ཕྱུགས་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་མཚོ་ལྷོ་ཁུལ་གྱི་དགེ་མཚན་ཉག་ཅིག་སྟེ། དམིགས་བསལ་ས་ཁོངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་ཡོད་པའི་དབང་གིས་ཡིན་ནའང་འདྲ། མངོན་པར་གསལ་བའི་ཐོན་ཁུངས་ཀྱི་དགེ་མཚན་དང་སྲིད་ཇུས་ཀྱི་ཁེ་འབབ་ཡིན་ནའང་འདྲ། གང་ལྟར་འཕེལ་རྒྱས་ཀྱི་འཆར་གཞི་འདིའི་ཁ་ཕྱེ་པ་ན། མཚོ་ལྷོ་ཁུལ་གྱི་གནས་ཐིག་གཏན་འཁེལ་གསལ་ལ་ཡང་དག་ཡིན་པ་རེད།
ད་ལོའི་ཟླ2པར་བསྡུས་པའི་མཚོ་ལྷོ་ཁུལ་གྱི་དམངས་འཐུས་ཚོགས་ཆེན་གྱི་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་ལྔ་པའི་སྟེང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ། ཁུལ་དཔོན་བསོད་ནམས་དོན་འགྲུབ་ཀྱིས“ཡང་བསྐྱར་ཕྱུགས་ལས་ཀྱི་ཁུལ་ཆེན་པོ་ཞིག་གསར་སྐྲུན་བྱེད་པའི་དམིགས་འབེན་ལ་གཞོལ་ཏེ། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། འབྲི་གཡག་དང་། ལུག ནས། ལོག་དཀར་བཅས་ཐོན་ལས་ཆེན་པོ་བཞི་ཡི་མཉམ་འབྲེལ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་པ”དེ་ད་ལོའི་བྱ་བའི་གཙོ་གནད་དུ་བཞག་རྗེས། ལོ་ཕྱེད་ཀྱི་དུས་ཡུན་ནང་། ཁུལ་ཡོངས་ཀྱི་མི་རྣམས་ལ་ཡིད་ཚིམ་པའི་ལོ་དཀྱིལ་གྱི་སྤྱི་སྡོམ་ཞིག་སྤྲད།
རྒྱུ་ཆ་ལས་མངོན་པ་ལྟར་ན། ལོ་སྟོད་ལ་མཚོ་ལྷོ་ཁུལ་གྱིས་བསྡོམས་པས་འབྲི་གཡག་དང་ལུག་གི་དཔེ་སྟོན་རྟེན་གཞི་གཅིག་རེ་སྒྲིག་འཛུགས་བྱས་པ་དང་། འབྲི་གཡག་དང་ལུག་གི་ཐོན་ལས་སྤུས་ལེགས་ནུས་ལྡན་གསོ་སྤེལ་དཔེ་སྟོན་བྱེད་ས10སྒྲིག་འཛུགས་བྱས། དཔེ་སྟོན་རྟེན་གཞི་གཉིས་ཀྱིས་རྒྱུད་བཟང་འདེམས་པ་དང་ཕྱུགས་ཁྱུ་གཙོ་བོ་སྒྲིག་འཛུགས་བྱེད་པ་བཅས་ཀྱི་བྱ་བ་ལེགས་འགྲུབ་བྱས། དཔེ་སྟོན་བྱེད་ས10ལས་བེའུ་དང་ལུ་གུ1620རྩེབས་པ་དང་། དེ་དག་ཚང་མར་གློག་རྡུལ་རྣ་མཚོན་བཏགས་ཡོད། ཡུག་གཅིག་ཏུ་འབྲེལ་བའི་ནས་ཀྱི་ཐོན་ཚད་མཐོ་ལ་ནུས་ཆོད་ཆེ་བའི་ཚད་ལྡན་ཅན་གྱི་འདེབས་འཛུགས་དཔེ་སྟོན་རྟེན་གཞི3བཙུགས་པ་དང་། དཔེ་སྟོན་འདེབས་འཛུགས་ཀྱི་རྒྱ་ཁྱོན་ལ་སྤྱི་ཆིང593.3ཡོད། ལོག་དཀར་གྱི་ཐོན་ཚད་མཐོ་ལ་ནུས་ཆོད་ཆེ་བའི་ཚད་ལྡན་ཅན་གྱི་འདེབས་འཛུགས་དཔེ་སྟོན་རྟེན་གཞི4བཙུགས་པ་དང་། དཔེ་སྟོན་འདེབས་འཛུགས་ཀྱི་རྒྱ་ཁྱོན་ལ་སྤྱི་ཆིང173.3ཡོད། ནས་སོན་གསོ་སྤེལ་ཞིང་ས་སྤྱི་ཆིང720དང་། ལོག་དཀར་གྱི་ས་བོན་གསོ་སྤེལ་ཞིང་ས་སྤྱི་ཆིང300ཡོད།
