ཝང་ཅན་ཅུན་གྱིས་མཚོ་སྐོར་ས་ཁུལ་དུ་ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཀྱིས་ཕྱིར་ལྡོག་བྱས་པའི་གནད་དོན་དག་ཐེར་ལེགས་བཅོས་བྱས་པར་ལྟ་སྐུལ་མཛུབ་སྟོན་བྱེད་སྐབས་ནན་གྱིས་བསྟན་དོན། རི་སྔོ་ཆུ་དྭངས་ལ་རང་མདངས་མངོན། གསེར་རི་དངུལ་རི་ལ་རིན་ཐང་ལྡན།
ཟླ8པའི་ཚེས1ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་མཚོ་སྔོན་པོའི་མཚོ་སྐོར་ས་ཁུལ་དུ་སོང་སྟེ། ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཀྱིས་ཕྱིར་ལྡོག་བྱས་པའི་གནད་དོན་ལ་དག་ཐེར་ལེགས་བཅོས་བྱས་པའི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཀྱིས་ཕྱིར་ལྡོག་བྱས་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་ལེགས་འགྲུབ་འབྱུང་དུ་འཇུག་དགོས་ལ། རི་སྔོ་ཆུ་དྭངས་ལ་རང་མདངས་མངོན་ཞིང་། གསེར་རི་དངུལ་རི་ལ་རིན་ཐང་ལྡན་པའི་འདུ་ཤེས་ཤུགས་ཆེ་རུ་གཏོང་བ་དང་། དངོས་གནས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོར་བྱས་ཏེ། གནས་དེར་འཚོ་སྡོད་བྱེད་བཞིན་པའི་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་ཞིང་། མཛེས་སྡུག་ལྡན་པའི་མཚོ་སྔོན་པོ་ང་ཚོས་དུས་གཏན་དུ་ལོངས་སྤྱོད་ཐུབ་པའི་རྒྱུ་ནོར་ལ་འགྱུར་དུ་འཇུག་དགོས།
མཚོ་སྔོན་པོའི་འགྲམ་དུ། ཝང་ཅན་ཅུན་གྱིས་མཚོ་མཐའི་ལྷོ་ངོགས་སུ་སྒྲིག་འགལ་གྱིས་འཛུགས་སྐྲུན་བྱས་པའི་མགྲོན་ཁང་དང་ཟ་ཁང་དག་ཐེར་ལེགས་བཅོས་བྱས་པར་ཞིབ་ཏུ་རྒྱུས་ལོན་བྱས་པ་དང་། ཡུལ་དངོས་ནས་རྟ་ནག་མའི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་། བཙོག་ཆུ་གཙང་བཟོའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོས་བསྟན་དོན། མཚོ་སྔོན་པོ་ཧ་ཅང་རྒྱ་ཆེ་བ་དེ་ཇེ་ཆུང་དུ་འགྲོ་རུ་འཇུག་མི་རུང་། མཚོ་སྔོན་པོའི་ཆུ་གནས་བསྟུད་མར་ལོ14རིང་འཕར་བས། རྣམ་པ་ལེགས་པོ་དེ་མུ་མཐུད་དུ་སྲུང་འཛིན་བྱེད་དགོས། མཚོ་སྔོན་པོ་ཧ་ཅང་མཛེས་པ་དེ་མི་མཛེས་པར་འགྱུར་དུ་འཇུག་མི་རུང་། མཚོ་སྔོན་པོ་ནི་ཀྲུང་གོའི་ཆེས་མཛེས་པའི་མཚོ་མོ་ལྔའི་ཁྲོད་ཀྱི་ཐོག་མར་བགྲང་བས། སྲུང་སྐྱོབ་ཀྱི་ཤུགས་ཚད་ཆེ་རུ་བཏང་སྟེ་མཚོ་མོ་སྔར་ལས་ཇེ་མཛེས་སུ་གཏོང་དགོས། མཚོ་སྔོན་པོའི་ཆུ་ཧ་ཅང་དྭངས་པ་དེར་སྦགས་བཙོག་བཟོ་མི་རུང་། མཚོ་སྔོན་པོར“མཐོ་སྒང་གི་ཨིནྡྲ་ནི་ལ”ཞེས་འབོད་པས། ང་ཚོར་མཚོ་སྔོན་པོར་བཀྲག་མདངས་རབ་ཏུ་འཚེར་དུ་འཇུག་པའི་ལས་འགན་ཡོད། མཚོ་སྔོན་པོར་སྙན་གྲགས་རྒྱས་ཡོད་པ་དེར་གཏོར་བརླག་གཏོང་མི་རུང་། མཚོ་སྔོན་གྱི་མིང་ནི་མཚོ་སྔོན་པོར་བརྟེན་ནས་བཏགས་པ་ཡིན་ལ། མཚོ་སྔོན་པོར་གཅེས་སྐྱོང་བྱེད་པ་ནི་མཚོ་སྔོན་ལ་གཅེས་སྐྱོང་བྱེད་པ་ཡིན་པས། ནམ་ཡང་མཚོ་སྔོན་པོའི་རླབས་སྔོན་ཡམ་ཡོམ་དུ་གཡོ་བར་བྱེད་པ་དང་། “རྒྱ་ཆེ་དང་མཛེས་སྡུག དྭངས་གཙང་། ཡག་པོ”བཅས་ནི་མཚོ་སྔོན་པོའི་ཡུན་གཏན་གྱི་མཛེས་པའི་མིང་བྱང་དུ་འགྱུར་དུ་འཇུག་དགོས།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། རང་བྱུང་ནི་མིའི་རིགས་ཀྱི་མེ་ལོང་ཡིན་ཞིང་། སྐྱེ་ཁམས་ཁོར་ཡུག་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་གྱི་རྨང་གཞི་ཡིན། ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཀྱིས་ཕྱིར་ལྡོག་བྱས་པའི་མཚོ་སྔོན་པོའི་མཚོ་སྐོར་ས་ཁུལ་གྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་དགོས་པའི་བླང་བྱ་དམིགས་སུ་བཟུང་སྟེ། དམིགས་འབེན་དམ་པོར་བཟུང་ནས་ལྷོད་གཡེང་མི་བྱེད་པ་དང་། ལས་འགན་ཕྲག་ཏུ་བླངས་ནས་དངོས་འབེབས་བྱེད་དགོས། སྒྲིག་འགལ་གྱིས་འཛུགས་སྐྲུན་བྱས་པ་རྩ་བ་ནས་གཙང་བཤེར་བྱེད་དགོས་ལ། ཁྲིམས་དང་མཐུན་པ་ཚད་ལྡན་དུ་གཏོང་བ་དང་། ཁྲིམས་དང་མི་མཐུན་པ་མེད་པར་བཟོས་ཏེ། རྩ་བ་ནས་མཚོ་སྐོར་ས་ཁུལ་གྱི་རང་སྒེར་དང་གང་བྱུང་དུ་འཛུགས་སྐྲུན་བྱས་པའི“བཙོག་ཟིང་ཞན་གསུམ”གྱི་སྣང་ཚུལ་དག་ཐེར་ལེགས་བཅོས་བྱེད་དགོས། སྲུང་སྐྱོབ་ཁུལ་གྱི་ཁྱབ་ཁོངས་དང་མཐའ་མཚམས་སྔར་ལས་ལྷག་པར་གཙང་བཟོ་བྱས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་སྨྲ་བ་དང་རྒྱུན་ཆད་མེད་པའི་འཕེལ་རྒྱས་སྨྲ་བ་རྒྱུན་འཁྱོངས་བྱས་ཏེ། མགྱོགས་མྱུར་ངང་རིགས་སྒྲུབ་དང་འོས་མཐུན་དབྱེ་འབྱེད། ཚན་རིག་དང་མཐུན་པའི་སྲུང་སྐྱོབ་བཅས་བྱེད་དགོས། གད་སྙིགས་ཐག་གཅོད་དང་བཙོག་ཆུ་ཕྱིར་གཏོང་ཕྱོགས་ཡོངས་ནས་ཚད་ལོངས་དགོས་ཤིང་། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་། སྔོན་ལ་ས་འོག་དང་རྗེས་སུ་ས་སྟེང་གི་གོ་རིམ་རྒྱུན་འཁྱོངས་བྱས་ནས། མི་གྲངས་མང་ཚད་དང་དམིགས་འཛིན་གྱི་ཚད་ལྟར། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལེགས་པོ་དང་འཁོར་སྐྱོད་ལེགས་པོར་བྱས་ཏེ། ལོ་རྒྱུས་དང་མི་དམངས་ལ་འགན་ཁུར་དགོས། ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་ཞིག་གསོ་གཉིས་དུས་མཉམ་དུ་འཛིན་དགོས་ལ། ངོགས་སྟེང་དང་ངོགས་འོག གཞན་ཆུ་ངོས་དང་སྐམ་ས་གཅིག་གྱུར་འཆར་འགོད་བྱེད་པ་དང་། སྐྱེ་ཁམས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྐྱེ་ཁམས་ཀྱི་གནད་དོན་ལེགས་པོར་ཐག་བཅད་དེ། མཚོ་སྐོར་ས་ཁུལ་གྱི་བརླན་སའི་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལེགས་པོ་བྱེད་དགོས། ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ནན་མོ་ཡིན་དགོས་ལ། ཚན་རྩལ་འདེགས་སྐྱོར་ནུས་པའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཆུ་རྒྱུན་འབབ་ཡུལ་གྱི་ཕྱོགས་བསྡུས་ཁྲིམས་འཛིན་དང་མཉམ་འབྲེལ་ཁྲིམས་འཛིན་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། ཁོར་ཡུག་གི་སྤུས་ཚད“ཇེ་ལེགས་སུ་འགྱུར་བ་ལས་ཇེ་བཙོག་ཏུ་འགྱུར་མི་རུང”བའི་ཚད་མཐའ་ནན་སྲུང་བྱེད་དགོས། སྲིད་གཞུང་གི་གཙོ་ཁྲིད་དང་སྤྱི་ཚོགས་ཀྱི་རང་འདུན་གཉིས་མཉམ་སྐྱོད་བྱེད་པ་དང་། ཁྲིམས་འཛུགས་དང་ཁྲིམས་ལྟར་ལས་དོན་སྒྲུབ་པ་དམ་པོར་བཟུང་ནས། ཁྲིམས་ལུགས་ཀྱི་དྲག་ཆས་དང་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་མཚོ་སྔོན་པོར་སྲུང་སྐྱོང་བྱེད་དགོས། “མཚོ་སྔོན་པོར་སྲུང་སྐྱོང་བྱེད། ང་ནི་རང་འདུན་པ་ཡིན”ཞེས་པའི་བྱ་འགུལ་སྤེལ་ཏེ། རང་འདུན་ཞབས་ཞུའི་གོ་དོན་གསར་པ་ཡར་སྤར་དང་། རང་འདུན་ཞབས་ཞུའི་ཟོང་རྟགས་གསར་པ་འཛུགས་དགོས།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་གྲོང་རྡལ་ཅན་གྱི་བརྒྱུད་རིམ་ཡོངས་ལ་འདྲེས་སུ་འཇུག་པ་དང་། ཞེ་ལྷོད་ངང་འཆར་འགོད་དང་འཛུགས་སྐྲུན་བྱས་ནས། གྲོང་རྡལ་ལ་རང་བྱུང་དང་མི་རིགས། དེང་རབས་བཅས་ཀྱི་ཁྱད་ཆོས་འདྲེས་ཡོད་པར་མ་ཟད། དེ་རི་ཆུ་དང་ནགས་ཞིང་། རྩྭ་དང་མཚེའུ་བཅས་ལའང་ཕན་ཚུན་མཐུན་སྦྱོར་བྱས་ཏེ། རྣམ་པ་གསར་པའི་གྲོང་རྡལ་ཅན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི“གཞི་གཅིག་ཅན”གྱི་འཕེལ་རྒྱས་ལམ་བུར་བགྲོད་དུ་འཇུག་དགོས། །
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།