མཚོ་སྔོན་གྱིས་ནགས་ལས་ལ་བརྟེན་ནས་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ་དང་ལྗང་མདོག་ལ་བརྟེན་ནས་དམངས་ཚིས་ལ་ཕན་བཏགས་པ།
2019.08.20 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 33

 སངས་རྒྱས་ཀྱིས་རྒྱང་ཤེལ་ཞིག་དང་སྐོར་སྲུང་ཉིན་ཐོ་ཞིག་ཁྱེར་ནས་རྟག་ཏུ་འཕྲུལ་རྟར་བཞོན་ཏེ་རི་ཆུ་ནགས་གསུམ་ལ་སྐོར་སྲུང་བྱེད་ཀྱི་ཡོད།

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ཀླུ་ནག་སྡེ་བའི་ལོ་45ལ་སླེབས་པའི་འབྲོག་པ་སངས་རྒྱས་ནི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཡིན། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གཉིས་སྟོང་ལྔ་ལྷག་ཡོད་པའི་རྨ་སྟོད་རྫོང་ལ་མི་གྲངས་ཁྲི་གཅིག་སྟོང་ལྔ་ ལས་མེད་ཀྱང་། རྩྭ་ས་དང་ཕྱུགས་ལས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་རེད།

སངས་རྒྱས་ཀྱི་ཁྱིམ་ནི་རྨ་ཆུའི་ཆུ་མགོ་ཁུལ་རྨ་སྟོད་རྫོང་དུ་ཡོད། འབྲི་ཆུ་དང་རྫ་ཆུའི་ཆུ་མགོ་ཡང་མཚོ་སྔོན་ཞིང་ཆེན་དུ་ཡོད། རྨ་འབྲི་རྫ་གསུམ་གྱི་ཆུ་མགོའི་ཁུལ་ལ“གཙང་གསུམ་འབྱུང་ཡུལ”ཞེས་ཟེར་ཞིང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གསུམ་ཁྲི་དྲུག་སྟོང་དྲུག་ཟིན་ཡོད་པ་རེད།

“ངའི་ལས་ཀ་ནི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་། མཐའ་འཁོར་གྱི་འདམ་ར། ཆུ་མགོ་ཁུལ། ནགས་ས། རྩྭ་ཐང་།  རི་སྐྱེས་སྲོག་ཆགས་སོགས་ལ་སྐོར་སྲུང་དང་ལྟ་ཞིབ་ཚད་ལེན་བྱ་རྒྱུ་དེ་ཡིན”ལ།  དུས་རྒྱུན་སྐོར་སྲུང་བྱེད་སྐབས་ཕྱུགས་བཀག་དང་རྩྭ་ཕྱུགས་དོ་སྙོམས་གནས་ཚུལ་ལ་ཡང་ལྟ་སྐུལ་བྱེད་ཀྱི་ཡོད། ཟླ་རེའི་ཟླ་ཕོགས་སྒོར་2000ཙམ་ཡོད་ཅེས་སངས་རྒྱས་ཀྱིས་དེ་ལྟར་བཤད་བྱུང་།