སྔོན་ཆད་ཀྱི་སྨི་གྲུ་བཞི་མ་བརྒྱ་ཕྲག་ཙམ་གྱི“འོ་བཞོ་ཚོམས་ཆེན”ནི། ད་ལྟ་ཉིན་རེར་འོ་མ་ཏུན1.5ཐོན་སྐྱེད་ཐུབ་པའི་བཞོན་མ་ཆེད་ལས་གསོ་སྤེལ་མཉམ་ལས་ཁང་དུ་གྱུར་ཡོད། འགྱུར་ལྡོག་འདི་ལྟ་བུ་ནི་གུང་ཧོ་རྫོང་ས་གྲུ་བཞི་ཞང་ཕྱི་ཉི་མཚོ་སྡེ་བར་བྱུང་ཡོད། གནས་འདིར་འཚོ་སྡོད་བྱེད་པའི་སྡེ་དམངས་རྣམས་ཀྱིས་ཞིང་འདེབས་པ་ལས་གཞན། ད་དུང་ཁྱིམ་ཚང་རེ་རེས་བཞོན་མ་གསོ་སྤེལ་བྱེད་བཞིན་ཡོད། ལོ་འགའི་སྔོན་ལ། ཁྱད་ཆོས་འདི་ལ་བརྟེན་ནས། སྡེ་བས་ཡུལ་བབ་དང་བསྟུན་ཏེ་གཞི་ཁྱོན་གསོ་སྤེལ་བྱེད་པ་གཙོ་བོ་ཡིན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གསར་གཏོད་བྱས།
“ཀན་སུའུ་ཞིང་ལས་སློབ་ཆེན་གྱི‘གནོད་མེད་བདེ་ཐང་གི་འབྲི་ཤའི་ཐོན་རྫས་ལས་སྣོན་བྱས་ཏེ་སྤུས་འདེགས་ནུས་འཕེལ་བྱེད་པའི་གསར་སྐྲུན་སྡེ་ཚོགས’དང་མཉམ་ལས་བྱས་ཏེ། ང་ཚོས་འབད་པ་ཆེན་པོས་བཙོ་སྲེག་གང་ལ་ཡང་རན་པའི་གདང་རིམ་མཐོ་འབྲིང་གི་འབྲི་ཤའི་ཐོན་རྫས་གསར་པ་རབ་དང་རིམ་པ་ཞིག་ཞིབ་འཇུག་གསར་སྤེལ་བྱས།”མཚོ་སྔོན་དྲི་ཞིམ་གཙང་གསུམ་ཕྱུགས་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་གཞོན་པ་ཝང་ཀྲི་ཕེང་གིས་བལྟས་ན། ཐོན་རྫས་གསར་པ་རྒྱུན་ཆད་མེད་པར་ཞིབ་འཇུག་གསར་སྤེལ་བྱེད་པ་དེ་ནི། ཁེ་ལས་ཀྱི་འགྲན་རྩོད་ནུས་པ་མཐོར་འདེགས་སུ་གཏོང་བའི་ཐབས་མཆོག་ཅིག་ཡིན་པར་སྙམ།
དོན་དངོས་སུ། གཙང་གསུམ་ཞིམ་ཤ་ལས་གཞན། ད་ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ནུས་ལྡན་ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་གཅིག་སྡུད་བྱས་པ་བརྒྱུད། ཞབས་ཞུའི་དངོས་གཉེར་དཔལ་འབྱོར་ཧྲིལ་བསྡུས་བྱས་ཏེ། རྒྱང་ལྗོངས་རླུང་འཁོར་དང་། མཚོ་སྔོན་པོའི་སྨན་ལས། གངས་རིའི་དབུ་རྩེའི་འོ་ལས་བཅས་འདུས་པའི་གཙོ་གནད་ཁེ་ལས་ལ་རྒྱབ་སྐྱོར་བྱས་ཏེ་རྫས་སྣ་ཇེ་མང་དང་། ཐོན་ལས་རྒྱ་སྐྱེད། རྒྱུ་སྤུས་མཐོར་འདེགས་བཅས་བྱས། ད་ཡོད་ཐོན་ལས་ནི་སྤུས་མཐོ་ཅན་དང་། རིམ་མཐོ་ཅན། གནོད་མེད་ཅན་དུ་བསྒྱུར་བར་སྐུལ་སྤེལ་བྱས།
ཚང་མས་ཤེས་གསལ་ལྟར། མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་མོད། འོན་ཀྱང་ཉི་ནུས་ཐོན་ཁུངས་ཆེས་ལེགས་པའི་ས་ཁུལ་ཡིན། 2012ལོ་ནས་བཟུང་ཚོང་འགུག་ནང་འདྲེན་བྱས་པ་བརྒྱུད་སྔ་རྗེས་སུ་ཁེ་ལས40མཚོ་ལྷོ་ཁུལ་ཉི་ནུས་འོད་ཧྥུ་གླིང་ཁུལ་དུ་བཅའ་སྡོད་བྱས་པ་དང་། ལོ་འགའི་རིང་ལ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་བརྒྱུད། མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བར་གྱུར་ཏེ། འོད་ཧྥུ་གློག་འདོན་གྱིས་ཚབ་བྱས་པའི་རྣམ་པ་གསར་པའི་ནུས་ཁུངས་གཙང་མ་དེ་མཚོ་ལྷོ་ཁུལ་གྱི་གནས་བབ་ལེགས་པའི་ཐོན་ལས་སུ་གྱུར།
