ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ལ་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་སྐོར་གྱི་ཐེར་འདོན་གནད་དོན་ཁག་དང་པོ་རྩིས་སྤྲོད་བྱས་པ།
2019.07.16 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 30

སྤྱི་ཟླ7པའི་ཚེས15ཉིན་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཐེངས་དང་པོའི་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་སྐོར་གྱི་ཐེར་འདོན་གནད་དོན24རྩིས་སྤྲོད་བྱས་ཤིང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གི་མགོ་གཙོ་གཞོན་པ་ཧོང་རུང་ཆིའུ་ཡིས་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲེན་ལ་རྩིས་སྤྲོད་བྱས་པ་རེད།

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པ་མཚོ་སྔོན་དུ་བཅའ་སྡོད་བྱས་རྗེས། དུས་ཐོག་ཏུ་ལས་རེས་ཁ་པར་དང་སྦྲག་སྲིད་ཡིག་སྒམ་བཙུགས་ནས་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་སྐོར་གྱི་ཐེར་འདོན་དང་ལེན་བྱས་པ་དང་། ཚེས15ཉིན་གྱི་ཉིན་གུང་དུས་ཚོད12བར་ཐེར་འདོན་གནད་དོན24འབྱོར་ཡོད།

ཧོང་རུང་ཆིའུ་ཡིས་རྩིས་སྤྲོད་མཛད་སྒོའི་ཐོག་མཚོ་སྔོན་གྱིས་འཕྲལ་སྒྲུབ་འཕྲལ་བཅོས་དང་ལྟ་སྐུལ་བྱེད་ཞོར་སྒྱུར་བཅོས་བྱས་ཏེ། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་རྩིས་སྤྲོད་བྱས་པའི་མི་དམངས་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་གྱི་གནད་དོན་ཐད་ལམ་སྲོལ་འཛུགས་པ་དང་། འཕྲལ་སྒྲུབ་འཕྲལ་བཅོས་བྱེད་པ། ལྟ་སྐུལ་བྱེད་ཞོར་དུ་ལེགས་བཅོས་བཅས་བྱས་ནས་མང་ཚོགས་ཀྱིས་དོ་སྣང་བྱེད་བཞིན་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་གི་ཚོར་བ་ཆེ་རུ་གཏང་དགོས། ཞིབ་བསྡུར་ནན་མོ་བྱས་ནས་དག་ཐེར་དོན་འཁྱོལ་བྱེད་དགོས་པ་དང་། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་རྩིས་སྤྲོད་བྱས་པའི་མང་ཚོགས་ཀྱི་ཐེར་འདོན་གནད་དོན་ཚང་མར་དོ་དམ་ནན་མོ་བྱས་ཏེ་ཨང་རྟགས་མེད་པ་བཟོ་བ། ལྟ་སྐུལ་ཞིབ་དཔྱད་བྱས་ནས་གནད་དོན་རྩད་ཆོད་མཐའ་གསལ་མ་བྱུང་ན་གང་བྱུང་དུ་མི་གཏོང་བ་དང་། དག་ཐེར་ཡོ་བསྲང་གནད་ལ་མ་འཁེལ་ན་མི་གཏོང་བ། འགན་འཁྲི་དོན་འཁྱོལ་མ་བྱས་ན་མི་གཏོང་བ། མང་ཚོགས་ཀྱི་བློ་ལ་མ་བབ་ན་མི་གཏོང་བ་བཅས་བྱེད་དགོས། ཕྱི་ཕྱོགས་ལ་ཁྱབ་སྒྲོག་དང་ལྟ་སྐུལ་དང་ལེན་བྱ་དགོས། མི་དམངས་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་གནད་དོན་གྱི་གནས་ཚུལ་ཞིབ་ཕྲ་དང་། ཞིབ་བཤེར་ཐག་གཅོད་བྱས་ཚུལ། དག་ཐེར་བྱས་ཚུལ་སོགས་དུས་ཐོག་ཏུ་ཕྱི་ཕྱོགས་ལ་ཁྱབ་སྒྲོག་བྱས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས། ཐེར་འདོན་ཐག་གཅོད་དང་འབྲེལ་ཡོད་མང་ཚོགས་ཀྱི་ཚོར་སྣང་དང་ཡུན་ཕན་ལམ་སྲོལ་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་དང་འབྲེལ་བ་ཡོད་ཚེ་བྱེད་ཐབས་འོས་འཚམ་བརྒྱུད་དེ་སྤྱི་ཚོགས་ལ་ཁྱབ་སྒྲོག་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་དངོས་ཕན་དོན་གཉེར་བྱེད་དགོས་པའི་རྨང་གཞིའི་སྟེང་། ལྟ་ཞིབ་ཚན་ཆུང་གིས་རྩིས་སྤྲོད་བྱས་པའི་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་ལ་ལྟ་ཞིབ་ལེགས་པོ་བྱེད་པ་དང་ཕན་འབྲས་ཐོབ་པར་བརྩོན་ལེན་བྱེད་པ་དང་ཆབས་ཅིག་ཏུ་ཁྲིམས་ལྟར་བྱ་བ་སྒྲུབ་པར་རྒྱུན་འཁྱོངས་བྱེད་པ་དང་། སྲིད་ཇུས་སྙོམས་སྒྲིག་ལ་དོ་སྣང་བྱེད་པ་། བརྟན་བརླིང་དང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་གནད་དོན་ཐག་གཅོད་བྱེད་དགོས་པ་བཅས་ནན་གྱིས་བསྟན།  །

གཞན་ཡང་། ཟླ7པའི་ཚེས16ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔའི་བར་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཐེངས་གཉིས་པའི་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་སྐོར་གྱི་ཐེར་འདོན་གནད་དོན་སོ་བཞི་རྩིས་སྤྲོད་བྱས་ཤིང་།  དེའི་ནང་ཟི་ལིང་གྲོང་ཁྱེར་གྱི་ཐེར་འདོན་གནད་དོན་བཅོ་བརྒྱད་དང་མཚོ་ཤར་གྲོང་ཁྱེར་གྱི་ཐེར་འདོན་གནད་དོན་བཅུ་གསུམ། མཚོ་ནུབ་ཁུལ་གྱི་ཐེར་འདོན་གནད་དོན་གཅིག ཡུལ་ཤུལ་ཁུལ་གྱི་ཐེར་འདོན་གནད་དོན་གཅིག  རྨ་ལྷོ་ཁུལ་གྱི་ཐེར་འདོན་གནད་དོན་གཅིག་བཅས་ཡོད།  ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་ཐེར་འདོན་གནད་དོན་བརྒྱད་གཙོར་བཟུང་ནས་དོ་སྣང་བྱས། དེའི་ནང་ཟི་ལིང་གྲོང་ཁྱེར་གྱི་ཐེར་འདོན་གནད་དོན་བཞི་དང་མཚོ་ཤར་གྲོང་ཁྱེར་གྱི་ཐེར་འདོན་གནད་དོན་གསུམ། རྨ་ལྷོ་ཁུལ་གྱི་ཐེར་འདོན་གནད་དོན་གཅིག་བཅས་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།