འབྲོག་པ་ཁྲི་ཕྲག་གིས་“ཐོན་སྐྱེད་དང་ལས་རིགས་གཞན་བསྒྱུར”བྱས་ནས་གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
2019.07.04 ཁུངས། མི་དམངས་དྲ་བ། ཀློག་གྲངས། 33

 2005ལོ་ནས་ད་བར་རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་དུ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་ཆིག་བརྒྱ་བརྒྱད་ཅུ་ལྷག་བཏང་ནས་ས་གནས་ཀྱི་སྐྱེ་ཁམས་ཉམས་ཞན་དུ་འགྲོ་བའི་རྣམ་པ་གཏན་འགོག་བྱས།

ལོ14ཡི་རིང་གཙང་གསུམ་འབྱུང་ཡུལ་ཁུལ་གྱི་འབྲོག་པ་འབུམ་གཅིག་རྩྭ་ཐང་ནས་ གནས་སྤོས་དང་རོང་འབྲོག་ཁྱིམ་ཚང་འབུམ་བདུན་ལྷག་གིས་རང་འགུལ་ངང་ཕྱུགས་རིགས་ཀྱི་གྲངས་ཀ་ཇེ་ཉུང་དུ་བཏང་ཡོད།

འབྲོག་ཁྱིམ་སྤྲོ་སྐྱིད་ཁང་དང་། བོད་ཟས་ཁང་། སྣུམ་སྣོན་ས་ཚིགས་སོགས་བཙུགས་པ་བརྒྱུད། ཕྱི་ནས་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་མཁན་མང་པོར་དམིགས་ཏེ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་དང་། ཁྱིམ་ཚང་ལ་ལའི་ལོའི་ཡོང་འབབ་སྒོར་ཁྲི་དྲུག་ལྷག་ལ་བསླེབས་ཡོད།

མདོ་དབུས་མཐོ་སྒང་གི་ཤར་རྒྱུད་དུ་སྤྱི་ལེ་ངོས་གྲུ་འབུམ་བཞི་ཙམ་ཟིན་པའི་རྩྭ་ཆུ་བཟང་བའི་གནས་ཤིག་ཡོད། དེ་གར་ཆུ་ཀླུང་ཤང་ཤང་དུ་རྒྱུག་པ་དང་གཙང་པོ་དང་མཚེའུ་ཡིས་ཁེངས་ནས“ཀྲུང་ཧྭའི་ཆུ་མཛོད”ཅེས་བརྗོད་དེ་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཚང་མ་དེ་ག་ནས་བཞུར་གྱིན་ཡོད།

འབྲོག་པ་ས་ཡ་གཅིག་ལྷག་གནས་དེར་འཚོ་སྡོད་བྱེད་ཀྱི་ཡོད་པ་དང་། སྔོན་ཆད་ཁོ་ཚོའི་མེས་པོ་ཚོས་རྟ་ཕོ་ལྕག་གིས་སྐུལ་ཏེ་སྐྱས་སྤོས་ཀྱི་འཚོ་བ་སྐྱེལ་གྱི་ཡོད། ད་ལྟ་འབྲོག་པ་མང་པོ་ཞིག་གིས་ཕྱུགས་འཚོ་མཚམས་བཞག་ནས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་ཆབས་ཅིག སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་ལས་བྱུང་བའི་ཡོང་འབབ་མཉམ་སྤྱོད་བྱེད་བཞིན་ཡོད།

དབྱར་ཐོན་པ་དང་མཉམ་དུ་གཙང་གསུམ་འབྱུང་ཡུལ་ཁུལ་དུ་ཡུལ་སྐོར་བ་མང་པོ་ཡོང་བཞིན་ཡོད། ལོ་ན54ལ་སླེབས་པའི་ཀུན་གྲུབ་ཉིན་ལྟར་ཞོགས་པའི་དུས་ཚོད་བདུན་ཙམ་ནས་མལ་ལས་ལངས་ཏེ་འཕྲུལ་རྟར་ཞོན་ནས་ལམ་རྒྱུད་དུ་མི་མེད་གནམ་གྲུས་སྒྲིག་འགལ་པར་ལེན་བྱེད་པ་སོགས་སྐྱེ་ཁམས་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཡོད་མེད་ལ་སྐོར་གཡེང་བྱེད་པར་འགྲོ་བ་དང་ཆབས་ཅིག  ཡུལ་སྐོར་བ་ཆུ་རྐྱལ་རྒྱག་མི་ཆོག་པའི་བཀག་སྡོམ་ཁུལ་རྨ་ཆུའི་ཆུ་མགོ་ནས་ཁ་འབྲལ་དགོས་པའི་སློབ་གསོའང་གཏོང་བཞིན་ཡོད།

