གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཚོན་རྟགས་བཙུགས་ནས2020ལོར་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུ་རེད།
2019.07.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

 ད་ལོ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་མཁྲེགས་གཏོར་གྱི་ལོ་ཡིན་ལ། རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་མགོ་ཚུགས་པའི་ལོ་ཡང་ཡིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ་བའི་ཚུན་ནས་མིག་སྔའི་བར་དུ། ལོ་གཅིག་གི་ནང་རྨང་གཞིའི་བྱ་བ་སྲ་བརྟན་ཏུ་གཏོང་བ་དང་ལོ་གཉིས་ཀྱི་ནང་ཚོད་ལྟའི་ལས་འགན་ཡོངས་འགྲུབ་བྱེད་པའི་དམིགས་འབེན་ལག་བསྟར་བྱས་ཤིང་། ལོ་ལྔའི་ནང་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ཆ་རྐྱེན་འཛོམས་པས། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་དང་དཔེ་དབྱིབས་བཟང་བོ་བསྐྲུན་པ་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་དཔེ་མཚོན་ལེགས་པོ་དང་དཔེ་སྟོན་བཟང་པོ་འདོན་སྤྲོད་བྱས་ཤིང་། 2020ལོར་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་པར་རྨང་གཞི་བརྟན་པོ་བཏིངས་ཡོད།

གཅིད་སྡུད་གཅིག་གྱུར་གྱི་དོ་དམ་སྒྲིག་སྲོལ་ཕལ་ཆེར་གྲུབ།

ལེགས་བཅོས་ཧྲིལ་བསྡུས་དང་གཅིག་གྱུར་ཚད་ལྡན་རྒྱུན་འཁྱོངས་བྱས་ཏེ། སྲིད་འཛིན་མངའ་ཁོངས་ལེགས་སྒྲིག་མི་བྱེད་པ་དང་། སྲིད་འཛིན་ལས་དོན་སྒྲིག་ཁོངས་གསར་དུ་ཁ་སྣོན་མི་བྱེད་པའི་རྩ་དོན་ལྟར། ཁོངས་ཁུལ་ལོགས་བཅད་དང་དོ་དམ་ཐར་ཐོར་གྱི་སྲོལ་རྒྱུན་དཔེ་དབྱིབས་གཏོར་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཞིང་ཆེན་དང་ཁུལ། རྫོང་། ཞང་། སྡེ་བ་བཅས་རིམ་པ་ལྔའི་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་དངོས་གཞི་སྒྲིག་འཛུགས་བྱས་པ་དང་། དོ་དམ་འགན་འཁྲི་གཙོ་བོ་ལག་བསྟར་བྱས་ནས། སྡེ་ཁག་མང་པོས་དོ་དམ་བྱེད་པ་དང་ལྟ་སྐུལ་དོ་དམ་ཁྲིམས་འཛིན་ཐར་ཐོར་ཡིན་པའི་གནད་དོན་ཡོངས་སུ་ཐག་བཅད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་ཅུས་ཀྲང་ཧི་བན་ཁྲིན་གྱིས་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ་བའི་ཚུན་ལ། སྔར་ཡོད་སྒྲིག་སྲོལ་ལས་བརྒལ་ཏེ་སྲུང་སྐྱོབ་དོ་དམ་གྱི་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱས་ཏེ། གླིང་ཁུལ་གསུམ་དང་འབྲེལ་བའི་རྫོང་བཞིའི་སྡེ་ཁག་ཆེན་པོའི་ལམ་ལུགས་བཅོས་སྒྱུར་བྱས་པ་དང་། ནགས་ལས་དང་རྒྱལ་ཁོངས། ཁོར་སྲུང་། ཆུ་བེད། ཞིང་ཕྱུགས་སོགས་སྡེ་ཁག་གི་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་འགན་འཁྲི་ཧྲིལ་བསྡུས་བྱས་ཤིང་། གཅིག་སྡུད་གཅིག་གྱུར་དང་ཕན་ནུས་མཐོ་བའི་སྲུང་སྐྱོབ་དོ་དམ་དང་ཁྲིམས་བསྟར་མངོན་འགྱུར་བྱས།

རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་ནི་བདེ་སྡུག་ཐུན་མོང་ཚོགས་པ་ཞིག་ཡིན་པའི་འདུ་ཤེས་གཞིར་བཟུང་སྟེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། རྒྱལ་ཁབ་བརླན་སའི་སྤྱི་གླིང་། འཐུང་ཆུ་གལ་ཆེན་གྱི་འབྱུང་ཡུལ། རྒྱལ་སྤྱིའི་བརླན་ས་གལ་ཆེན། མཛེས་ལྗོངས་གྲགས་ཅན་ཁུལ། རང་བྱུང་ཤུལ་བཞག་སྲུང་སྐྱོབ་ཁུལ་སོགས་སྲུང་སྐྱོབ་ཁུལ་སྣ་ཚོགས་ཀྱི་བྱེད་ནུས་བསྐྱར་སྒྲིག་དང་ལེགས་བཅོས་ཧྲིལ་བསྡུས་བྱས་ཤིང་། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་དབང་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་སྒྲིག་སྲོལ་ཚོད་ལྟ་དང་ཟུང་འབྲེལ་བྱས་ཏེ། གཅིག་སྡུད་གཅིག་གྱུར་དོ་དམ་ལག་བསྟར་བྱས་པ་དང་། གླིང་ཁུལ་གྱི་བྱེད་ནུས་ཡན་ལག་ཁུལ་སོ་སོའི་བར་གྱི་སྤྱི་ཡོངས་རང་བཞིན་དང་འབྲེལ་མཐུད་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཇེ་དྲག་ཏུ་བཏང་ནས། སྲུང་སྐྱོབ་ཁུལ་སྣ་ཚོགས་ཀྱི་ཆ་ཚང་རང་བཞིན་དང་དངོས་འབྲེལ་རང་བཞིན་ལ་སྤྱི་ཡོངས་ནས་སྲུང་སྐྱོབ་དང་མ་ལག་ལྡན་པའི་སྒོ་ནས་སླར་གསོ་བྱས།

སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་ཕྱོགས་ཡོངས་སུ་ཁེབས།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་འཛུགས་སྐྲུན་བྱེད་སྐབས། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཁྲོད་ཀྱི་འབྲོག་པ་མང་ཚོགས་ཀྱི་ནུས་པ་གཙོ་བོ་ཇེ་དྲག་ཏུ་བཏང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ལ་མཐོང་ཆེན་བྱེད་པ་དང་ཆབས་ཅིག་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་། ཚོད་ལྟའི་སྲིད་ཇུས་གཏན་འཁེལ་བྱེད་པའི་ཐད། སྐྱེ་ཁམས་སྲུང་སྐྱོབ་དང་གནད་ཕིགས་དབུལ་སྐྱོར་ཕན་ཚུན་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་བཙུགས་པ་མ་ཟད་ལག་བསྟར་བྱས་པ་དང་། འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བརྩོན་སེམས་སྐུལ་སྤེལ་ལེགས་པོ་བྱས་ནས། འབྲོག་པ་མང་ཚོགས་ཕྱུགས་རྫི་ནས་སྐྱེ་ཁམས་ལྟ་སྲུང་པར་གྱུར། མིག་སྔར་གླིང་ཁུལ་དུ་ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་མངོན་འགྱུར་བྱས་ཡོད་ལ། བསྡོམས་པས་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་གིས་སྐྱེ་ཁམས་ལྟ་སྲུང་དཔང་ཡིག་བཟུང་ནས་ལས་རྐང་དུ་ཞུགས་ཡོད།

ཧི་བན་ཁྲིན་གྱིས་བཤད་རྒྱུར། མིག་སྔར་ཆ་རྐྱེན་འཛོམ་པའི་ས་ཁུལ་ནས་འབྲོག་པ་མང་ཚོགས་ཀྱིས་འོས་འཚམ་སྒོས་ཐོན་སྐྱེད་བདག་གཉེར་བྱེད་པར་ཁྲིད་སྟོན་དང་། ཐོན་ལས་དབུལ་སྐྱོར་དང་བདེ་སྡོད་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར། དབུལ་ཐར་ཉེན་ཚབ། འབྲོག་པའི་ལས་ཞུགས་གསོ་སྦྱོང་བཅས་ལ་རྩ་འཛུགས་ལག་བསྟར་བྱས་ཤིང་།  གླིང་ཁུལ་གྱི་ཕྱུགས་ལས་མཉམ་ལས་ཁང་ལ་རོགས་སྐྱོར་དང་གནས་སྤོས་ཡུལ་མིའི་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་གླིང་ཁུལ་གྱི་གནད་ཕིགས་དབུལ་སྐྱོར་བྱ་བ་སྤེལ་བར་སྐུལ་འདེད་བཏང་། འབྲོག་པ་མང་ཚོགས་ཀྱིས་སྤྱི་གླིང་གི་སྐྱེ་ཁམས་ཉམས་ཞིབ་དང་ཁོར་ཡུག་སློབ་གསོའི་ཞབས་ཞུ། སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་བ་སྒྲུབ་པར་རོགས་སྐྱོར་དང་སྐུལ་ལྕག་ཁྲིད་སྟོན་བྱས་ཏེ། འབྲོག་པ་མང་ཚོགས་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་པ་དང་སྤྱི་གླིང་དོ་དམ་བྱེད་པའི་ཁྲོད་ནས་བརྟན་འཇགས་དང་ཡུན་རིང་གི་ཕན་འབྲས་ཐོབ་པར་བྱས།

