བརྗིད་ཆགས་ཁུ་ནུ་རི་བོའི་རྩེ་མོ་སྤྲིན་ལ་སྙེག ཡིད་འོང་གཙང་གསུམ་ཆུ་མགོས་ས་མཐོའི་འཕོ་འགྱུར་མངོན།
སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་མགོ་དང“ཀྲུང་ཧྭའི་ཆུ་མཛོད”དུ་གྲགས་པའི་མཚོ་སྔོན་ཞིང་ཆེན་གྱིས་འགྱུར་མེད་དམ་བཅའ་བཞག་སྟེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ལས་འགན་ལྕི་མོ་ཕྲག་ཏུ་བླངས་ནས་ཧུར་ཐག་གིས་ ལག་བསྟར་བྱེད་བཞིན་ཡོད།
སྤྱི་མཐུན་རྒྱལ་ཁབ་འཚར་ལོངས་ཀྱི་གོམ་བགྲོས་དང་བསྟུན་ནས་མཚོ་སྔོན་གྱིས“ལྗང་མདོག་གི་འཆར་གཞི”འདིང་བ་དང་། “ལྗང་མདོག་གི་ལམ་དུ”བསྐྱོད་པ། “ལྗང་མདོག་གི་སྤུས་རྟགས”གཏོད་པ་བཅས་བྱས་ཏེ་གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ནས་སྐོར་ཐེངས་གསར་པའི་འཕེལ་རྒྱས་ཁྲོད་རང་འགུལ་ཐོབ་ཡོད།
ལོ15ཡི་སྔོན་དུ། གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་ཀུན་དགའ་རྣམ་རྒྱལ་ས་བབ་མཐོ་ཚད་སྨི་5000ཙམ་ཟིན་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་མཚོ་བརྒྱ་མར་འཚོ་སྡོད་བྱས་ཡོད།
2000ལོར་རྒྱལ་ཁབ་ཀྱིས་རྒྱལ་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་ཆེ་ཤོས་ཡིན་པའི་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་སྲུང་སྐྱོབ་ཁུལ་དངོས་སུ་བཙུགས་པ་རེད། རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ལ་སྤྱི་ཡོངས་ནས་འཆར་འགོད་བྱས་རྗེས། 2004ལོར་སྲིད་གཞུང་གིས་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་སྲུང་སྐྱོབ་ཁུལ་དུ་འཚོ་སྡོད་བྱེད་པའི་མི་རྣམས་ལ་ཕྱུགས་བཀག་རྩྭ་གསོ་དང་སྐྱེ་ཁམས་གནས་སྤོས་ཀྱི་སྐུལ་སློང་བྱས།
ཀུན་དགའ་རྣམ་རྒྱལ་ནི་རྒྱལ་ཁབ་ཀྱི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་གནས་སྤོའི་སྲིད་ཇུས་དང་ལེན་བྱེད་མཁན་ཐོག་མའི་གྲས་ཡིན་ཞིང་། སྐབས་དེར་ཁོ་དང་གྲོང་རྡལ་དེའི་འབྲོག་ཁྱིམ128ཀྱི་འབྲོག་པ407ན་གོར་མོ་གྲོང་ཁྱེར་གྱི་ལྷོ་འདབས་སུ་གནས་སྤོས།
ལོ15འགོར་རྗེས། ད་ལྟ་ལོ65ལ་སླེབས་པའི་ཀུན་དགའ་རྣམ་རྒྱལ་གྲོང་ཚོའི་སྒོ་འགྲམ་གྱི་ཐང་ཆེན་མདུན་དུ་ལངས་ནས་སྐྱེ་ཁམས་གྲོང་གསར་གྱི་འགྱུར་ལྡོག་གླེང་སྐབས་རང་དབང་མེད་པར་མིག་ཆུ་ཤོར་བྱུང་།