ཀུན་གྲུབ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནས་ཡིན་པ་དང་། 2016ལོར་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་འབུམ་གཅིག་ཁྲི་གཉིས་ལྷག་ཟིན་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱས་ནས་བཙུགས་རྗེས། ཁོ་རང་གླིང་ཁུལ་གྱི་སྐྱེ་ཁམས་ལྟ་སྲུང་པར་བཞག་ཡོད། རྒྱུན་དུ་ཀུན་གྲུབ་ཀྱིས་རྩྭ་ཐང་གི་མེ་ཟོན་དང་། སྐྱེ་ཁམས་སྐོར་གཡེང་སྲུང་སྐྱོབ། ཁྲིམས་འགལ་སྐོར་ཞིབ་སོགས་ལས་དོན་བཅུ་ལྷག་གི་འགན་འཁུར་བ་དང་ཆབས་ཅིག་ལོ་ལྟར་འཕྲུལ་རྟར་ཞོན་ནས་ལམ་ཐག་སྤྱི་ལེ་སྟོང་ཕྲག་གི་སར་སྐོར་གཡེང་དུ་འགྲོ་བཞིན་ཡོད།

གཙང་གསུམ་འབྱུང་ཡུལ་གླིང་ཁུལ་དུ་སྐྱེ་ཁམས་ལྟ་སྲུང་པ་སྒྲོལ་མ་སྐྱབས་ཀྱི་ལས་ཀའང་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད། ཁོའི་ཕ་ཡུལ་ཨ་ཆེན་གངས་རྒྱབ་ཉེ་འགྲམ་དུ་ཡོད་པ་དང་གཙོད་ཕྲུག་རྩེབ་པར་གནས་སྤོ་བའི་དུས་ཚིགས་འདས་མ་ཐག་ཡིན་པས། སྒྲོལ་མ་སྐྱབས་ཀྱིས་ཉིན་ལྟར“བུ་རྫི”ཇི་བཞིན་ཐག་རིང་ནས་གཙོད་ཁྱུའི་རྗེས་སུ་འབྲངས་ཏེ་གཙོད་ཕྲུག་རྩེབ་རྒྱུ་ཡོད་པའི་གཙོད་ལ་གནོད་པ་མི་ཡོང་བ་བྱེད་ཀྱི་ཡོད། “དཀའ་ཁག་ཡོད་ཀྱང་སྣང་བ་ཧ་ཅང་སྐྱིད་པས་དེར་དོན་སྙིང་ཆེན་པོ་ལྡན”ཞེས་སྒྲོལ་མ་སྐྱབས་ཀྱིས་དེ་ལྟར་བཤད་བྱུང་།

གསར་འགོད་པ་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་བཅར་འདྲི་བྱེད་པར་ཐེངས་མང་སྐྱོད་སྐབས་ཀུན་གྲུབ་དང་སྒྲོལ་མ་སྐྱབས་དང་འདྲ་བའི་སྐྱེ་ཁམས་ལྟ་སྲུང་པ་མང་པོར་འཕྲད་མྱོང་། ཁོ་ཚོའི་ལག་འཁྱེར་ཁ་པར་ནང་རྩྭ་ཐང་དང་རི་ཆུའི་པར་དང་དེ་མིན་རི་སྐྱེས་སྲོག་ཆགས་ཀྱི་བརྙན་ཐུང་འབོར་ཆེན་ཡོད་པ་མ་ཟད། ད་དུང་སྐོར་གཡེང་སྲུང་སྐྱོབ་ཀྱི་ཉིན་ཐོ་མང་པོ་ཞིག་བྲིས་ཡོད་པའི་ནང་པར་རིས་ཀྱང་སྦྱར་ཡོད་པར་བལྟས་ན་ལས་ཀ་དེར་དགའ་ཞེན་ཧ་ཅང་ཆེན་པོ་ཡོད་པ་མཐོང་ཐུབ།

རི་ཆུ་སྲུང་སྐྱོབ་ལ་དགའ་བའི་འབྲོག་པ་མི་ཉུང་བ་ཞིག་ཀྱང་ཡོད། ལོ་སྟོད་ཀྱི་གྲང་ངར་ཆེ་བའི་སྐབས་སུ་གསར་འགོད་པ་རྨ་སྟོད་རྫོང་ནས་རླངས་འཁོར་ལ་བསྡད་དེ་རྨ་ཆུའི་མགོ་ཁུངས་སུ་བསྐྱོད་པ་ན་རྐང་ཐང་དུ་གཉེན་ཉེའི་ཁྱིམ་དུ་འགྲོ་བཞིན་པའི་ལོ་ཆུང་བྱིས་པ་བཞི་དང་འཕྲད། དེའི་ནང་གི་ཆུང་ཤོས་ནི་ལོ་བདུན་ཡིན་པ་རེད།  ཁོ་ཚོས་འགྲོ་ཞོར་དུ་གད་སྙིགས་འགྱིག་སྣོད་གཉིས་ཙམ་བཏུས་པར་མ་ཟད། ལག་པ་གྲང་ནས་དམར་པོར་གྱུར་ཡང་ངོ་གདོང་ལ་འཛུམ་གྱིས་ཁེངས་འདུག

