རྨ་སྟོད་རྫོང་གིས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་ནས་སྔོ་ལྗང་གི་རི་ཆུར་སྲུང་སྐྱོབ་བྱས།
2019.08.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

 ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་གཏིང་ཟབ་བྱས་ཏེ། ཧུར་ཐག་གིས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་གཙོ་གནད་ཡིན་པ་དེ་བྱ་བ་ཡོད་ཚད་ཀྱི་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ནས། བཞི་ཅན་ལྔའི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ཧུར་ཐག་གིས་སྐུལ་སྤེལ་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པའི་འདུ་ཤེས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མཐུན་སྦྱོར་ངང་སྐུལ་སྤེལ་བྱས་པ། ཤུགས་ཕུད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་།

སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱེད་པའི་ཤུགས་ཚད་རྒྱ་བསྐྱེད་དེ། ཁྱོན་ཡོངས་ནས་ཕྱུགས་བཀག་དང་ཕྱུགས་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་ནན་མོ་བྱས་པ་དང་། མི་དང་ཕྱུགས་གྲངས་ཇེ་ཉུང་དུ་གཏོང་བ་སྐུལ་སྤེལ་བྱས། མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ཏེ་ཕྱུགས་སྐྱུར་རྩྭ་འདེབས་དང་བྱེ་འགོག་བྱེ་བཅོས། ཨ་བྲའི་གནོད་པ་འགོག་བཅོས། བརླན་ས་སྲུང་སྐྱོབ། རི་བཀག་ནགས་གསོ། ས་ནག་ཐང་བཅོས་སྐྱོང་། གཏེར་ཁུལ་སླར་གསོ་བཅོས་སྐྱོང་སོགས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས་ཏེ། སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྲོ་བའི་གནས་བབ་རིམ་བཞིན་ཇེ་བཟང་དང་ལྟག་ཆུ་བསྐྱིལ་གསོག་གི་བྱེད་ནུས་མཐོར་འདེགས། བརླན་སའི་གཞི་ཁྱོན་ཇེ་ཆེ། སྔོ་ཁེབས་ཀྱི་ཚད་ཇེ་མཐོ། རི་སྐྱེས་སྲོག་ཆགས་ཀྱི་རིགས་སླར་གསོ། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་ཇེ་ལེགས་བཅས་ཀྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ།

སྐྱེ་ཁམས་ལྟ་སྲུང་གི་དཔེ་དབྱིབས་གསར་བ་གསར་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཏེ། རྫོང་ཡོངས་སུ་སྐྱེ་ཁམས་ལྟ་སྲུང་པ་སྟོང་བཞི་དང་ཞེ་གཉིས་བཀོད་སྒྲིག་བྱས་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གཞི་གཅིག་ཅན་དུ་དོ་དམ་སྲུང་སྐྱོབ་བྱེད་པའི་བླང་བྱ་ལྟར། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་དང་གཞི་རིམ་ཏང་འཛུགས་སྐྲུན། གནད་ཕིགས་དབུལ་སྐྱོར། བརྟན་འཇགས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ། བསམ་པའི་དཔལ་ཡོན་བཅས་གནས་དྲུག་གཞི་གཅིག་གི་མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་ཀྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་དཔེ་དབྱིབས་བཙུགས་ཤིང་། འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་དང་། སྤྱི་ཚོགས་ཡོངས་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་པའི་སྟེགས་བུ་རིམ་བཞིན་བཙུགས་ཏེ། རྨ་སྟོད་ཀྱི་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་དང་འཚམ་པའི་ནུས་ཡོད་ཐབས་ལམ་ཞིག་འཚོལ་ཞིབ་བྱུང་བ་དང་། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་ཏེ་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་པ་མངོན་འགྱུར་བྱུང་།

