སྐྱེ་ཁམས་ཁོར་སྲུང་ལ་བརྟེན་ནས་འཆམ་མཐུན་དང་མཛེས་སྡུག་གི་རྐང་ཚ་བསྐྲུན་པ།
2019.07.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 33

 མཚོ་འཁྱིལ་ཞང་ཉིན་ཞ་སྡེ་བ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་ཁོངས་སུ་ཡོད་ཅིང་། ཉེ་བའི་ལོ་འདི་དག་གི་རིང་ལ་རྫོང་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག མཚོ་འཁྱིལ་ཞང་ཏང་ཨུ་དང་སྲིད་གཞུང་གིས་ཉིན་ཞ་སྡེ་བའི་སྣེ་ཁྲིད་དེ། སྐྱེ་ཁམས་ཁོར་སྲུང་གི་བྱ་བ་རབ་དང་རིམ་པ་བསྒྲུབས། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་བྷོ་དང་སྡེ་དཔོན་ཀུན་བྱམས་ཚེ་རིང་། སྡེ་མི་དབང་ཆེན་རྒྱལ་སོགས་ཀྱིས་མི་རང་ཉིད་ནས་མགོ་བརྩམས་ཤིང་། རང་དཔེ་གཞན་སྟོན་གྱིས་རང་ཁྱིམ་གྱི་རྩྭ་སའི་ཐོག་གི་གད་སྙིགས་དང་། རྒྱལ་ལམ315པའི་འགྲམ་རྒྱུད། སྡེ་བའི་ཉེ་འཁོར་དུ་ཡོད་པའི་གཞུང་ལམ་གཡས་གཡོན་གྱི་གད་སྙིགས་སྣ་ཚོགས་གཙང་ཕྱགས་བྱས་པ་དང་། ཆུ་དཔོན་གྱི་འགན་ཁུར་དང་དུ་བླངས་ཏེ། དུས་ཚོད་ལྟར་སྡེ་ཁོངས་ཀྱི་ཆུ་དང་མཚོ་མོའི་བཞུར་རྒྱུན་བཅོས་སྐྱོང་ལ་སྐོར་ཞིབ་བྱས་ཏེ། ཡུལ་དེའི་མང་ཚོགས་ཀྱི་མིག་ལ་མཛེས་པ་སྟེར་ཞིང་སེམས་ལ་སྤྲོ་སྣང་སྦྱིན་པའི་དྭངས་གཙང་གི་ཁོར་ཡུག་ཅིག་བསྐྲུན་པར་འབད་བརྩོན་བྱས་པས། སྡེ་མི་ཡོངས་ཀྱི་དགའ་བསུ་ཐོབ་ཅིང་། ས་དེའི་མང་ཚོགས་རྣམས་ཀྱང་རིམ་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་ལ་ཧུར་ཐག་གིས་ཞུགས་བཞིན་ཡོད། ཟླ6པའི་ཚེས12ཉིན། ཉིན་ཞ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་བྷོ་ལ་ཁོ་ཚོའི་སྡེ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་པ་ན། ཁོས“སྔོན་ཆད་ང་ཚོའི་སྡེ་བའི་གཞུང་ལམ་གྱི་གཡས་གཡོན་ཀུན་ཏུ་ལྷམ་རལ་དང་སློག་ཆད། ནོར་ལུག་གི་གོད་རོ་གང་སར་མཐོང་རྒྱུ་ཡོད་པ་དང་། འགྱིག་ཁུག་སྣ་ཚོགས་དང་སྐོམ་ཆུའི་དམ་བུ་གང་སར་འཕངས་ཡོད་པས། གནས་སྐབས་སུ་ངལ་གསོ་བྱེད་སའི་ས་གཙང་ས་ཞིག་འཚོལ་རྒྱུ་ཡང་དཀའ་ཚོད་དུ་འདུག མི་རབས་སྔོན་མས་བཤད་ན། ས་དེའི་རྩྭའི་སྐྱེ་ཚད་ནི་རྟ་ཡི་ཡོབ་ཆེན་ལ་བརྒྱག་ཟེར་སྲོལ་ཡོད་ཅིང་། ལོ་གང་མང་ལ་རྩྭ་ཕྱུགས་དོ་མཉམ་མ་བྱུང་བའི་དབང་གིས་རྩྭ་རྩི་ཤིང་གི་སྐྱེ་སྟོབས་ཉམས་ཤིང་རྩྭ་སའི་བཅུད་ཀྱང་རིམ་གྱིས་ཤོར། ཡིན་ནའང་། ཉེ་བའི་ལོ་འདི་དག་གི་རིང་ལ་རྒྱལ་ཁབ་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་། ང་ཚོས་ཀྱང་དུས་ཐོག་ཏུ་སྲིད་ཇུས་སློབ་སྦྱོང་དང་མང་ཚོགས་ལ་དྲིལ་སྒྲོག་བྱེད་པ་ཟུང་འབྲེལ་བྱས་ཏེ། དུས་ཐོག་ཏུ་ཁོར་སྲུང་སྲིད་ཇུས་དྲིལ་སྒྲོག་བྱས་པར་མ་ཟད། ཁོར་སྲུང་གི་སྐད་འཕྲིན་ཚོགས་པ་འཛུགས་པ་སོགས་ཀྱི་ཐབས་ལམ་སྤྱད་དེ། སྐྱེ་ཁམས་ཁོར་ཡུག་ཕྱོགས་ཀྱི་ཤེས་བྱ་དྲིལ་སྒྲོག་བྱེད་པ་དང་། སུ་ཚང་གི་ས་ཐོག་ཏུ་གད་སྙིགས་ཡོད་པ་སུས་མཐོང་ན་སྐད་འཕྲིན་ཚོགས་པ་རུ་བསྐུར་ཚེ། དེ་མ་ཐག་བདག་པོ་སོང་སྟེ་གཙང་སྦྲ་བྱེད་པ་སོགས་ཕན་ཚུན་ལྟ་སྐུལ་གྱི་སྲོལ་བཙུགས་སྟབས། སྡེ་མི་དག་གི་ཁོར་སྲུང་འདུ་ཤེས་རིམ་གྱིས་ཇེ་མཐོར་ཕྱིན་ནས་ཕ་ཡུལ་གྱི་རི་ལུང་ཐང་གསུམ་སྔར་ལས་ཇེ་མཛེས་དང་སྔར་ལས་ཇེ་གཙང་དུ་གྱུར”ཟེར།

རྩྭ་ཕྱུགས་དོ་མཉམ་དང་དཔལ་འབྱོར་འཕེལ་རྒྱས་ཟུང་འབྲེལ་བྱེད་པའི་ཕྱོགས་ནས་ཉིན་ཞ་སྡེ་བར་འདི་ལྟ་བུའི་ཕྱུགས་ལས་ཡོང་སྒོ་འཚོལ་སྟངས་ཤིག་དར་ཡོད་དེ། ཁྱིམ་ཚང་དག་གིས་རྩྭ་སའི་ཐེག་ཚད་དང་བསྟུན་པའི་སྒོ་ཕྱུགས་འཚོ་བཞིན་ཡོད་ཅིང་། ལོ་རེར་མ་མོས་ལུ་གུ་རྩེབ་རྗེས། ཟླ་བ་བཞི་ལྷག་ལ་མ་མོ་དང་ལུ་གུ་གཉིས་མཉམ་དུ་ཕྱུགས་ཁང་དུ་གཟན་རྩྭ་དང་གཟན་ཆས་བྱིན་ཏེ་གསོས་པ་ཡིན་ཞིང་། ལུ་གུ་རྣམས་ཀྱང་རིམ་གྱིས་མ་མོའི་རྗེས་སུ་འབྲང་སྟེ་གཟན་ཆས་ཟ་བར་ལོབས་འགྲོ། སྐབས་དེར་མ་ལུག་གཉིས་ཁ་ཁར་བཏང་སྟེ། ཕྱུགས་ཁང་གཉིས་ནས་གསོས་པ་ཡིན་ཞིང་། ལུ་གུ་ཉོ་བའི་ཚོང་པ་རྣམས་ཐོན་རྗེས་ལུ་གུ་དེད་ནས་བུད་འགྲོ། དེ་ལྟར་བསྒྲུབས་ཚེ་ལོ་རེར་རྩྭ་སའི་སྟེང་འཁོར་སྐྱོད་བྱེད་ཐུབ་པའི་ལུག་གི་གྲངས་ཁར་འགྱུར་བ་མི་ཐེབས་པས་རྩྭ་ཕྱུགས་དོ་མཉམ་ཡོང་བར་ཕན་པ་ངེས་ཅན་ཡོད་པ་དང་། ལུ་གུ་རེའི་རིན་གོང་སྒོར700ནས800 