མཚོ་སྔོན་ཞིང་ཆེན་ཞིང་ལས་ཐིན་དང་ཞིང་སྡེ་ཐིན་གྱིས་རང་འགུལ་ངང་ལྟ་ཞིབ་དང་ལེན་ཞུས་ནས་སྐྱེ་ཁམས་ཁོར་ཡུག་ལེགས་སྒྲིག་བྱ་བ་བཟང་བོར་སྒྲུབ་པ།
2019.07.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

 ཟླ7ཚེས་15ཉིན་གྱི་སྔ་དྲོ་ཞིང་ཆེན་ཞིང་ལས་ཐིན་དང་ཞིང་སྡེ་ཐིན་གྱིས་ཆེད་དོན་གྲོས་ཚོགས་བསྡུས་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པའི་མཚོ་སྔོན་ཞིང་ཆེན་སྐུལ་སློང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་དང་ཞིང་སྡེའི་ཁོངས་གཏོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྟ་ཞིབ་ལས་དོན་བཀོད་སྒྲིག་བྱས་པ་རེད།

གྲོས་ཚོགས་ནས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཞིང་ལས་ཐིན་དང་ཞིང་སྡེ་ཐིན་གྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་ཇེ་མཐོར་བཏང་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དོན་སྙིང་གལ་ཆེན་དང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་གྱི་ནང་དོན་ལ་ངོས་འཛིན་གཏིང་ཟབ་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས། ཆབ་སྲིད་དམ་འཛིན་དང་། ཁྱོན་ཡོངས་ལ་ལྟ་རྟོག སྒྲིག་ཁྲིམས་སྲུང་བ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྐོར་ཐེངས་གསར་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་དེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་སྐུལ་འདེད་གཏོང་བའི་གོ་སྐབས་སུ་བརྩི་བ་དང་། རང་ངོས་ཀྱི་འགན་ནུས་དང་ཟུང་འབྲེལ་བྱས་ཏེ་རང་འགུལ་ངང་ལྟ་ཞིབ་ནང་ཞུགས་པ་དང་། ལྟ་ཞིབ་དང་ལེན་མཐའ་གཅིག་ཏུ་བྱེད་པ། ལྟ་ཞིབ་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བཅས་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ་གི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཧེ་བག་འཚོལ་བ་དང་དོན་འཁྱོལ་དམ་འཛིན་བྱས་ནས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་སྣེ་ཁྲིད་དེ། གཞི་ཁྱོན་ཅན་གྱི་སྒོ་ཕྱུགས་དང་ཁྱིམ་བྱའི་གསོ་སྤེལ་ར་བའི་ཁྱིམ་ལུད་ཕྱོགས་བསྡུས་ཐག་གཅོད་དང་བེད་སྤྱོད་བྱེད་པ་དང་། ཞིང་ལས་ཀྱི་སྦགས་བཙོག་བཅོས་སྐྱོང་བྱེད་པ།  ཞིང་སྡེའི་ཁོར་ཡུག་ལེགས་བཅོས་བྱེད་པ་སོགས་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་ལས་བགོས་གསལ་བོ་དང་། མཛུབ་ཁྲིད་ཞབས་ཞུ། ཆ་འཕྲིན་དཔྱད་ཡིག་བསྡུ་རུབ་དང་དག་ཐེར། འགན་འཁྲི་བདའ་འདེད་ལ་ཤུགས་སྣོན། གླེང་ཕྱོགས་དྲིལ་བསྒྲགས་ལ་ཤུགས་སྣོན་བཅས་བྱས་ཏེ་ཐབས་མང་མཉམ་སྤྱོད་དང་དངོས་འབེབས་དམ་འཛིན་བྱས་ནས། ཤུགས་ཆེན་པོས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལས་དོན་ལེགས་པོར་སྒྲུབ་དགོས། ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ཆ་འཕྲིན་སྙན་ཞུའི་ལས་དོན་དམ་འཛིན་ནན་ཏན་བྱས་ཏེ་ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་དུས་ཐོག་ཏུ་བརྡ་ཁྱབ་བཏང་ནས་ལྟ་ཞིབ་ལས་དོན་གྱི་སྒྲིག་ཁྲིམས་ལ་ཤུགས་སྣོན་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་གཞོགས་འདེགས་དང་གནད་འཁེལ་མཐུན་སྦྱོར་བྱས་ཏེ་མཁོ་བའི་ཡིག་ཚགས་སྣ་ཚོགས་ཀྱི་དཔྱད་གཞི་དུས་ཐོག་ཏུ་འབུལ་དགོས།

ལོ་ཙཱ། སྒྲོལ་མ་སྐྱིད།