ཆུའི་ཁོར་ཡུག་བཅོས་སྐྱོང་བྱ་བར་སྐུལ་འདེད་གཏོང་ཤུགས་ཇེ་དྲག་ཏུ་བཏང་ཏེ། ཆུ་རྒྱུན་  ཆུང་འབྲིང་དང་ས་ཆུ་སྲུང་འཛིན། ཆུ་ལོག་གི་གནོད་འཚེ་འགོག་བཅོས་བྱེད་ཤུགས་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། ཆུ་འགྲམ་གྱི་ཁོར་ཡུག་གཙང་སྦྲ་དེ་མཁར་གྲོང་གི་ཁོར་ཡུག་ལེགས་བཅོས་བྱེད་པའི་འཆར་འགོད་ཁྲོད་བཞག་ཏེ། རྫོང་མཁར་དང་ཞང་གྲོང་གཙོ་བོ། ལྗོངས་ཁུལ། གཞུང་ལམ་འགྲམ་རྒྱུད་བཅས་ཀྱི་གད་སྙིགས་གཙང་སེལ་བྱས་པ་དང་། མཚོ་དང་མཚེའུ་དོ་དམ་ཁྱབ་ཁོངས་སུ་གང་འདོད་དུ་གད་སྙིགས་འཕེན་པ་དང་།   གང་འདོད་དུ་ས་རྐོ་རྡོ་སློག་བྱེད་པ་སོགས་ཀྱི་སྣང་ཚུལ་བཀག་འགོག་བྱས། མཚོ་དང་མཚེའུ་དོ་དམ་སྲུང་སྐྱོབ་བྱ་བར་ཤུགས་སྣོན་བྱས་ཏེ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་བཙུགས་པ་དང་། མགོ་ཁྲིད་ཚན་ཆུང་བཙུགས་ནས་ཆུ་རྒྱུན་གྱི་ཁོར་ཡུག་དང་ཆུའི་བདེ་འཇགས་སྲུང་སྐྱོབ་བྱས་ནས། དྭངས་གཙང་གི་ཆུ་མོ་ཤར་ཕྱོགས་སུ་བཞུར་བ་རིམ་བཞིན་མངོན་འགྱུར་བྱུང་།

རླུང་ཁམས་ཆེན་མོ་དང་ས་རྒྱུའི་འབག་བཙོག་འགོག་བཅོས་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཏེ། མཁར་གྲོང་གི་ཐལ་རྡུལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་། ཨར་ལས་འཛུགས་སྐྲུན་སྡེ་ཁག་གི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་རྒྱ་བསྐྱེད་དེ། ཐལ་རྡུལ་གྱི་འབག་བཙོག་འགོག་བཅོས་བྱས། རྫོང་མཁར་གྱི་གཅིག་བསྡུས་དྲོད་རླངས་མཁོ་འདོན་གྱི་དྲོད་ཐབ་དེ་གློག་ནུས་སུ་བསྒྱུར་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། རིམ་བཞིན་རླུང་ཁམས་ཆེན་མོའི་འབག་བཙོག་སྔོན་འགོག་བྱེད་པའི་དམིགས་འབེན་མངོན་འགྱུར་བྱུང་། ས་རྒྱུའི་འབག་བཙོག་གི་འབྱུང་ཁུངས་ཚོད་འཛིན་བྱས་ཏེ། གནད་སའི་ཁྱབ་ཁོངས་དང་ལས་རིགས་སོགས་ལ་ཚན་རིག་ལྟར་དོ་དམ་ཚོད་འཛིན་དང་བཅོས་སྐྱོང་བྱས། འཚོ་བའི་གད་སྙིགས་དང་སྨན་བཅོས་གད་སྙིགས་འཚོལ་སྡུད་དང་ཐག་གཅོད་དོ་དམ་བྱེད་པར་ཤུགས་བསྣན་ཏེ།  རྫོང་ཁོངས་ཀྱི་གད་སྙིགས་གཙང་སེལ་བྱ་བར་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་།