2016ལོར། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཁུལ་དང་པོ་གཙང་གསུམ་འབྱུང་ཡུལ་དུ་བཙུགས་ཤིང་། དེའི་དམིགས་ཡུལ་ནི་ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་སྐྱེ་ཁམས་སྲུང་སྐྱོབ་སྒྲིག་སྲོལ་གསར་བ་ཞིག་འཚོལ་ཞིབ་བྱས་ནས་འཛུགས་ཆེད་ཡིན་པ་རེད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཁྲོད། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་རྐང་བཀོད་སྒྲིག་བྱས་ནས་རིམ་བཞིན“ཁྱིམ་ཚང་རེར་ལས་རྐང་རེ་ཡོད་པ”སྟེ། སྐྱེ་ཁམས་ལྟ་སྲུང་པ་བསྡུ་སྐབས་ཁྱིམ་ཚང་དབུལ་པོ་རེ་ནས་གཅིག་རེ་བསྡུས་པ་དང་། གསོ་སྦྱོང་བྱས་ནས་ལས་རྐང་ཐོག་ཞུགས་རྗེས་ཟླ་རེ་བཞིན་ཟླ་ཕོགས་སྟེར་བ་མ་ཟད། ད་དུང་ལོ་མཇུག་ཏུ་སླེབས་སྐབས་དཔྱད་ཞིབ་ཀྱང་བྱེད་ཀྱི་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། 2018ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱིས་བཀོད་སྒྲིག་བྱས་པའི་སྐྱེ་ཁམས་ནགས་སྲུང་བ་ཁྲི་གཅིག་སྟོང་གསུམ་གྱི་རྨང་གཞིའི་ཐོག  ད་དུང་ནགས་ཚལ་དང་། འདམ་ར། རྩྭ་ཐང་སོགས་ཀྱི་དོ་དམ་སྲུང་སྐྱོབ་ལས་དོན་ཁྲོད་ཡིག་ཚགས་དང་བྱང་བུ་བཟོས་པའི་ དབུལ་ཕོངས་མི་གྲངས་བཀོད་སྒྲིག་བྱས་པ་དང་། མིག་སྔར་ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་ཡིག་ཚགས་དང་བྱང་བུ་བཟོས་པའི་སྐྱེ་ཁམས་ལྟ་སྲུང་པ་ཁྲི་ལྔ་ཙམ་ཡོད་པ་ལས། ནགས་ལས་དང་འདམ་ར་དོ་དམ་སྲུང་སྐྱོབ་པ་ཁྲི་གཅིག་སྟོང་དགུ་བཞི་བརྒྱ་གྱ་གསུམ་དང་རྩྭ་ས་ལྟ་སྲུང་པ་ཁྲི་གསུམ་དང་སུམ་བརྒྱ་རེ་གཅིག་ཡོད་པ་རེད། ཡིག་ཚགས་དང་བྱང་བུ་བཟོས་པའི་སྐྱེ་ཁམས་ལྟ་སྲུང་པའི་ལོ་རེའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་བདུན་ས་ཡ་གསུམ་ཟིན་ཡོད་ཅེས་ངོ་སྤྲོད་བྱས།

“ཡིག་ཚགས་དང་བྱང་བུ་བཟོས་པའི་སྐྱེ་ཁམས་ལྟ་སྲུང་ལས་རྐང་ཀྱིས་དབུལ་ཕོངས་མི་གྲངས་འབུམ་གཅིག་ཁྲི་བརྒྱད་ཙམ་ལ་སྐུལ་ཁྲིད་བྱས་ནས་དབུལ་ཐར་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་པས། སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཕོངས་མི་གྲངས་དབུལ་ཐར་ཁྲོད་ང་ཚོར་ཕྱོགས་གཉིས་ནས་གྲུབ་འབྲས་མི་དམན་པ་ཐོབ་ཡོད”།  ད་ལྟ་མཚོ་བོད་ས་མཐོའི་རྒྱལ་ཁོངས་ལྗང་བསྒྱུར་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཇེ་ཆེར་སོང་བ་དང་བསྟུན་ནས། ཁྱིམ་ཚང་དབུལ་པོ་སྔར་ལས་མང་པོ་ཞིག་ལ“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ཟབ་མོ་སྐྱེས་ཡོད།

མཚོ་སྔོན་ཞིང་ཆེན་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྲོ་པེ་ཞང་སྤེན་མ་རོང་སྡེ་བར་ཁྱིམ་ཚང་ཆིག་བརྒྱ་རེ་གཉིས་དང་མི་གྲངས་དྲུག་བརྒྱ་དང་བཅུ་གཉིས་ཡོད་ལ། ཐོག་མར་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་10ཡོད། སྡེ་བ་དེ་ནི་གང་སར་སྐད་གྲགས་ཆོད་པའི“མེ་ཏོག་སྡེ་བ”ཡིན།  ལོ་རེའི་དབྱར་དུས་སུ་འདི་གར་རི་སྐྱེས་མེ་ཏོག་རྣམ་པར་བཞད་པ་དང་། བྲག་ཆུ་ལྷུང་ལྷུང་དུ་འབབ་པའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་བའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག

ད་ལོ་ལོ་45ཡིན་པའི་ཀྲོའུ་ཀྲེ་ལིན་ནི་སྡེ་བ་དེའི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་ཞིག་ཡིན་པ་དང་། ཐུན་མིན་གྱི་མེ་ཏོག་གི་ཐོན་ཁུངས་སྤྱད་དེ་ཁོ་དང་ཁྱིམ་མི་ཚོས་ཞིང་པའི་སྤྲོ་ཁྱིམ་གཉེར་བར་ས་མཐོའི་ཞིམ་ཟས་ཀྱིས་ཡུལ་སྐོར་བའི་ཟ་འཐུང་གི་དགོས་མཁོ་བསྐངས་པ་མ་ཟད།  ཁྱིམ་ཚང་ཀྱང་དབུལ་ཕོངས་ལས་ཐར། “སྔོན་ཆད་ང་ཚོས་གཙོ་བོ་ས་ཞིང་འདེབས་པར་བརྟེན་གྱི་ཡོད་པ་དང་། ད་ལྟ་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས། སྡེ་མི་མང་པོས་ཞིང་པའི་སྤྲོ་ཁྱིམ་གཉེར་བར་ལོ་རེར་ང་ཚོར་ཡོང་འབབ་སྒོར་ཁྲི་9ཙམ་ལས་བརྒལ་ཡོད”ཅེས་ཀྲོའུ་ཀྲེ་ལིན་གྱིས་དགའ་སྤྲོའི་ངང་དེ་ལྟར་བཤད་བྱུང་།

སྤེན་མ་རོང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལི་ཕེ་ཏུང་གིས་བཤད་རྒྱུར། ཁོ་ཚོས་ནགས་ཚལ་གྱི་ཐོན་ཁུངས་ལ་བརྟེན་ནས་ལྗང་མདོག་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་བཏང་བར། 2018ལོར་སྤེན་མ་རོང་གི་མེ་ཏོག་མཛེས་ལྗོངས་ཁུལ་ནས་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་འབུམ་བདུན་ལ་སྣེ་ལེན་ཞུས་པར་སྤ་སེ་བཙོངས་པའི་ཡོང་འབབ་སྒོར་ས་ཡ་བཞི་ལྷག་ཙམ་ཟིན་པ་དང་། ནགས་ལས་དཔལ་འབྱོར་ཐོན་ལས་ཀྱི་ཡོང་འབབ་སྒོར་བྱེ་བ་གཅིག་ལས་བརྒལ་ཡོད། རང་ངོས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག སྡེ་བ་དེས་ཉེ་འཁོར་གྱི་སྡེ་བ10ལ་མཉམ་དུ་ཡོང་འབབ་འཕར་སྣོན་བྱེད་རྒྱུའི་སྐུལ་ཁྲིད་བྱས་པར། ཁྱིམ་ཚང་དབུལ་པོ200ལྷག་ཙམ་བདེ་བླག་ངང་དབུལ་ཕོངས་ལས་ཐར་ཡོད་ཟེར།

《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་ལྗང་བསྒྱུར་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2018-2020)》དང《ནགས་སྐྲུན་སྒྲིག་སྲོལ་གསར་གཏོད་ཀྱིས་རྒྱལ་ཁོངས་ལྗང་བསྒྱུར་གྱི་སྒུལ་ནུས་གསར་པ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས》གཞིར་བཟུང་། མཚོ་སྔོན་གྱིས་རྒྱལ་ཁོངས་ལྗང་བསྒྱུར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། སྲིད་གཞུང་གིས་གཙོ་ཁྲིད་དང་།  དམངས་ཡོངས་ཞུགས་པ། སྤྱི་ཚོགས་ཀྱིས་མཐུན་སྦྱོར་བྱེད་པ་བཅས་ཀྱི་ནགས་སྐྲུན་ལྗང་བསྒྱུར་གྱི་སྒྲིག་སྲོལ་གསར་པ་བཙུགས་པ་མ་ཟད། ཁྱིམ་ཚང་དབུལ་པོ་རྒྱལ་ཁོངས་ལྗང་བསྒྱུར་ཁྲོད་ཞུགས་པ་དང་། ནགས་སྐྲུན་མཉམ་ལས་ཁང་སྐྱེད་སྲིང་བྱེད་པ། ནགས་དང་རྩྭ་ཐང་གི་ཐོན་ལས་ཁེ་ལས་ཀྱིས་དབུལ་ཕོངས་མི་གྲངས་བསྡུ་རྒྱུ་བཅས་ལ་སྐུལ་ལྕག་བཏང་བ་རེད།

