ་དང་། ས་མཐོའི་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་ཁ་ནས་ས་མཐོའི་སྐྱེ་ཁམས་ཀྱི་མཛེས་སྡུག་ལོངས་སུ་སྤྱོད་ཐུབ་པ་བྱུང་།

ད་ལོ་ལོ་68ཡིན་པའི་ལུའུ་ཀྲན་ཞང་ནི་མཚོ་སྔོན་ཟི་ལིང་གི་བྱང་རིའི་ནགས་སྲུང་བ་ཡིན་པ་དང་། ལོ18སྔོན་དུ་ཁོས་ཕ་ཡུལ་ཧོང་ཀྲུང་རྫོང་ཐུའུ་མོན་ཀོན་ཞང་ནས་བྱང་རིར་བསྐྱོད་དེ་སྡོང་འཛུགས་ནགས་སྐྲུན་བྱེད་མགོ་ཚུགས་པ་རེད།

“ སྔོན་ཆད་རི་སྟེང་དུ་ས་དམར་དང་རྡོ་ཡིས་ཁེངས་པ་མ་ཟད་ད་དུང་ས་ཞིང་མང་ཆེ་བ་ཞིག་བ་ཚྭ་ཅན་ཡིན་ལ། ལྗོན་ཤིང་མ་བཏབ་གོང་ང་ཚོས་ཐོ་བ་ཆེན་པོ་ཁྱེར་ཏེ་ས་འཁོད་སྙོམ་གྱི་ཡོད། ཉིན་གཅིག་གི་ལས་ཀ་ཚར་རྗེས་ལག་ཤུབས་ཀྱང་བརྡོལ་ནས་ལག་པར་ཆུ་བུར་གྱིས་བཀང་ཡོད”ཅེས་ལུའུ་ཀྲན་ཞང་གིས་དྲན་གསོ་ཚུལ་དུ་དེ་ལྟར་བཤད་བྱུང་།

ད་ལྟ་ཟི་ལིང་གི་བྱང་རིའི་རི་རྩེར་མདོ་ལ་རི་བོའི་ལྷ་ཤིང་དང་། མཚོ་སྔོན་གྱི་ཡུན་ཧྲན་གསོམ་ཤིང་། སྦྱར་ལྕང་སོགས་ཀྱིས་ཁེངས་ནས་སྔོ་ཐིང་ངེར་ཡོད་ལ། ལུའུ་ཀྲན་ཞང་གིས“རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་བཏབ་པའི་སྡོང་ཕྲུག་དེ་དག་ཉིན་བཞིན་འཚར་སྐྱེ་ཡོང་བ་མཐོང་སྐབས་སེམས་ལ་དགའ་སྤྲོ་ཆེན་པོ་སྐྱེས་འོང་” ཞེས་དེ་ལྟར་བཤད་བྱུང་།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་རང་བྱུང་སླར་གསོ་དང་མིས་བཟོས་བསྐྱར་གསོ་ཟུང་འབྲེལ་བྱས་ཏེ་སྡོང་འཛུགས་དང་།  བཀག་སྡོམ་སོགས་ཀྱི་ཕྱོགས་བསྡུས་བྱ་ཐབས་སྤྱད་དེ་སྔོ་ལྗང་གི་རྨང་གཞི་ཇེ་བརྟན་དུ་བཏང་ཞིང་སྐྱེ་ཁམས་ཀྱི་བར་སྟོང་རྒྱ་ཆེར་བཏང་ཡོད། ལོ་ལྔའི་རིང་། སྒོར་དུང་ཕྱུར་ཉིས་བརྒྱ་དང་བཅུ་བཏང་ནས་ས་མུའུ་བྱེ་བ་གཅིག་ས་ཡ་གཉིས་འབུམ་བདུན་ཁྲི་ལྔ་ལྷག་ལ་ལྗོན་ཤིང་བཙུགས་པ་དང་། འོས་འགན་སྡོང་འཛུགས་སྡོང་རྐང་བྱེ་བ་བདུན་ས་ཡ་ལྔ་ཟིན་ཡོད། ཉེ་བའི་ལོ་ཤས་རིང་། ལོ་རེའི་ཆ་སྙོམས་ནགས་སྐྲུན་གཞི་ཁྱོན་མུའུ་ས་ཡ་བཞི་ལས་བརྒལ་བ་རེད།

