རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལ་ཤུགས་བསྣན་པ།
2019.07.25 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 34

 རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རླུང་ཁམས་ཆེན་མོ་དང་། ས་ཆུའི་སྦགས་བཙོག་འགོག་བཅོས་ལས་དོན་དོན་འཁྱོལ་དངོས་འབེབས་བྱས་ཏེ་གནམ་སྔོན་པོ་དང་། ས་ཆུ་དག་གཙང་གི་སྲུང་སྐྱོབ་ལས་དོན་སྤེལ་ནས་རྨ་ལྷོའི་སྐྱེ་ཁམས་དཔལ་ཡོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་བ་རེད།

རླུང་ཁམས་ཆེན་མོར་སྲུང་སྐྱོབ་བྱ་ཆེད། སྦགས་བཙོག་འབྱུང་ཁུངས་ནས་སྦགས་བཙོག་དངོས་པོ་འབུད་ཚད་ཇེ་ཉུང་དུ་གཏོང་བ་དང་། ཐུན་རིན་དང་གཅན་ཚ་རྫོང་གཉིས་ཀྱིས་རྡོ་སོལ་ཏུན་60ཡི་ཁྲོ་ཐབ་ཆུང་གྲས་མེད་པར་བཟོས། རྩེ་ཁོག་དང་ཧི་ནན་རྫོང་གཉིས་ཀྱིས་དྲོད་འདོན་སྒྲིག་ཆས་ཁྲོད་གཅིག་སྡུད་ཐོག་མུ་ཟི་མེད་པའི་སྒྱུར་བཀོད་ལས་འགན་ལེགས་སྒྲུབ་བྱས་པ་དང་རིམ་རྩིས་བྱས་ན་དབྱང་གཉིས་མུ་ཟི་རྫས་ཏུན་60དང་ཏན་དབྱང་རྫས་ཏུན་30ཇེ་ཉུང་དུ་བཏང་ནས་བཙོག་འབུད་ཉུང་གཏོང་གི་ལས་འགན་གྱི་65%ལེགས་འགྲུབ་བྱུང་ཏེ། ལས་འགན་ཕྱེད་ཀ་ལྷག་ཙམ་ལེགས་འགྲུབ་བྱུང་ཡོད་པ་རེད། མིག་སྔའི་བར་རྨ་ལྷོ་ཁུལ་གྱི་བཙོག་མེད་ཉིན་གྲངས་དེ་ལོ་ཧྲིལ་བོར་ཉིན171ཡིན་པ་དང་ཚད་ལོན་ཉིན་གྲངས་ཀྱི་བསྡུར་ཚད་96%ཟིན་པ་དེ་ལོ་སྔོན་མའི་དུས་མཚུངས་ལས་1.7%འཕར་ཡོད་པ་རེད།

ཆུའི་སྲུང་སྐྱོབ་ལས་དོན་ལ་རྒྱལ་ཁ་ལེན་ཆེད། རྨ་ལྷོ་ཁུལ་གྱིས་ཆུའི་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ་དམིགས་ཚད་དུ་བཟུང་ནས་རྒྱལ་ཁབ་ཀྱི་ཆུའི་ཆེད་དོན་མ་དངུལ་སྒོར་བྱེ་བ་བདུན་ས་ཡ་གཉིས་འབུམ་ལྔ་བརྩོན་ལེན་བྱས་པ་དང་། ཐུན་རིན་རྫོང་དགུ་ཆུའི་སྟོད་རྒྱུད་དང་བཙན་མོ་ཆུ་མཛོད་ཀྱི་འཐུང་ཆུ་དང་། ཐུན་རིན་རྫོང་བཙོག་ཆུ་གཙང་སེལ་བཟོ་གྲྭ་བཅས་ཀྱི་སྲུང་སྐྱོབ་ཚད་གཞི་ཇེ་མཐོ་རུ་བཏང་ནས་སྒྱུར་བཀོད་བྱེད་པ་དང་། རྩེ་ཁོག་རྫོང་གིས་རྩེ་ཆུའི་སྐྱེ་ཁམས་ཁོར་ཡུག་ཉམས་གསོ་སོགས་ཀྱི་ལས་གཞི་སྤེལ་བ་རེད། ཆུ་ཁུངས་སྲུང་སྐྱོབ་བྱ་རྒྱུ་དེ་རྒྱུན་ལྡན་གྱི་ལས་དོན་ནང་བཅུག་ནས“འཆར་འགོད་དང་། འཛུགས་སྐྲུན། བཅོས་སྐྱོང”བཅས་ཀྱི་ཐད་ནས་དུས་བཅད་ལྟར་ལྟ་ཞིབ་ཚད་ལེན་བྱས་ནས་འཐུང་ཆུའི་བདེ་འཇགས་འགན་ལེན་བྱ་རྒྱུ་ཡིན་པ་རེད།

ས་རྒྱུའི་སྲུང་སྐྱོབ་ལས་དོན་ལ་རྒྱལ་ཁ་ལེན་ཆེད། རྨ་ལྷོ་ཁུལ་གྱིས་ཞིང་ལས་ཐོན་སྐྱེད་དྭངས་གཙང་ཅན་དང་ཐོན་ལས་རྣམ་པ་སྐྱེ་ཁམས་ཅན་དུ་འགྱུར་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། རོང་འབྲོག་མང་ཚོགས་ལ་ཕྱུགས་ཟོག་འཚོ་གསོ་དང་འཚོ་གསོ་གཙང་མ་བྱ་རྒྱུར་ཁྲིད་སྟོན་བྱས་ནས། གྲོང་ཁུལ་གྱི་མཐའ་འཁོར་དུ་ཕྱུགས་རིགས་དང་ཁྱིམ་བྱ་འཚོ་གསོ་བྱ་རྒྱུར་གཏན་འགོག་མཐའ་གཅིག་ཏུ་བྱས་པ་རེད། འགོག་བཅོས་ལས་དོན་དོན་འཁྱོལ་ཤུགས་ཆེན་བྱས་ཏེ་དབྱེ་འབྱེད་གཏན་འཁེལ་བྱས་པའི་ཞིང་སྤྱོད་ས་ཆའི་གནས་ཚུལ་ལ་གཞིགས་ཏེ། ཚན་པ་ཞིབ་བཤེར་ཞིབ་ཚགས་བྱས་ཏེ་དུས་ཐོག་ཏུ་ཞིང་སྤྱོད་ས་ཆའི་ཞིབ་བཤེར་བྱ་ཡུལ་ལ་ཞིབ་བསྡུར་དང་། ལེགས་སྒྲིག ཁ་གསབ་བཅས་བྱས་པ་དང་། གཞན་ཡང་ལོ་རྒྱུས་ཐོག་ལུས་པའི་གཏེར་ཁུལ་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་རིན་རྫོང་མདོ་བ་གྲོང་རྡལ་གསེར་གཏེར་གྱི་གད་སྙིགས་ས་རྒྱུའི་སྦགས་བཙོག་སླར་གསོ་དང་རྩེ་ཁོག་རྫོང་རྡོ་མཆོག་གསེར་གཏེར་ཉམས་གསོའི་ལས་གཞི་ལག་བསྟར་བྱས་པ་དང་། རིམ་རྩིས་བྱས་ན་ཁོར་ཡུག་སྲུང་སྐྱོབ་ཀྱི་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་བདུན་འབུམ་གཅིག་ཁྲི་་བཞི་བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།