ཡིན་པས། འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཇེ་བཟང་དུ་འགྲོ་ཐུབ་ཅིང་། དེ་ལས་གཞན་རྒྱལ་ཁབ་ཀྱི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་དགའ་དང་ཁ་གསབ་སྟེར་བའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། དབྱར་ས་དང་སྟོན་ས་མུའུ་གང་ལ་སྒོར13.95རེ་དང་། དགུན་ས་དང་དཔྱིད་ས་མུའུ་གང་ལ་སྒོར2.5རེ་སྟེར་བ། ནོར་ལུག་ལ་ཉེན་ཚབ་ཉོ་བ་སོགས་ཀྱི་ཐབས་ལམ་གང་མང་སྤྱད་དེ། རྩྭ་སའི་ཐོན་ཁུངས་འོས་འཚམ་ངང་བེད་སྤྱོད་བཏང་བས་སྐྱེ་ཁམས་ལ་ཕན་ཞིང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོའང་སྣ་མང་དུ་གྱུར་དང་འགྱུར་བཞིན་ཡོད་ཅེས་ཧྲུའུ་ཅི་ཚེ་བྷོས་དེ་ལྟར་བཤད་བྱུང་།

ཟླ6པའི་ཚེས13ཉིན། གསར་འགོད་པ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་གྱི་དགོན་གོང་མ་སྡེ་བར་སོང་སྟེ། སྡེ་བ་དེས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་ཇི་ལྟར་སྲུང་སྐྱོབ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ཡིན།

རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ཀྱི་གྲས་སུ་ཚུད་པའི་དགོ་དམར་ནི་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་གྱི་ཁོངས་སུ་གཏོགས་པའི་མཚོ་སྔོན་པོ་འགྲམ་གྱི་སྤང་ཐང་དུ་འཚོ་བཞིན་ཡོད། དཔལ་དགེ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གནམ་ལྕགས་རྡོ་རྗེས་ངོ་སྤྲོད་བྱས་པ་ལྟར་ན། ལོ་འདི་དག་གི་རིང་ལ་ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་དང་མཚོ་མོ་སྲུང་སྐྱོབ་ཀྱི་བྱ་བ་བསྒྲུབས་ཤིང་། དེའི་སྐོར་གྱི་སྲིད་ཇུས་སྣ་ཚོགས་དུས་ཐོག་ཏུ་དྲིལ་སྒྲོག་བྱས་སྟབས། མང་ཚོགས་ཀྱི་ཁོར་སྲུང་གི་གོ་རྟོགས་སྔར་ལས་ཇེ་མཐོར་ཕྱིན་ཡོད། དཔེར་ན། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་དགོ་དམར་གྱི་གྲངས་ཀ་སྔོན་ཆད་ཀྱི300ཡས་མས་ནས་ད་ལྟའི2000ལྷག་ལ་འཕེལ་ཡོད། དེ་ནི་ས་འདིའི་མང་ཚོགས་ཀྱིས་མཚོ་ཁའི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་སྔར་ལས་ཇེ་མཐོར་སོང་བའི་རྟགས་ཡིན་ཞིང་། དགོ་དམར་ཇེ་མང་དུ་སོང་ཚེ་ས་དེའི་འབྲོག་པའི་རྩྭ་ས་ངེས་ཅན་ཞིག་དེ་ཚོའི་འཚོ་སྡོད་ཁོར་ཡུག་ཏུ་གྱུར་སོང་བ་ཡིན་མོད། ས་གནས་འབྲོག་དམངས་ཀྱིས་རྩྭ་ས་བློས་བཏང་སྟེ་རི་སྐྱེས་སྲོག་ཆགས་ལ་དབང་བའི་ཁོར་ཡུག་བསྐྲུན་ཡོད་པས། མི་དང་རི་སྐྱེས་སྲོག་ཆགས་འཆམ་མཐུན་མཉམ་གནས་ཀྱི་མཁའ་དབུགས་ཡག་པོ་དཔལ་དགེ་རྩྭ་ཐང་དུ་ཁྱབ་ཡོད་ཟེར།

ད་ལོ་ལོ་ན66ལ་སོན་པའི་སྡེ་བའི་རྒད་པོ་མ་ཎིས་བཤད་པ་ལྟར་ན། སྔོན་ཆད་མཚོ་སྔོན་པོའི་ནང་དུ་མཚམས་ལན་རེར་བྱེ་སྒང་ཆུང་ཆུང་རེ་མཐོང་རྒྱུ་ཡོད་ལ། ད་ལྟ་བསམ་ན་དེ་ནི་མཚོ་ཆུ་རིམ་གྱིས་འགྲིབ་སྟེ། མཚོ་ཀློང་གི་བྱེ་མ་མཚོ་ཁར་བུད་པ་ཡིན་འདུག ཉེ་བའི་ལོ་འདི་དག་གི་རིང་ལ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་དང་། རང་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དཔོན་གྱི་སྣེ་ཁྲིད་འོག གཅིག་ནས་ཆུ་དང་མཚོ་ལ་སྲུང་སྐྱོབ་ཀྱི་སྲིད་ཇུས་དྲིལ་སྒྲོག་བྱས་པས་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་ཇེ་མཐོར་ཕྱིན་པ་དང་། གཉིས་ནས་སྔོན་ཆད་ཞིང་ནང་དུ་བཏང་བའི་ཆུ་སོགས་ག་ས་གང་དུ་བཞུར་བ་ལས་བཞུར་ལམ་ངེས་ཅན་ཞིག་མེད་ལ། ད་ལྟ་ལག་རྩལ་ལ་བརྟེན་ནས་ཆུ་རྐ་བསྐྲུན་པས་ཆུ་གང་མང་ཆུ་བོ་ཆེན་པོའི་ནང་དུ་བཞུར་ཏེ། ཆུ་ལག་ཐམས་ཅད་སྔར་ལས་ཇེ་ཆེར་གྱུར་བས་མཚོ་སྔོན་པོ་ལོ་རེ་བཞིན་རྒྱས་པའི་མཐུན་རྐྱེན་དུ་གྱུར་བ་རེད། དེ་ལས་གཞན་སྔོན་ཆད་མཚོ་སྔོན་པོའི་ནང་དུ་གསེར་ཉ་མང་པོ་མཐོང་རྒྱུ་མེད་ནའང་། གསེར་ཉ་སྲོག་བླུ་གཏོང་བ་སོགས་ཀྱི་བྱ་འགུལ་གང་མང་སྤེལ་བས་མཚོ་སྔོན་པོའི་ནང་གི་གསེར་ཉ་ཇེ་མང་དུ་གྱུར་ཡོད་ལ། སྔོན་ཆད་མཚོ་འགྲམ་དུ་ཉ་བདའ་གང་མང་ཡོད་ཀྱང་། ད་ལྟ་རིགས་སོ་སོའི་སྤུན་ཟླ་རྣམས་ཀྱིས་མཉམ་གཅིག་ཏུ་གསེར་ཉ་སྲུང་སྐྱོབ་བྱེད་བཞིན་ཡོད་པས། མཚོ་ནང་ཉ་དང་མཚོ་ཐོག་འདབ་ཆགས་ཀྱིས་ཁེངས་པའི་རྣམ་པ་ཆགས་འདུག་པ་འདི་འང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་པའི་གྲུབ་འབྲས་ཆེན་པོ་རེད་ཟེར།