དུས་རབས་སྔོན་མའི་ལོ་རབས་90པ་ནས་བཟུང་།  ཀོས་ནན་རྫོང་སྲིད་གཞུང་གིས་ས་ཆ་བྱེ་འགྱུར་བཅོས་སྐྱོང་བྱེད་རྒྱུ་གཙོ་བོ་ཡིན་པའི་སྐྱེ་ཁམས་བཅོས་སྐྱོང་བྱེད་ཐབས་གཏན་འཁེལ་བྱས་པ་དང་། ལོ་20ལྷག་ཙམ་གྱི་རིང་། རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་བཅུ་གསུམ་ལྷག་བཏང་སྟེ།  བྱེ་ས་མུའུ་ས་ཡ་གཅིག་འབུམ་དྲུག་ཁྲི་དྲུག་ལྷག་ཙམ་བཅོས་སྐྱོང་བྱས་པའི་ནང་། མིས་བཟོས་བྱེ་བཅོས་ནགས་སྐྲུན་མུའུ་ས་ཡ་གཅིག་འབུམ་གཅིག་ཟིན་ཏེ། བྱེ་མས་ཁེངས་ནས་མི་གནས་མི་ཐུབ་པ་ནས་སྔོ་འགྱུར་དང་བྱེ་ཐང་ཡང་རིམ་གྱིས་ཇེ་ཉུང་དུ་ཕྱིན་པ་རེད།

མིག་སྔའི་བར།  མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ས་ཁོངས་ལྗང་འགྱུར་མུའུ་ས་ཡ་གཉིས་ལྷག་ ལེགས་འགྲུབ་བྱུང་བའི་ཁྲོད་མིས་བཟོས་ནགས་སྐྲུན་མུའུ་ས་ཡ་གཅིག་འབུམ་གཉིས་ཁྲི་བརྒྱད་སྟོང་ལྔ་དང་། རི་རྒྱ་ནགས་གསོ་མུའུ་འབུམ་གཅིག་ཁྲི་གཅིག  ནགས་ཚལ་གཉེར་སྐྱོང་མུའུ་འབུམ་དྲུག་ཁྲི་དྲུག་སྟོང་དགུ་བཅས་ཡོད་ཅིང་། ལོ་འཁོར་གྱི་མུའུ་ས་ཡ་བཞི་ཡི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པ་དང་། ལོ་གསུམ་རིང་རྒྱལ་ཁོངས་ལྗང་འགྱུར་གྱི་ལས་འགན་མགྱོགས་མྱུར་ངང་ལེགས་འགྲུབ་བྱེད་པའི་འཐབ་འཛིང་སྤེལ་བར་རྨང་གཞི་བརྟན་པོ་བཏིངས་ཡོད།

ད་ལོའི་ཟླ་4ཚེས་25ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དང་མཚོ་ཤར་གྲོང་ཁྱེར་སྲིད་གཞུང་གིས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ལག་གདང་སྦྲེལ་ནས་ལྗོན་ཤིང་ཡུག་གཅིག་འཛུགས”ཞེས་པའི་སྡོང་འཛུགས་ནགས་གསོའི་བྱེད་སྒོ་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། ཏང་ཡོན་ལས་བྱེད་པ་350ལྷག་ དང་། རྒྱ་རིགས་དང་། བོད་རིགས། ཧོས་རིགས་བཅས་ཀྱི་མང་ཚོགས་ཀྱིས་མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་ནགས་ཚལ་བསྐྲུན་པ་རེད། ཐེངས་འདིའི་ནགས་སྐྲུན་ལྗང་འགྱུར་གྱི་ལས་དོན་སྤེལ་སྐབས་མུའུ451.5ལ་ལྗོན་ཤིང་བཙུགས་པ་དང་། སྦྱར་པ་དང་། རི་ཁམ། སྒྲོན་ཤིང་། རྒྱ་ཤུག སྡོང་ཕྲན་མེ་ཏོག་སོགས་སྡོང་རྐང་ཁྲི་བདུན་དང་སྟོང་ལྔ་ལྷག་ཙམ་བཏབ་པ་རེད།