འབྲོག་པ་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པའི་རྨང་གཞིའི་སྟེང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཕེལ་རྒྱས་སུ་བཏང་སྟེ། རྩྭ་ས་འགན་གཙང་ལེན་བདག་གཉེར་དེ་རིམ་བཞིན་ཆོག་འཐུས་བདག་གཉེར་ཕྱོགས་སུ་བསྒྱུར་བར་ཚོད་ལྟ་བྱས།  འབྲོག་པ་མང་ཚོགས་ཀྱིས་མ་རྐང་དུ་ཞུགས་པ་དང་ངལ་དོན་མཉམ་ལས་སོགས་ཀྱི་བྱེད་སྟངས་སྣ་མང་བརྒྱུད་དེ་མགྲོན་ཁང་དང་གནས་སྐོར་ཁང་། མི་རིགས་འཁྲབ་སྟོན་སྒྱུ་རྩལ། འགྲིམ་འགྲུལ་འགན་སྲུང་། འབྲོག་པའི་སྤྲོ་ཁྱིམ། བཟའ་བཏུང་ཞབས་ཞུ་སོགས་བདག་གཉེར་ལས་གཞི་སྒྲུབ་པར་སྐུལ་ལྕག་བཏང་ཞིང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ་ལ་འཚམ་པའི་ཐོན་ལས་གསུམ་པ་གོང་དུ་སྤེལ་བར་ཡར་སྐུལ་བྱས།

གཅིག་གྱུར་གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་དཔེ་དབྱིབས་ཕལ་ཆེར་གྲུབ།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ་བའི་ཚུན་ལ། སྔ་གཞུག་ཏུ་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་ཉེར་གཉིས་དང་བྱེ་བ་ལྔ་བཏང་སྟེ། གཙོ་བོ་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་དང་སྲུང་སྐྱོབ་ལྟ་ཞིབ་ཚད་ལེན་སྒྲིག་ཆས། ཚན་རྩལ་ཁྱབ་སྤེལ་དང་སློབ་གསོའི་ཞབས་ཞུ་སྒྲིག་ཆས། གཞི་གྲངས་ཆེན་མོའི་ལྟེ་གནས་འཛུགས་སྐྲུན་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ནས། གླིང་ཁུལ་གྱི་དོ་དམ་སྲུང་སྐྱོབ་ནུས་ཤུགས་སྔར་བས་ཇེ་དྲག་ཏུ་བཏང་། གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་དང་བརླན་ས་སྲུང་སྐྱོབ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་ཀྱི་ལས་གཞི་ནན་ནན་ཏིག་ཏིག་གིས་སྐུལ་སྤེལ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་ལེགས་བཅོས་བྱུང་། མཁར་གྲོང་གི་སྤྱི་པའི་ཞབས་ཞུ་ནུས་ཤུགས་མཐོར་འདེགས་དང་གཅིག་བསྡུས་ཕན་ནུས་ཇེ་དྲག་ཏུ་བཏང་བ་དང་། རྩྭ་སའི་གནོན་ཤུགས་ཇེ་ཡང་དུ་བཏང་ཏེ། རིམ་བཞིན་ལས་རྐང་བརྗེ་བ་དང་ལས་ཀ་བསྒྱུར་བ། ཐོན་ལས་བསྒྱུར་བ་བཅས་ཀྱི་དམིགས་ཡུལ་དུ་བསླེབས་པ་དང་། མི་དང་ཕྱུགས་གྲངས་ཇེ་ཉུང་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱས།

གླེང་རིན་ཡོད་པ་ཞིག་ནི། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་རྩ་འཛུགས་ཅན་དུ་དོ་དམ་སྲུང་སྐྱོབ་བྱེད་པ་དང་། དྲ་མིག་ཅན་དུ་བསྐོར་ཞིབ་བྱེད་པར་སྐུལ་འདེད་བཏང་སྟེ། ཞང་གྲོང་དོ་དམ་ས་ཚིགས་དང་སྡེ་བ་རིམ་པའི་དོ་དམ་ལྟ་སྲུང་ཡན་ལག་རུ་ཁག་སྒྲིག་འཛུགས་བྱས་པ་དང་། རིམ་བཞིན་དྲ་མིག་ཡོངས་སུ་ཁེབས་པའི་ཕྱོགས་ཡོངས་ཀྱི་བསྐོར་སྲུང་མ་ལག་གྲུབ་ཡོད་པ་རེད།