“བོད་པ་རྣམས་རང་བྱུང་ཁམས་ལ་དགའ་ཞེན་ཆེན་པོ་ཡོད་པ་ནི་ལྷན་སྐྱེས་རེད། ད་ལྟ་རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལ་མཐོང་ཆེན་གནང་གི་ཡོད་པས། ང་ཚོ་འབྲོག་པ་ཚོས་ཀྱང་ཧུར་ཐག་འབད་ཐག་བྱེད་དགོས”ཞེས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་ཧ་ཤུལ་ཞང་གཡང་ཐར་གྲོང་ཚོའི་འབྲོག་པ་རྟ་མགྲིན་བན་ཏེ་ཡིས་དེ་ལྟར་བཤད་བྱུང་། ཁོས་པེ་ཅིན་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་གྱི་གསོ་སྦྱོང་དང་ལེན་བྱས་རྗེས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་པར་གྱུར་པ་དང་ཉེ་བའི་ལོ་6ཙམ་གྱི་རིང་མཐའ་འཁོར་གྱི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུའི་འགྱུར་ལྡོག་གནས་ཚུལ་ལ་མུ་མཐུད་དུ་ལྟ་ཞིབ་བྱས་ནས། ཚན་རིག་ཞིབ་འཇུག་ཐད་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱེད་ཀྱི་ཡོད་ཅེས་བཤད། དེའི་རིང་ཁོ་དང་འབྲོག་པ་ཚོས་ད་དུང་ཉེ་འགྲམ་གྱི་རི་དྭགས་གསའ་བཅུ་ལྷག་ཙམ་ལ་བོད་མིང་བཏགས་ཡོད།

མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ལིས་ཞའོ་ནན་གྱིས་2005ལོ་ནས་ད་བར་རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་ཁུལ་དུ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་ཆིག་བརྒྱ་བརྒྱད་ཅུ་ལྷག་ཙམ་བཏང་ནས་ས་གནས་ཀྱི་སྐྱེ་ཁམས་ཉམས་ཞན་དུ་འགྲོ་བའི་རྣམ་པ་གཏན་འགོག་བྱས་པ་དང་ཆབས་ཅིག ལས་བྱེད་པ་དང་རིགས་གཅིག་མཁས་ཅན་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་ས་གནས་སུ་གཞི་ཚུགས་ནས་སྐྱེ་ཁམས་སླར་གསོའི“ཐབས་མཆོག”འཚོལ་ཞིབ་བྱེད་ཀྱི་ཡོད། འབོད་སྐུལ་དེའི་འོག་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་འབྲོག་པ་ཚོའི་སེམས་སུ་བརྟན་པོ་ཟུག་ནས་མང་ཚོགས་ཕལ་ཆེ་བའི་ཐུན་མོང་གི་རིན་ཐང་དོན་གཉེར་བྱ་ཡུལ་དུ་གྱུར་ཡོད་ཅེས་བཤད།

ལོ་14ཡི་རིང་གཙང་གསུམ་འབྱུང་ཡུལ་ཁུལ་གྱི་འབྲོག་པ་འབུམ་གཅིག་ཙམ་རྩྭ་ཐང་ནས་གནས་སྤོ་བྱས་པ་དང་། རོང་འབྲོག་ཁྱིམ་ཚང་འབུམ་བདུན་ལྷག་ཙམ་གྱིས་རང་འགུལ་ངང་ཕྱུགས་རིགས་ཀྱི་གྲངས་ཀ་ཇེ་ཉུང་དུ་བཏང་ཡོད། ཁོ་ཚོ་རྩྭ་ཐང་བེད་སྤྱོད་མཁན་ནས་སྐྱེ་ཁམས་སྲུང་སྐྱོབ་པར་གྱུར་ཏེ་ཆུ་བོའི་སྨད་རྒྱུད་ཀྱི“ཀྲུང་ཧྭའི་ཆུ་མཛོད”བརྟན་སྲུང་དང“ལྗང་མདོག་གི་རྒྱུ་ནོར”བཞག་ཡོད་པ་རེད།