“དང་ཐོག་ས་འདིར་སླེབས་སྐབས། མུ་འབྲེལ་གྱི་རི་བོ་དང་ལྷུང་ལྷུང་དུ་འབབ་པའི་ བཞུར་ཆུ་མེད་ལ། དེ་བས་ཀྱང་ནོར་ལུག་དང་མིའང་མཐོང་རྒྱུ་མེད་པས་ཁོ་ལ་རང་ཉིད་མི་ཚེ་ཕྱེད་ཀ་འཚོ་སྡོད་བྱེད་སའི་ཕ་ཡུལ་དུ་ཕྱིར་ལོག་བསམ་པའི་བསམ་བློ་ཐེངས་མང་སྐྱེས་མྱོང་”ཞེས་ཀུན་དགའ་རྣམ་རྒྱལ་གྱིས་དེ་ལྟར་བཤད་བྱུང་། ཕྱིས་སུ་དེ་གར་སློབ་ཆུང་དང་། རྒན་གསོ་ཁང་། རིག་གནས་ཐང་ཆེན་བཅས་སྔ་རྗེས་སུ་བསྐྲུན་པ་དང་གྲོང་ཚོའི་ནང་ད་དུང་གད་སྙིགས་ས་སྦས་གཏོང་སའང་བཙུགས་པས། ཁོ་དང་བཟའ་ཟླ་བྱང་ཆུབ་སྒྲོལ་མ་གཉིས་ཀྱི་འཚོ་བ་བདེ་ལ་འཁོད་ཅིང་། ཁོས་དང་ཐོག་འཚོ་སྡོད་བྱེད་པའི་རྩྭ་ར་དེ་ད་ལྟ་རྐྱང་དང་ཤྭ་བ་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་སུ་གྱུར་ཡོད་ཅེས་ཀུན་དགའ་རྣམ་རྒྱལ་གྱིས་མུ་མཐུད་ནས་བཤད་བྱུང་།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན འདུ་ཤེས་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་གྲོས་མགོ་བཏོན་པ་དང་ཆབས་ཅིག སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་དར་སྤེལ་གཏོང་བའི་འཐབ་ཇུས་བཟོས་པ་དང་། སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱས་པ། སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པའི་འདུ་ཤེས་བཙུགས་པ་བཅས་ཀྱི་ཐོག་ནས་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟ་རྒྱལ་ཡོངས་སུ་ཐོག་མར་ལག་བསྟར་བྱས་པ་རེད།
2013ལོའི་ཟླ12པར། མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྱོང་གི་སྤྱིའི་ཇུས་གཞི》ལག་བསྟར་བྱས་ཏེ་རྒྱལ་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི“སྤྱིའི་ཇུས་འགོད་དཔེ་རིས”དང“སྤྱིའི་འཛུགས་སྐྲུན་དཔེ་རིས”བཏོན་མཁན་གྱི་ཞིང་ཆེན་ཨང་དང་པོར་གྱུར་ཡོད། 2016ལོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་ཐོག་མ་དེ་གཙང་གསུམ་འབྱུང་ཡུལ་དུ་བཙུགས་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་འབུམ་གཅིག་ཁྲི་གཉིས་སྟོང་གསུམ་ཆིག་བརྒྱ་ཟིན་ནས་གཙང་གསུམ་འབྱུང་ཡུལ་གྱི་རྒྱ་ཁྱོན་གྱི31.16%ཟིན་ཡོད། 2018ལོའི་ཟླ1པོར་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས《གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》ཁྱབ་བསྒྲགས་བྱས་ཏེ2020ལོར་སླེབས་སྐབས་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུ་ཡིན་པ་གསལ་བོ་བྱས།
