མཚོ་ནུབ་ཁུལ་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པའི་ལྟ་ཞིབ་ལས་དོན་ལ་གཞོགས་འདེགས་བྱེད་པའི་ཆེད་དོན་ཚོགས་འདུ་བསྡུས་པ།
2019.07.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

 ཟླ7པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པའི་ལྟ་ཞིབ་ལས་དོན་ལ་གཞོགས་འདེགས་བྱེད་པའི་ཆེད་དོན་ཚོགས་འདུ་བསྡུས་ནས། 《ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་གྱི་གཏན་འབེབས》དང་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པའི་ལྟ་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་ལས་དོན་སྐུལ་སློང་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ལྟ་ཞིབ་ལས་དོན་ལ་གཞོགས་འདེགས་བྱེད་པར་བཀོད་སྒྲིག་བྱས།

ཚོགས་འདུའི་སྟེང་ཁུལ་ཡོངས་ཀྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་དེ་མཚོ་ནུབ་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལ་ཞིབ་བཤེར་བྱེད་པའི་ཡིག་རྒྱུགས་ཆེན་པོ་ཞིག་ཏུ་བརྩིས་ནས། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་ཆབ་སྲིད་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ཏེ།  ལྟ་ཞིབ་ཚན་ཆུང་གིས་མཚོ་ནུབ་ཁུལ་དུ་ལས་དོན་སྣ་ཚོགས་སྤེལ་བར་རམ་འདེགས་བྱེད་དགོས་ཞེས་བསྟན། ཐེངས་འདིའི་ལྟ་ཞིབ་ནི་ཁུལ་ཡོངས་ཀྱིས་གནད་དོན་འཚོལ་ཞིབ་དང་ཞན་ཆ་ཁ་གསབ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཐེངས་ཤིག་ཡིན་ལ། ཤུགས་ཆེན་པོས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བར་གཞོགས་འདེགས་བྱེད་པ་ནི། སྔར་ལས་བཟང་པོའི་སྒོ་ནས་རང་ཉིད་ཀྱི་ཁྱིམ་གཞིས་སྲུང་སྐྱོབ་བྱེད་རྒྱུ་དེ་རེད།

ཚོགས་འདུའི་སྟེང་། ས་གནས་ཁག་དང་རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པས་ཚད་མཐོ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཡིད་ལ་དམ་པོར་བཅངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ཁྲོད་ཞུགས་པ་དང་། ཏན་ཏིག་སྒོས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གི་ལས་དོན་ལ་གཞོགས་འདེགས་དང་འགན་སྲུང་བྱེད་དགོས་པ་མ་ཟད། སྐོར་ཐེངས་དང་པོའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་ཕྱིར་བཏོན་པའི་གནད་དོན་ལ་དོ་སྣང་བྱས་ཏེ། སྒྱུར་བཅོས་བྱས་ཟིན་པའི་གནད་དོན་ལ་ཕྱིར་ལྟ་བྱེད་པ་དང་ནན་ཏན་སྒོས་ཆད་ལུས་བཙལ་ནས་འཐུས་ཚང་དུ་གཏོང་བ་དང་། སྒྱུར་བཅོས་བྱས་ཚར་མེད་པའི་གནད་དོན་གྱི་གནད་འགག་བཙལ་ནས་མྱུར་ཏུ་ཐག་གཅོད་བྱེད་དགོས། རིམ་པ་སོ་སོའི་ཏང་སྲིད་ཀྱི་མགོ་ཁྲིད་པ་གཙོ་བོས་ཡུལ་དངོས་ནས་ལྟ་ཞིབ་བྱེད་པ་དང་བཀོད་འདོམས་བྱས་ཏེ། ལྟ་ཞིབ་ཚན་ཆུང་བཅའ་སྡོད་བྱེད་རིང་གི་གནས་ཚུལ་ཡར་ཞུ་དང་ཡིག་ཆ་འདོན་སྤྲོད། མཐུན་སྦྱོར་འབྲེལ་གཏུག ཞབས་ཞུ་འགན་སྲུང་།  ཆ་འཕྲིན་ཁྲོམ་བསྒྲགས་སོགས་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་དགོས་པ་ནན་གྱིས་བསྟན་ཡོད།

ལོ་ཙཱ། སྒྲོལ་མ་སྐྱིད།