ད་ལྟ་ས་གནས་ཀྱི་འབྲོག་པ་ཁྲི་ཚོ་བརྒྱར་སྐྱེ་ཁམས་ལ་བརྟེན་ནས་ཁེ་བཟང་ཐོབ་བའི་དུས་ལ་སླེབས་ཡོད། ཡུལ་ཤུལ་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྫ་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི་ཚེ་བརྟན་གྲུབ་ཀྱིས་འབྲོག་པ་ཚོས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་གནས་སྟེང་ཧུར་ཐག་གིས་ལས་ཀ་སྒྲུབ་པར་སྲིད་གཞུང་གིས་ལོ་ལྟར་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་ཙམ་བྱིན་ནས་འཚོ་བ་ཇེ་བཟང་དུ་སོང་ཡོད་ཅེས་དེ་ལྟར་བཤད་བྱུང་། གསར་འགོད་པས་བཅར་འདྲི་བྱེད་སྐབས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྲོག་པ་ཁྲི་བདུན་དང་སྟོང་གཉིས་ཀྱི་ཁྲོད་སྐྱེ་ཁམས་ལྟ་སྲུང་དཔུང་སྡེར་ཞུགས་མཁན་མི་ཁྲི་གཅིག་དང་སྟོང་བདུན་ཟིན་ནས། “ཁྱིམ་ཚང་རེར་ལས་རྐང་རེ”ཡོད་པ་མངོན་འགྱུར་བྱུང་ཡོད་པ་ཤེས།

གསར་འགོད་པས་གཙང་གསུམ་འབྱུང་ཡུལ་ཁུལ་དུ་གནས་པའི་མགོ་ལོག་ཁུལ་དང་ཡུལ་ཤུལ་ཁུལ་དུ་འབྲོག་པ་མང་པོ་ཞིག་ལ་བཅར་འདྲི་བྱས། ཁོ་ཚོས་འབྲོག་པའི་སྤྲོ་སྐྱིད་ཁང་དང་། བོད་ཟས་ཁང་། སྣུམ་སྣོན་ས་ཚིགས་སོགས་བཙུགས་པ་བརྒྱུད། ཕྱི་ནས་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་མཁན་མང་པོར་དམིགས་ཏེ་དབུལ་ཐར་ཕྱུག་འགྱུར་གྱི་འགྲོ་ལམ་དུ་བསྐྱོད་པས་ལ་ལར་ལོའི་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་ཟིན་གྱི་ཡོད་པ་རེད།

ཡུལ་ཤུལ་ཁུལ་ཡུལ་ཤུལ་གྲོང་ཁྱེར་ནས་ཡིན་པའི་གཞོན་སྐྱེས་འབྲོག་པ་སྐལ་བཟང་འཕྲིན་ལས་ལའང་དེ་ནས་ཕན་ཁེ་ཐོབ་ཡོད། 2016ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱས་པའི་སྔ་རྗེས་སུ་ཁོས“ཡུལ་ཤུལ་གྱི་གཞོན་སྐྱེས་ལས་གཏོད་མནའ་འབྲེལ”དང“མཁའ་དབྱིངས་ཀྱི་ཡུལ་ཤུལ་དྲ་ཐོག་ཚོང་ཁང་ལས་སྟེགས”སོགས་གྲབས་འཛུགས་བྱས་པ་བརྒྱུད། བོད་རིགས་ས་ཁུལ་གྱི་སློབ་ཆེན་མཐར་ཕྱིན་སློབ་མ་མང་པོ་ཞིག་ལས་གཏོད་ལ་ཞུགས་པར་སྐུལ་ལྕག་བཏང་བས། གནས་དེའི་ཁྱད་ལྡན་སྐྱེ་ཁམས་སྐྱེ་ལྡན་ཐོན་རྫས་རྒྱལ་ཡོངས་སུ་ཕྱིར་འཚོང་བྱས་ནས་ཀུང་སིར་ལོ་ལྟར་ཁེ་བཟང་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མ་འོངས་པར་མཚོ་སྔོན་གྱིས་ད་དུང་འབྲོག་པའི་སྣེ་ཁྲིད་དེ་ས་གནས་ཀྱི་མི་རིགས་ལག་ཤེས་བཟོ་ལས་དང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་སོགས་ཁྱད་ལྡན་ཐོན་ལས་གོང་དུ་སྤེལ་བ་དང་ས་ཆ་འོས་འཚམ་བརྒྱུད་བཤུག་གཏོང་བར་ལྕག་སྐུལ་བཏང་ནས་མི་དེ་བས་མང་པོར་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་མཉམ་སྤྱོད་ཐུབ་པ་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།