མིག་སྔའི་བར། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞིར་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར180ལྷག་ཙམ་བཏང་ཡོད།
ད་ལྟ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི“གདུང་བཞི་ཀ་བརྒྱད”རིམ་བཞིན་ཇེ་བརྟན་དུ་སོང་བ་དང་བསྟུན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ཁྲིམས་ལུགས་འཛུགས་སྐྱོང་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་བས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་མིའི་སེམས་སུ་ཟུག་ཡོད།
རྩེ་གྲས་ཇུས་འགོད་ནས་ཕྱོགས་ཡོངས་བཀོད་སྒྲིག་བར་དང་། ལམ་ལུགས་ནན་མོ་ནས་ཁྲིམས་ལུགས་ནན་མོའི་བར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས། མཚོ་སྔོན་གྱི་མི་ས་ཡ་དྲུག་ལ་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཡག་པོ་དང“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ཡག་པོ་བྱས་ཏེ“དྭངས་གཙང་གི་ཆུ་མོ་ཤར་ཕྱོགས་སུ་བཞུར་བར”འགན་ལེན་བྱེད་པ་ནི་འགན་འཁྲི་ཡིན་ལ་རང་འཁྲིའི་ལས་འགན་ཡང་ཡིན་པའི་ངོས་འཛིན་ཟབ་མོ་བྱུང་ཡོད།
“མཚོ་མང་པོ་རང་སོར་གནས་པའི་མཛེས་ལྗོངས”སླར་ཡང་མངོན་པར་བྱས་ཏེ་མཚོ་བོད་ས་མཐོའི་མཛེས་སྡུག་གི་རི་ཀླུང་མཉམ་དུ་བཏོད་པ།
མཚོ་སྔོན་ཤར་རྒྱུད་ཀྱི་ཙོང་ཆུའི་རོང་ཁུལ་ནས་ནུབ་རྒྱུད་ཀྱི་ཚྭ་འདམ་གྲམ་ཐང་བར་དང་། བྱང་རྒྱུད་ཀྱི་ཁྲི་ལེབ་རི་བོ་ནས་ལྷོ་རྒྱུད་ཀྱི་གངས་ལྗོངས་ཆུ་མགོའི་བར་རྒྱལ་ཁོངས་ལྗང་བསྒྱུར་སོགས་ཀྱི་བྱ་སྤྱོད་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་གཏོང་བཞིན་ཡོད། ཐང་རྒོད་དང་བྱེ་ཐང་སྤང་ལྗོངས་སུ་གྱུར་ནས་ལྗང་མདོག་གིས་གནའ་བོའི་ས་མཐོར་གསོན་ཤུགས་ཆེན་པོ་བསྩལ་ཡོད།
“ཀྲུང་ཧྭའི་ཆུ་མཛོད”དུ་གྲགས་པའི་མཚོ་སྔོན་གྱི་ཆུའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནས་རྒྱལ་ལམ214བརྒྱུད་དེ་ཡུལ་ཤུལ་གྱི་གཙང་གསུམ་འབྱུང་ཡུལ་གྱི་དཀྱིལ་དབུས་སུ་བསྐྱོད་ཚེ། སྐར་ཚོགས་བཀྲམ་པ་ལྟར་གྱི་མཚོ་དང་འདམ་ར་མཐོང་ཐུབ། རྒྱང་རིང་ནས་བལྟས་ན། མུ་མཐའ་མེད་པའི་རྩྭ་ཐང་སྟེང་དུ་མཚོ་དེ་དག་ནམ་མཁའི་སྐར་ཚོགས་ས་ལ་ལྷུངས་པ་ལྟར་སྣང་ཞིང་གཙང་གསུམ་ཆུ་མགོར་མཚོ་མང་པོ་ཆགས་པའི་མཛེས་ལྗོངས་སླར་ཡང་མིག་མདུན་དུ་མཐོང་རྒྱུ་ཡོད།
ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་བ། མཚོ་སྔོན་གྱི་འདམ་རའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་ཞིང་། ལོ15ཡི་རིང་། མཚོ་སྔོན་པོ་རྒྱ་ཆེ་རུ་སོང་བའི་རྒྱ་ཁྱོན་དེ་ཞི་ཧུའུ་མཚེའུ56གི་རྒྱ་ཁྱོན་དང་མཚུངས་ཤིང་། གྲོང་ཁྱེར་གཙོ་བོའི་མཁའ་དབུགས་ཀྱི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད83.4%ཟིན་པ། ཞིང་ཆེན་ཡོངས་སུ་ཆུ་ངོས་དང་། འདམ་ར། ནགས་ཚལ་བཅས་ཀྱི་ཟིན་ཚད70%ལས་བརྒལ་ཡོད་པ་རེད།
རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་ཇེ་མང་དུ་སོང་བ། རི་དྭགས་གཙོད་དང་དགོ་བའི་ཁྱུ་ཚོགས་ཀྱི་གྲངས་ཀ་དེ་སྲུང་སྐྱོབ་བྱས་མ་ཐག་ལས་ལྡབ2ཡན་འཕར་བ་དང་སྐྱེ་དངོས་སྣ་མང་རང་བཞིན་སླར་གསོ་བྱུང་དང་འབྱུང་བཞིན་ཡོད། རི་དྭགས་རྐྱང་དང་། གསའ། ཤྭ་བ་མཆུ་དཀར་སོགས་སྟོངས་ལ་ཉེ་བའི་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་ཀའང་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། མཚོ་སྔོན་པོའི་ཉ་ལུའོ་ལིའི་ཐོན་ཚད་ཀྱང2002ལོ་ལས་ལྡབ34འཕར་ཡོད།
མིག་སྔར་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་བྱེད་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ནུས་ལྡན་ཉམས་མྱོང་འཚོལ་ཞིབ་བྱེད་བཞིན་ཡོད།
ལྗང་མདོག་གི་ཆུ་མགོར་མཉམ་དུ་སྲུང་སྐྱོབ་བྱས་ནས་དྭངས་གཙང་གི་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བཙུགས།
དབྱར་དུས་ཡུལ་ཤུལ་རྩྭ་ཐང་གི་གནམ་གཤིས་ལ་འགྱུར་ལྡོག་ཆེ་ཞིང་། “གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྟ་སྲུང་པ”ཞེས་པའི་དཔུང་རྟགས་བཏགས་པའི་འབྲོག་པ་དབྱིངས་ཐས་རྟར་ཞོན་ནས་དྲག་ཆར་རླུང་འཚུབ་ཁྲོད་དུ་རྩྭ་ཐང་ལ་སྐོར་སྲུང་བྱེད་བཞིན་ཡོད།
དབྱིངས་ཐའི་ཁྱིམ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཞང་དུ་ཡོད། རྫ་སྟོད་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི4000ལས་བརྒལ་བ་དང་རྫ་ཆུའི་ཆུ་མགོར་གནས་པས། མིག་སྔར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་མགོ་ཁུངས་གླིང་ཁུལ་ཁྲོད་བཅུག་ཡོད།
སྲིད་གཞུང་གིས་སྐྱེ་ཁམས་ལ་ལོ་མང་བཅོས་སྐྱོང་བྱས་པ་བརྒྱུད། མིག་སྔར་གཙང་གསུམ་འབྱུང་ཡུལ་གྱི་རྩྭ་ཐང་ཉམས་ཞན་དུ་འགྲོ་བའི་གནས་བབ་ལ་བཀག་འགོག་ནན་མོ་བྱུང་ནས་ཆུའི་ཐོན་ཁུངས་དང་སྔོ་ཁེབས་ཀྱི་ཁྱབ་རྒྱ་རྒྱུན་མཐུད་ངང་ཆེ་རུ་འགྲོ་བཞིན་ཡོད་ལ། གསའ་སོགས་རི་སྐྱེས་སྲོག་ཆགས་ཀྱང་དབྱིངས་ཐའི་ཕ་ཡུལ་ནས་རྟག་ཏུ་མཐོང་རྒྱུ་ཡོད།