2018ལོར་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་ཚན་རིག་གླིང་གིས་རྩ་འཛུགས་བྱས་པའི་ཕྱོགས་གསུམ་པའི་ཕྱོགས་བསྡུས་དཔྱད་དཔོག་གནས་ཚུལ་ལ་བལྟས་ན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྲོ་བའི་གནས་བབ་ཐོག་མར་བཀག་འགོག་བྱུང་བ་དང་། སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ཁུལ་གཙོ་བོའི་སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་མུ་མཐུད་དུ་ཇེ་བཟང་དུ་སོང་ཞིང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་བ། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་བརྟན་བརླིང་ངང་མཐོར་འདེགས་བྱུང་བ་དང་སྐྱེ་ཁམས་མ་ལག་གི་ཞབས་ཞུ་བྱེད་ནུས་ཉིན་རེ་བཞིན་ཇེ་མཐོར་སོང་སྟེ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་གྱུར་ཡོད་པ་རེད།

ཆུའི་ཐོན་ཁུངས་མངོན་གསལ་སྒོས་ཇེ་མང་དུ་སོང་སྟེ། ལྟག་ཆུ་བསྐྱིལ་གསོག་གི་ཚད་ལོ་རེའི་མུས་རྒྱ་དཔངས་གྲུ་བཞི་དུང་ཕྱུར་བཞི་བརྒྱ་ལྷག་གི་ཡན་དུ་འཕར་སྣོན་བྱུང་ཞིང་། ལོ་རེའི་ཆ་སྙོམས་འཕར་ཚད་བརྒྱ་ཆའི་དྲུག་ཡན་དུ་བསླེབས་པར་མ་ཟད། ཆུ་སྤུས་ཀྱང་ཇེ་བཟང་དུ་གྱུར་ཞིང་། གཙང་གསུམ་འབྱུང་ཡུལ་དུ་ཡང་བསྐྱར་མཚེའུ་སྟོང་གི་མཛེས་ཉམས་མངོན། བརླན་སའི་གཞི་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་པ་དང་། སྔོ་ཁེབས་ཀྱི་ཚད་མངོན་གསལ་དོད་པོས་མཐོར་འདེགས་བྱུང་ཡོད། རྩྭ་སའི་ཁེབས་ཚད་དང་རྩྭའི་ཐོན་ཚད་དེ་སོ་སོར་ལོ་བཅུའི་ཡར་སྔོན་ལས་བརྒྱ་ཆའི་བཅུ་གཅིག་དང་བརྒྱ་ཆའི་སུམ་ཅུའི་ཡན་དུ་ཇེ་མཐོར་སོང་། རྩྭ་ས་ཉམས་ཞན་དུ་འགྱུར་བའི་གནས་བབ་རིམ་བཞིན་བཀག་འགོག་བྱུང་བ་དང་། ས་ནག་ཐང་བཅོས་སྐྱོང་ཁུལ་གྱི་སྔོ་ཁེབས་ཀྱི་ཚད་དེ་བཅོས་སྐྱོང་མ་བྱས་སྔོན་གྱི་བརྒྱ་ཆའི་ཉི་ཤུ་ནས་བཅོས་སྐྱོང་བྱས་རྗེས་ཀྱི་བརྒྱ་ཆའི་བརྒྱད་ཅུ་ཡན་དུ་འཕར་སྣོན་བྱུང་། སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་སྒོས་ཇེ་མང་དུ་སོང་བ་དང་། རི་སྐྱེས་སྲོག་ཆགས་ཀྱི་རིགས་མངོན་གསལ་སྒོས་འཕར་སྣོན་བྱུང་། སྲོག་ཆགས་ཀྱི་གྲངས་ཀ་ཇེ་མང་དུ་སོང་ནས། རི་དྭགས་གཙོད་ཀྱི་གྲངས་ཀ་དེ་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་ཁྲི་གཉིས་ནས་ད་ལྟའི་ཁྲི་བདུན་ལ་སླར་གསོ་བྱུང་།  བྱེད་ཐབས་སྣ་མང་ལག་བསྟར་བྱས་ནས་ས་གཞན་དུ་གནས་སྤོར་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན། སྐྱེ་ཁམས་ཕྱུགས་ལས་དང་གནས་སྐོར་ལས་རིགས་སོགས་གོང་དུ་སྤེལ་ཏེ། འབྲོག་པ་མང་ཚོགས་ཀྱི་ལོ་རེའི་ཆ་སྙོམས་ཡོང་སྒོ་བརྒྱ་ཆའི་བཅུའི་ཡན་དུ་འཕར་སྣོན་བྱུང་བ་དང་། ལོ་མང་པོར་ཐག་གཅོད་མ་ཐུབ་པའི་མི་ཕྱུགས་གཉིས་ཀའི་འཐུང་ཆུ་དང་ནུས་ཁུངས་བཀོལ་སྤྱོད་སོགས་ཀྱི་གནད་དོན་ནུས་ཡོད་སྒོས་ཐག་གཅོད་བྱས་པས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

ལོ་ཙཱ། སྒྲོལ་མ་སྐྱིད།