མཚོ་སྔོན་ཞིང་ཆེན་གྱིས་ད་དུང་ཐུན་མིན་གྱི་གནམ་གཤིས་ཐོན་ཁུངས་ལ་བརྟེན་ནས། ཀྲུང་ལུགས་དང་བོད་སྨན་སྨན་རྩྭ་འདེབས་འཛུགས་རྣམ་གྲངས་དང་བོད་ཇའི་རྣམ་གྲངས་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱས་ཤིང་། 2018ལོ་ནས་བཟུང་། ནགས་དང་རྩྭ་ཐང་གི་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་བྱེ་བ་བཞི་ས་ཡ་གཅིག་འབུམ་གཉིས་སྤྲད་ནས། ཞང་དབུལ་པོ་དང་། སྡེ་བ་དབུལ་པོ། ཁྱིམ་ཚང་དབུལ་པོ་བཅས་ཀྱིས་ཏང་ཀུན་དང་། སྲད་མ། ཀླུ་བདུད་རྡོ་རྗེ་སོགས་ཀྲུང་ལུགས་དང་བོད་སྨན་སྨན་རྩྭ་འདེབས་འཛུགས་ལས་གཞི་དང་བོད་ཇའི་རྣམ་གྲངས་ལག་བསྟར་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱས་པ་རེད།

ད་ལྟ་མཚོ་སྔོན་དུ་ཀྲུང་ལུགས་དང་བོད་སྨན་ཐོན་ལས་འཕེལ་རྒྱས་མཐུན་ཚོགས་བཙུགས་ནས། པེ་ཅིན་ཐུང་རིན་ཐང་བདེ་ཐང་སྐྱེ་ལྡན་ཐོན་ལས(ཧའེ་ནན)ཚད་ཡོད་ཀུང་སི་དང་ཀྲུང་ལུགས་དང་བོད་སྨན་ཐོན་ལས་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་བཞག་སྟེ། མཚོ་སྔོན་གྱི་ཀྲུང་ལུགས་དང་བོད་སྨན་ཕྱིར་ཚོང་དཀའ་བའི་གནད་དོན་ནུས་ཡོད་སྒོས་ཐག་བཅད།

“མིག་སྔར་ང་ཚོས་གཙོ་གནད་ཀྱི་ནགས་ལས་སྐྱེ་ཁམས་ལས་གཞི་ལག་བསྟར་བྱས་པ་དང་། སྐྱེ་ཁམས་ནགས་སྲུང་པ་བསྡུ་བ། ནགས་ལས་ཀྱི་ཁྱད་ལྡན་ཐོན་ལས་དང་ནགས་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་བ། ནགས་ཚལ་ཡུལ་སྐོར་གསར་སྤེལ། ཚན་རྩལ་གྱི་འདེགས་སྐྱོར་དང་ཤེས་ལྡན་པ་བརྗེ་རེས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སྐྱེ་ཁམས་ཁོར་ཡུག་ཞན་པའི་ས་ཁུལ་གྱི་མི་གྲངས་དབུལ་པོ་འབབ་འཕར་ཕྱུག་འགྱུར་བྱུང་ནས། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པར་དྲང་ནུས་སྐྱེས་སུ་ཕུལ་ཡོད། ང་ཚོས་ དབུལ་ཕོངས་ཁྱིམ་ཚང་གིས་ལྗང་མདོག་ཐོན་ལས་བརྒྱུད་དེ‘སྐྱེ་ཁམས་ཁེ་སྤོགས’ལ་བརྟེན་ནས་དབུལ་ཕོངས་ལས་ཐར་བར་འབད་བརྩོན་ཅི་ཐུབ་བྱེད་བཞིན་ཡོད”ཅེས་ལིས་ཞའོ་ནན་གྱིས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།