སྐྱེ་ཁམས་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་ནི་དམངས་ཚིས་ལས་དོན་ཆེ་ཤོས་ཡིན། 2017ལོའི་ལོ་མཇུག་བར། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་སྐྱེ་ཁམས་སྤྱི་ཕན་ལས་རྐང་ཁྲི1ལྷག་ཙམ་བཀོད་སྒྲིག་བྱས་ནས་ཁྱིམ་ཚང་རེར་ལོའི་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱ་འཕར་ཡོད། ཁོ་ཚོའི་ཁྲོད་ཀྱི་ཕྱེད་ཀ་ཡན་ནི་ས་གནས་དེ་གའི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་རེད།
འདི་ལྟ་བུའི་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་མཁན་ནང་ད་དུང་ཨ་ཆེན་གངས་རྒྱབ་རི་སྐོར་རུ་ཁག་གི་རུ་མི་ལྷུན་གྲུབ་ཚེ་རྒྱལ་ཡོད། ལོ་གཉིས་ཀྱི་སྔོན་ལ་འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས41པའི་ཐོག་གཙང་གསུམ་འབྱུང་ཡུལ་གྱི་འབྲི་ཆུའི་ཆུ་མགོ་ཁུལ་གྱི་ཨ་ཆེན་གངས་རྒྱབ《འཛམ་གླིང་ཤུལ་བཞག་གི་མིང་གཞུང》ནང་ཚུད་ནས་ཀྲུང་གོའི་རྒྱ་ཁྱོན་ཆེ་ཤོས་ཀྱི་འཛམ་གླིང་རང་བྱུང་ཤུལ་བཞག་གི་ས་ཆར་གྱུར་ཡོད།
ཁུ་ཁུ་ཤིས་རིའི་དག་ཞིང་དེར་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ནི་མཚོ་སྔོན་གྱིས་འཛམ་གླིང་ལ་ཁས་བླངས་པའི་དམ་བཅའ་ཞིག་རེད།
འདས་ཟིན་པའི་ལོ2རིང་། ལྷུན་གྲུབ་ཚེ་རྒྱལ་དང་རུ་མི་གཞན་དག་ཚོ་རི་སྐོར་རྒྱག་སྐབས་ མི་དེ་བས་མང་པོས་ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་འཁུར་བཞིན་ཡོད།
ལོ་ངོ70ཡི་རིང་ལ། འཇིག་རྟེན་འདིར་འགྱུར་བ་ཇི་སྙེད་ཅིག་བྱུང་ཡང་། ས་མཐོའི་མི་དམངས་ཀྱིས“མིག་ལ་གཅེས་སྤྲས་བྱེད་པ་བཞིན་མཛེས་སྡུག་ལྡན་པའི་གཙང་གསུམ་ཆུ་མགོར་སྲུང་སྐྱོང་བྱེད་པའི”ཐོག་མའི་བསམ་འདུན་ལ་འགྱུར་བ་གཏན་ནས་བྱུང་མྱོང་མེད།
ད་ལྟ་སྐྱེ་ཁམས་དཔལ་ཡོན་དེ་མཚོ་སྔོན་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐུན་མོང་ཐོག་དོན་གཉེར་བྱེད་པའི་རིན་ཐང་ཡིན་པ་དང་མི་རིགས་ཁག་གི་མང་ཚོགས་ཚོས་ལྗང་མདོག་ཕྱིར་སྐྱོད་དང་། གད་སྙིགས་རིགས་དབྱེ། ཆུ་གྲོན་ཆུང་། ལྗང་མདོག་འཛད་སྤྱོད་བཅས་ཀྱི་བྱ་སྤྱོད་དངོས་ཐོག་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ངོ་མཚར་ཆེ་བའི་ལེའུ་གསར་བ་རྩོམ་བཞིན་ཡོད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།