གཞན་ཡང་། གསར་འགོད་པས་ཉེ་ལམ“ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་དུས་རབས་ཀྱི་བྱ་སྤྱོད”ཀྱི་བཅར་འདྲི་ཚན་ཆུང་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་པེ་ཁྲོན་ཆུ་བོའི་འདམ་རའི་སྤྱི་གླིང་དང་། ཏཱ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཆུ་ནག་ཆུ་མཛོད།  ཧོང་ཀྲུང་རྫོང་བཙོག་ཆུ་གཙང་སེལ་བཟོ་གྲྭ་སོགས་སུ་བསྐྱོད་དེ་ཙོང་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་གནས་ཚུལ་ལ་ཡུལ་དངོས་ནས་རྒྱུས་ལོན་བྱས་པ་རེད།

ཙོང་ཆུའི་ཡན་ལག་ཆུ་བོ་གཙོ་བོ་ཡིན་པའི་པེ་ཁྲོན་ཆུ་བོར་མཚོན་ན། སྔོན་ཆད་མཐའ་འཁོར་གྱི་བཟོ་ལས་དང་། འཚོ་བའི་བཙོག་ཆུ། གད་སྙིགས་སོགས་ཀྱི་ཤུགས་རྐྱེན་འོག་ཆུ་བོ་རྙོག་ཅིང་ཆད་ལ་ཉེ་བའི་གནས་སུ་གྱུར།

2014ལོར་ཟི་ལིང་གྲོང་ཁྱེར་ཙོང་ཆུ་བཞུར་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞིའི་པེ་ཁྲོན་ཆུ་བོའི་འདམ་རའི་སྤྱི་གླིངལས་མགོ་བརྩམས་པའི་ཚུན་ལ། གྲོང་ཁྱེར་གྱི་ཁྱད་ཆོས་ལྡན་པའི་པེན་ཧྲུའེ་སྤྲོ་གསེང་ཁུལ་བསྐྲུན་ཏེ་སྔོན་ཆད་ཀྱི་བཙོག་ཆུ་དང་གྲམ་ཐང་མཐོང་རྒྱུ་མེད་པར་གྱུར་པ་དང་། སྣོད་བཅུད་འགོག་སྲུང་དང་། སྣོད་བཅུད་སྤང་ལྗོངས། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་ཀྱི་ནུས་པ་གཅིག་ཏུ་འདུས་པའི་ལྗང་མདོག་གི་སྣོད་བཅུད་བགྲོད་ལམ་གྱི་གཞི་ཁྱོན་ཐོག་མར་གྲུབ་ཡོད།

ཟི་ལིང་གྲོང་ཁྱེར་ཙོང་ཆུ་བཞུར་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གི་གྲུབ་ཆ་ཤིག་ཡིན་པའི་ངོས་ནས། པེ་ཁྲོན་འདམ་རའི་སྤྱི་གླིང་གི་ཙོང་ཆུའི་ཆུ་སྤུས་ཇེ་ལེགས་སུ་ཕྱིན་ཡོད་ལ། སྣོད་བཅུད་ཁོར་ཡུག་ཀྱང་ཇེ་ལེགས་སུ་ཕྱིན་ཡོད། ལོ་རེའི་གནས་སྤོའི་དུས་ཚིགས་སུ་ཁྲུང་ཁྲུང་མགོ་ཁྲ་དང་། སྐྱར་མོ་སོགས་བྱ་རིགས་མང་པོ་གནས་དེར་ཚང་བཅོས་ནས། གནས་དེ་ བྱ་རིགས་དེ་དག་གི་འཚོ་སྡོད་བྱ་ཡུལ་དུ་གྱུར་ཡོད།