སྡེ་བའི་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་རྒྱ་བསྐྱེད་དེ། ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་པ་གཙོ་བོས་ཚན་གཙོ་ཟུང་གི་འགན་འཁུར་བའི་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་བྱ་སྤྱོད་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་། བྱ་སྤྱོད་ཇུས་གཞི་གཏན་འཁེལ་བྱས་ཤིང་། མཁར་གྲོང་གི་ཁོར་ཡུག་གཙང་སྦྲ་དང་བསྐོར་ཞིབ་ལམ་ལུགས་ནན་མོ་བཙུགས་པ། མཁར་གྲོང་དང་ཞིང་སྡེའི་གད་སྙིགས་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རྫོང་མཁར་དང་ཞང་གྲོང་། ཞིང་སྡེ།  གནས་སྤོས་བཀོད་སྒྲིག་བྱེད་ས། འགྲིམ་འགྲུལ་ལམ་རྒྱུད།  གཞུང་དོན་སྒྲུབ་སའི་ཉེ་འཁོར། ཆུ་ལམ་དང་ཆུ་ཁོངས་སོགས་ཀྱི་ཁོར་ཡུག་གཙང་སྦྲའི་བཅོས་སྐྱོང་བྱ་བ་ཁྱོན་ཡོངས་ནས་སྤེལ་བར་མ་ཟད། གནས་དྲུག་གཞི་གཅིག་གི་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དཔེ་དབྱིབས་ལག་བསྟར་བྱས་པ་དང་། སྐྱེ་ཁམས་ལྟ་སྲུང་པས་ཁོར་ཡུག་གཙང་སྦྲའི་ལྟ་སྐུལ་པའི་དཔུང་སྡེ་འཛུགས་པར་སྐུལ་སློང་བྱས་ཏེ། ས་ཁོངས་ཡོངས་ཀྱི་ཁོར་ཡུག་གཙང་སྦྲའི་གནད་དོན་ཐག་གཅོད་ལེགས་པོ་བྱས། ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད། ས་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ཇེ་མཐོར་སོང་བ་དང་། མཁའ་དབུགས་ཇེ་བཟང་དུ་གྱུར་ཏེ་རྒྱལ་ཁབ་ཀྱི་དཔྱད་ཞིབ་དམིགས་ཚད་དུ་བསླེབས།

ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་གནད་དོན་ལེགས་བཅོས་བྱེད་ཤུགས་རྒྱ་བསྐྱེད་དེ། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་འདུ་ཤེས་བཞི་བརྟན་པོར་བཙུགས་པ་དང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཏང་སྲིད་གྱིས་མཉམ་དུ་འགན་འཁུར་བ་དང་། ལས་རྐང་གཅིག་ལ་འགན་འཁྲི་ཟུང་གི་འཐབ་ཇུས་དངོས་འབེབས་ནན་མོ་བྱས་པ། ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་གནད་དོན་ལེགས་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་པ། 《རྨ་སྟོད་རྫོང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་ལེགས་བཅོས་བྱ་བའི་ལག་བསྟར་ཇུས་གཞི》གཏན་འཁེལ་པར་འགྲེམ་བྱས་ཤིང་། དག་ཐེར་ལེགས་སྒྲིག་གི་བླང་བྱ་དང་ལས་འགན། བྱེད་ཐབས། དུས་ཡུན། འགན་འཁུར་མི་སྣ་བཅས་དངོས་འབེབས་བྱས་པར་མ་ཟད། ཐེངས་མང་པོར་ཆེད་དོན་གྲོས་ཚོགས་བསྡུས་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་གནད་དོན་དག་ཐེར་ལེགས་སྒྲིག་བྱེད་པའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་། བྱེ་བྲག་གི་བླང་བྱའང་བཏོན། དུས་བཅད་ལྟར་དུས་ཐོག་ཏུ་དག་ཐེར་ལེགས་སྒྲིག་གི་གནས་ཚུལ་དང་ལས་འགན་ཡོངས་འགྲུབ་བྱས་པའི་གནས་ཚུལ་ཡར་ཞུ་བྱས་ནས། ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་གནད་དོན་རྩ་བ་ནས་ལེགས་སྒྲིག་བྱེད་པར་ཁག་ཐེག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་ཚད་བཀག་བརྟན་སྲུང་དང་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་ཡོལ་སྲ་བརྟན་ཏུ་བཏང་།

ལོ་ཙཱ།སྒྲོལ་མ་སྐྱིད།