ད་ལོའི་མཚོ་ལྷོ་ཁུལ་གྱི《སྲིད་གཞུང་བྱ་བའི་སྙན་ཞུ》ཡི་ནང་བསྟན་དོན། ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། མགྱོགས་མྱུར་ངང“ཝ་རིམ་སྟོང་ཅན་སྟོང་ཕྲག”གི་ནུས་ཁུངས་གཙང་མའི་ཐོན་སྐྱེད་རྟེན་གཞི་གསུམ་འཛུགས་པར་སྐུལ་འདེད་བྱེད་པ་དང་། ཆུ་དང་འོད། རླུང་བཅས་ཀྱི་ནུས་ཁུངས་སྣ་མང་ཕྱོགས་བསྡུས་གསར་སྤེལ་དང་བེད་སྤྱོད་བྱེད་པ་དང་། ནུས་མང་ཕན་ཚུན་ཁ་གསབ་དང་། གཅིག་བསྡུས་ལེགས་འགྱུར་གྱི་ཡོངས་ཁྱབ་ཐོན་ལས་སྦྲེལ་ས་འཛུགས་པ། ཁུལ་ཡོངས་ཀྱི“ཝ་རིམ་སྟོང་ཅན་སྟོང་ཕྲག”གི་ནུས་ཁུངས་གསར་པའི་རྟེན་གཞི་འཛུགས་སྐྲུན་བྱེད་པ་དེ་རྒྱལ་ཁབ་ཀྱི་ནུས་ཁུངས་གསར་པའི་འཕེལ་རྒྱས་འཆར་གཞིའི་ཁོངས་སུ་འཇོག་པར་བརྩོན་ལེན་བྱེད་དགོས། ལས་དོན་འདི་སྒྲུབ་སྐབས། “ལམ་ཆེན་ཞིག”ངེས་པར་གླེང་དགོས་ཏེ། དེ་ནི་མཚོ་སྔོན་དང་ཧོ་ནན་ཞིང་ཆེན་བར་གྱི་ཧྥུ་ཐེ་སྟོང་གི་མཐོ་གནོན་ཐད་རྒྱུག་གི་བཟོ་སྐྲུན་རེད། ནུས་ཁུངས་གཙང་མ་ཕྱིར་སྐྱེལ་བྱ་ཆེད་ཆེད་དུ་འཛུགས་སྐྲུན་བྱས་པའི་དམིགས་བསལ་གྱི་མཐོ་གནོན་གློག་སྐྱེལ་རྒྱུ་ལམ་ཞིག་ཡིན་པའི་ཆ་ནས། ལོ་རེར་གློག་སྐྱེལ་ཚད་སྟོང་ཝ་དུང་ཕྱུར400ཡི་འཆར་གཞི་ལྟར་ན། བཟོ་སྐྲུན་འདིས་མཚོ་སྔོན་གྱིས་ནུས་ཁུངས་གསར་པ་ཟད་གྲོན་དཀའ་བའི་གནད་དོན་ཐག་གཅོད་ཐུབ་པར་མ་ཟད། ཀྲུང་ཧྭའི་དབུས་རྒྱུད་ས་ཁུལ་དུ་དུས་ཡུན་རིང་བོར་གློག་ནུས་མཁོ་སྤྲོད་ཀྱི་འགལ་བ་ནུས་ཡོད་སྒོས་ཐག་གཅོད་བྱེད་ཐུབ། དེ་དང་ཆབས་ཅིག རླུང་ཁམས་ཆེན་པོའི་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན། རྒྱུ་མཚན་ནི་ལོ་རེར་མ་བཅོས་རྡོ་སོལ་ཏུན་་བྱེ་བ་གཅིག་ས་ཡ་བརྒྱད་ཀྱི་ཚབ་བྱེད་ཐུབ་ལ། དུ་ཞག་དང་ས་རྡུལ་ཏུན་ཁྲི་གཅིག་དང་སྟོང་བཞི་དང་། དབྱང་གཉིས་མུ་སི་འགྱུར་བ་ཏུན་ཁྲི་དགུ་དང་། ཏན་དབྱང་འགྱུར་ཏུན་ཁྲི་དགུ་སྟོང་བཞི། དབྱང་གཉིས་ཐན་འགྱུར་ཏུན་བྱེ་བ་གཉིས་ས་ཡ་དགུ་འབུམ་དྲུག་བཅས་ཉུང་གཏོང་བྱས་ཡོད།
རི་སྔོ་ཆུ་དྭངས་སྲུང་འཛིན་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ནི་རིམ་སྤར་རིགས་བསྒྱུར་གྱི་རྩ་བའི་ཚད་གཞི་རུ་བཟུང་བས། ལྗང་མདོག་ནི་མཚོ་ལྷོའི་བཟོ་ལས་ཀྱི་རང་མདངས་དང་རྐང་ཚུགས་སར་གྱུར་ཡོད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།