ཟི་ལིང་གྲོང་ཁྱེར་ཆུ་མཁོ་འདོན་ཚོགས་པའི་ཆེད་མཁས་ལག་རྩལ་པ་ཀྲོའུ་མིན་གྱིས་བཤད་རྒྱུར། “དེ་བས་ཀྱང་དགའ་འོས་པ་ཞིག་ནི་ཞང་དང་གྲོང་རྡལ་གྱི་ལས་བྱེད་པ་ཁྱིམ་ཚང་རེ་རེར་སོང་ནས་དྲིལ་བསྒྲགས་དང་ཁྲིད་སྟོན་བྱས་པ་བརྒྱུད། ཉེ་བའི་ལོ་ཤས་རིང་ས་གནས་དེ་གའི་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་ཟབ་ཏུ་ཕྱིན་ཡོད་ལ། ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་མི་རྣམ་ཀྱི་སེམས་གཏིང་དུ་རྩ་བ་ཚུགས་ཡོད” ཟེར།

ཙོང་ཆུའི་སྟོད་རྒྱུད་ཀྱི་ཧོང་ཀྲུང་རྫོང་དུ“ཁྱད་དུ་འཕགས་པའི”བཙོག་ཆུ་གཙང་སེལ བཟོ་གྲྭ་ཞིག་ཡོད་ཅིང་། ཧོང་ཀྲུང་རྫོང་གི་བཙོག་ཆུ་གཙང་བཟོ་བཟོ་གྲྭའི་མཐའ་མཇུག་གི་ཆུ་འདམ་རར་བཞུར་སྐབས། ཤུ་དག་དང་འདམ་རྩྭ་སོགས་སྐྱེ་དངོས་ལས་གྲུབ་པའི་མུའུ་90ལྷག་ཙམ་གྱི་འདམ་ར་དང་ཧོང་ཀྲུང་རྫོང་བཙོག་ཆུ་གཙང་བཟོ་བཟོ་གྲྭ་གཉིས་སྦྲེལ་མཐུད་དམ་ཟབ་བྱས་ཏེ་བཙོག་ཆུ་གཙང་བཟོ་བཟོ་གྲྭས་ཕྱིར་གཏོང་བྱས་པའི་ཆུ་སླར་ཡང་གཙང་སེལ་བྱེད་ཀྱིན་ཡོད་པས། ཆུ་སྐྱེས་སྐྱེ་དངོས་ལས་གྲུབ་པའི་སྣོད་བཅུད་ཆུ་ཁོངས་ཀྱི་དཔེ་དབྱིབས་ཤིག་ཀྱང་གྲུབ་ཡོད།

ཧོང་ཀྲུང་རྫོང་བཙོག་ཆུ་གཙང་སེལ་བཟོ་གྲྭའི་མགོ་གཙོ་ཝང་ཝུན་ཁྲེང་གིས“ཧོང་ཀྲུང་རྫོང་གི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་མཐའ་མཇུག་གི་ཆུ་འདམ་རར་བཏང་རྗེས། ལོ་རེར་ཆུ་ཏུན་ས་ཡ་བཞི་འབུམ་གསུམ་ཁྲི་བརྒྱད་གཙང་བཟོ་བྱས་ནས་ཙོང་ཆུའི་ཆུ་སྤུས་ཀྱི་གནས་བབ་ཇེ་ལེགས་སུ་སོང་ཡོད། མཐའ་མཇུག་གི་ཆུ་གཙང་བཟོ་བྱེད་པ་དང་ཆབས་ཅིག་མཐའ་འཁོར་གྱི་མང་ཚོགས་ལ་ཁོར་ཡུག་མཛེས་སྡུག་ལྡན་ལ་ཆུ་སྤུས་དྭངས་གཙང་གི་སྤྲོ་གསེང་བྱ་ཡུལ་ཞིག་ཀྱང་མཁོ་འདོན་བྱས་ཡོད”ཅེས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།