གཞན་ཡང་མཚོ་གཏེར་འབུལ་བ་ནི་བོད་མི་རིགས་ཀྱི་དམངས་སྲོལ་དད་མོས་ཤིག་ཡིན་ཞིང་། ཁྱད་པར་དུ་མཚོ་སྔོན་པོའི་བྱང་རྒྱུད་ཀྱི་རྐང་ཚའི་བོད་སྡེ་རྣམས་ལ་མཚོན་ན་ལོ་རེར་མཚོ་གཏེར་འབུལ་བའི་སྲོལ་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། སྔོན་ཆད་གཏེར་རྫས་མཚོ་ལ་འབུལ་སྐབས་གཏེར་ཁུག་རས་ཁུག་སྣ་ཚོགས་ཡིན་ཞིང་། མཚོ་ལ་ཕུལ་རྗེས་རིམ་གྱིས་མཚོ་མཐར་ཁུར་ཡོང་སྟེ་གད་སྙིགས་སུ་གྱུར་འགྲོ། གཏེར་ཁུག་དེ་དག་རུལ་རྒྱུ་མེད་ལ་ཞི་ཡང་དཀའ་བས།མཚོའི་སྐྱེ་ཁམས་ལ་སྦགས་བཙོག་ཐེབས་ཏེ་གད་སྙིགས་ལོ་རེར་ཇེ་མང་དུ་འགྲོ་བའི་གནས་ཚུལ་ལ་དམིགས་ཏེ། རྐང་ཚ་རྫོང་གིས་དེ་ལ་བཅོས་བསྒྱུར་བཏང་ནས། རྐང་ཚ་དགོན་ཆེན་དང་ས་ཐོ་དགོན་སོགས་ནས་ཕྱི་རྩམ་པས་བཟོས་ཤིང་ནང་དུ་གཏེར་རྫས་བླུགས་ཡོད་པའི་ཁོར་སྲུང་གཏེར་བུམ་བཟོ་བར་བསྐུལ་ཏེ། ཡུལ་དེའི་མང་ཚོགས་སམ་ས་ཆ་གཞན་ནས་ཡོང་བའི་མཚོ་གཏེར་འབུལ་མཁན་ལ་ཁོར་སྲུང་གཏེར་བུམ་གསར་པ་ཞིག་བསྐྲུན་པས་གཏེར་བུམ་དེ་མཚོ་ནང་དུ་ཕུལ་རྗེས་རིམ་གྱིས་ཞི་སྟེ་ཉ་རིགས་ཀྱི་ཁ་ཟས་སུ་གྱུར་འགྲོ་བས་མཚོ་ཁུག་ཏུ་མཚོ་གཏེར་གྱིས་བཟོས་པའི་གད་སྙིགས་རིམ་གྱིས་མེད་པར་གྱུར། གཞན་ཡང་རྐང་ཚ་རྫོང་གི་ཉིན་ཞ་དང་བྲ་སོག་སྡེ་བ་སོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་ཆེད། རང་ཡུལ་གྱི་ལ་ཁའི་ལ་བཙས་མགོ་ཡི་དར་ལྕོག་རྣམས་ཀྱང་གང་འདོད་དུ་འཐེན་པ་དང་མང་པོ་འཐེན་པ། རྙིང་པ་སྤུངས་ནས་འཇོག་པ་སོགས་ཀྱི་གནའ་སྲོལ་རྣམས་རིམ་གྱིས་བསྒྱུར་ཏེ། སྡེ་སྲོལ་དམངས་ཆིངས་ཀྱི་ལམ་ནས་སྡེ་བ་རེ་རེར་དར་ལྕོག་གི་ཁ་དོག་མི་འདྲ་བ་རེ་གཏན་ཁེལ་བྱས་ཏེ། དར་ལྕོག་གསར་པ་འཐེན་པ་ཡིན་ཞིང་། ལོ་སྔོན་མའི་དར་ལྕོག་རྙིང་རལ་དུ་གྱུར་པ་རྣམས་དུས་ཐོག་ཏུ་གཙང་སེལ་བྱས་དང་བྱེད་བཞིན་ཡོད། དེ་ལྟར་རྐང་ཚ་ས་ཆའི་མཐོན་པོའི་སྒང་དང་བར་གྱི་རྩྭ་ཐང་ཡངས་པོ།ཤང་ཤང་བཞུར་བའི་ཆུ་བོ་དང་། སྔོ་ལྡེམ་མེར་འཁྱིལ་བའི་མཚོ་ཁུག་སོགས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པས་ངེས་པ་དོན་གྱིས་མི་དང་རང་བྱུང་ཁམས། མི་དང་ཆུ་སྐྱེས་དང་རི་སྐྱེས་སྲོག་ཆགས་རྣམས་འཆམ་མཐུན་མཉམ་གནས་ཀྱི་འཚོ་བ་ཞིག་ལ་ལོངས་སྤྱོད་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།