སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཚེས8ཉིན་བསྒྲགས་པའི་ཆ་འཕྲིན་ལྟར་ན། ཀྲུང་དབྱང་གི་སྐོར་ཐེངས་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྐོར་ཁག་དང་པོ་ཉེ་ཆར་ཁྱོན་ཡོངས་ནས་མགོ་བརྩམ་རྒྱུ་རེད། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང8བཙུགས་ཏེ། ཧྲང་ཧའེ་དང་ཧྥུ་ཅན། ཧའེ་ནན། ཁྲུང་ཆིན། ཀན་སུའུ། མཚོ་སྔོན་བཅས་ཀྱི་ཞིང་ཆེན(གྲོང་ཁྱེར)6དང་ཀྲུང་གོ་གཏེར་ལྔ་ཚོགས་སྒྲིལ་ཚད་ཡོད་ཀུང་སི་དང་ཀྲུང་གོ་རྫས་འགྱུར་བཟོ་ལས་ཚོགས་སྒྲིལ་ཚད་ཡོད་ཀུང་སི་གཉིས་ཀྱི་ཀྲུང་དབྱང་གི་ཁེ་ལས་གཉིས་ལ་བཅའ་སྡོད་སྒོས་ལྟ་ཞིབ་བྱེད་པའི་བྱ་བ་སྤེལ་རྒྱུ་རེད། ཀུང་སི་འདི་གཉིས་ཀའང་ལྟ་ཞིབ་བྱེད་པའི་ཀྲུང་དབྱང་གི་ཁེ་ལས་སྐོར་དང་པོ་རུ་གྱུར།
རྒྱུས་ལོན་བྱུང་བ་ལྟར་ན། ལྟ་ཞིབ་ཚན་ཆུང་བཅའ་སྡོད་བྱེད་པའི་དུས་ཡུན་ནི་ཕལ་ཆེར་ཟླ་གཅིག་རེད།
ས་གནས་ལ་ཁ་གཏད་དེ། ལྟ་ཞིབ་བྱེད་སྐབས་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་མཛུབ་སྟོན་མཆན་བཀོད་གལ་ཆེན་དོན་འཁྱོལ་མཐར་ཕྱིན་བྱས་པའི་གནས་ཚུལ་གཙོར་བཟུང་ནས་ཞིབ་དཔྱད་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བསམ་བློའི་ངོས་ཟིན་དང་འགན་འཁྲི་དངོས་འབེབས། གཞན་ད་རུང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གནས་ཚུལ་གཙོར་བཟུང་ནས་རྒྱུས་ལོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་བྱེད་ཐབས། འཆར་འགོད་ཚད་གཞི་སོགས་ཀྱི་བྱེ་བྲག་གི་ལག་བསྟར་གནས་ཚུལ་གཙོར་བཟུང་ནས་བརྟག་དཔྱད། སྦགས་བཙོག་འགོག་བཅོས་མཁྲེགས་གཏོར་འཐབ་འཛིང་དང་ཀྲུང་དབྱང་གི་རེས་ཐེངས་དང་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་འབྲེལ་བའི་གནད་དོན་དག་ཐེར་དངོས་འབེབས་བྱས་པའི་གནས་ཚུལ་གཙོར་བཟུང་ནས་ལྟ་ཞིབ། མི་དམངས་མང་ཚོགས་ཀྱིས་ཚུར་སྣང་དྲག་པོ་བྱེད་ཀྱིན་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མྱུར་དུ་བཅོས་བསྒྱུར་བྱེད་པའི་གནས་ཚུལ་གཙོར་བཟུང་ནས་སྒྲུབ་རྒྱུར་ལྟ་སྐུལ་བཅས་བྱེད་རྒྱུ་དང་། དུས་མཚུངས་སུ་སྦགས་བཙོག་འགོག་བཅོས་མཁྲེགས་གཏོར་འཐབ་འཛིང་གི་མཚོན་རྟགས་རང་བཞིན་གྱི་འཐབ་འཛིང་ཆེན་པོ7དང་ཁྱབ་ཁོངས་གཙོ་བོ་གཞན་དག་ལ་ཁ་གཏོད་པ་དང་། ལྟ་ཞིབ་ཞིང་ཆེན་གྱི་བྱེ་བྲག་གི་གནས་ཚུལ་དང་སྦྲེལ་ཏེ། ཞིང་ཆེན་རེར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དམིགས་ལྟ་ཞིབ་གཅིག་རེ་གཅིག་གྱུར་སྒོས་བཀོད་སྒྲིག་བྱེད་རྒྱུ་རེད།
ཀྲུང་དབྱང་གི་ཁེ་ལས་ལ་ཁ་གཏད་དེ། ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་མཆན་བཀོད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་དང་། སྦགས་བཙོག་འགོག་བཅོས་བྱེད་པའི་གཙོ་གཞིའི་འགན་འཁྲི་དངོས་འབེབས་བྱས་པའི་གནས་ཚུལ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་འཐབ་འཛིང་དོན་འཁྱོལ་ཡོང་བར་སྐུལ་འདེད་བྱས་པའི་གནས་ཚུལ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་གཞན་ད་རུང་ལྟ་ཞིབ་དང་བརྟག་དཔྱད་གཞན་དག་ཁྲོད་རྙེད་པའི་གནད་དོན་དང་ཀྲུང་དབྱང་སྨྱན་བྱེད་ཀྱིས་སྤྱི་བསྒྲགས་བྱས་པའི་གནད་དོན་དག་ཐེར་དངོས་འབེབས་བྱས་པའི་གནས་ཚུལ། ཁེ་ལས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པའི་གནས་བབ་དང་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱས་པའི་གནས་ཚུལ། ལོ་རྒྱུས་ཀྱི་དབང་གིས་གྲུབ་པའི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་གནད་དོན་ཐག་གཅོད་བྱས་པའི་གནས་ཚུལ།སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་འགོག་སྲུང་དང་ཚོད་འཛིན་དང་ཐག་གཅོད་བཅས་བྱས་པའི་གནས་ཚུལ་བཅས་དང་། གཞན་ད་རུང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཡུན་ཕན་ནང་རྐྱེན་འཛུགས་པ་དང་འཁོར་སྐྱོད་བྱས་པའི་གནས་ཚུལ་སོགས་གཙོ་རུ་བཟུང་ནས་ལྟ་ཞིབ་བྱེད་རྒྱུ་རེད།
བཅའ་སྡོད་བྱེད་པའི་སྐབས་སུ། ལྟ་ཞིབ་ཚན་ཆུང་སོ་སོས་སོ་སོར་འབྲེལ་གཏུག་ཁ་པར་དང་སྦྲག་སྲིད་ཡིག་སྒམ་བཙུགས་ནས། ལྟ་ཞིབ་བྱ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ཀྱི་འཕྲིན་ཡིག་དང་ཁ་པར་གཏུག་བཤེར་བདག་ལེན་བྱེད་རྒྱུ་རེད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།