མཚོ་སྔོན་གྱིས་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་གྱི་མཛེས་སྡུག་གི་མ་འོངས་པ་ཧུར་ཐག་གིས་བསྐྲུན་པའི་གནས་ཚུལ།
2019.09.09 ཁུངས། མི་དམངས་དྲ་བ། ཀློག་གྲངས། 16

 ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70ཡི་རིང་། མཚོ་སྔོན་དུ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་བྱུང་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1949ལོ་དང་བསྡུར་ན་ལྡབ་335འཕར་བ་དང་། ས་གནས་ཀྱི་ནོར་སྲིད་སྔོན་རྩིས་ཡོང་འབབ་1951ལོ་དང་བསྡུར་ན་ལྡབ་6821འཕར་ལ། ནགས་ཚལ་ཁྱབ་ཚད་1%ནས་7.26%ཏུ་འཕར། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས་4ཉིན་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ཞིང་ཆེན(རང་སྐྱོབ་ལྗོངས་དང་གྲོང་ཁྱེར)གྱི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པ་བསྡུས།  མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལིའུ་ཉིང་གིས“རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་གྱིས་མཛེས་པའི་མཚོ་སྔོན་གྱི་བརྩེ་བ་མཚོན་པར་བྱེད”ཅེས་པའི་སྐོར་ངོ་སྤྲོད་བྱས།

“གོམ་སྟབས་གསུམ”ལས་རྒྱལ་ཁབ་སྤྱི་གླིང་འདི་ཉིད་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པ།

“གཙང་གསུམ་འབྱུང་ཡུལ”དང་། “ཀྲུང་ཧྭའི་ཆུ་མཛོད” ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བཅས་ཡིན་པའི་མཚོ་སྔོན་གྱི“རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས། མི་མངོན་པའི་སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་རེད།”

ཝང་ཅན་ཅུན་གྱིས་མཚོ་སྔོན་གྱིས“སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་བྱེད་པ་མཐའ་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྤུས་ཚད་མཐོ་བའི་འཚོ་བ་གཏོད་པའི”འཕེལ་རྒྱས་ཀྱི་འཐབ་ཇུས་གཏན་འབེབས་བྱས་ཟིན་པ་དང་། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟ་ས་ཁུལ་2ལ་སྐུལ་མ་མགྱོགས་པོ་གཏོང་བཞིན་ཡོད་ཅེས་བཤད།

ཁོས་མུ་མཐུད་དུ་བཤད་རྒྱུར། “ང་ཚོས‘གོམ་སྟབས་གསུམ’གྱི་དམིགས་འབེན་ལྟར་རྒྱལ་ཁབ་སྤྱི་གླིང་འདི་ཉིད་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན”ཟེར།

གོམ་སྟབས་དང་པོར། 2020ལོར་སླེབ་སྐབས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་འགན་འགྲུབ་པར་བྱས་ནས་རྒྱལ་ཁབ་སྤྱི་གླིང་འདི་ཉིད་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་མ་ལག་གི་གཞི་རྩའི་སྒྲོམ་གཞི་འཛུགས་སྐྱོང་བྱས་ཏེ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་དཔེ་སྟོན་ཁུལ་དང་། རྒྱལ་ཁབ་སྤྱི་གླིང་འདི་ཉིད་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་མིག་དཔེ་ཁུལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་འཕེལ་གྱི་སྔོན་བསྟར་ཁུལ། ས་མཐོའི་རང་བྱུང་ཁམས་ཆེན་མོའི་སྲུང་སྐྱོབ་འགྲེམས་སྟོན་ཁུལ། སྐྱེ་ཁམས་རིག་གནས་ཕུལ་བྱུང་གི་རྒྱུན་འཛིན་ཁུལ་བཅས་བསྐྲུན་རྒྱུ་དང་།

གོམ་སྟབས་གཉིས་པར། 2022ལོར་སླེབ་སྐབས་སྲུང་སྐྱོབ་དང་དོ་དམ་སྒྲིག་སྲོལ་རྐྱེན་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གི་སྐྱེ་ཁམས་མ་ལག་གི་འཁོར་རྒྱུག་བཟང་པོ་ཡོང་བར་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པ་དང་། རང་བྱུང་སྲུང་སྐྱོབ་རྨང་གཞི་ཡིན་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་སུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་མ་ལག་རགས་ཙམ་བསྐྲུན་རྒྱུ།

གོམ་སྟབས་གསུམ་པར། 2025ལོར་སླེབ་སྐབས་རྒྱལ་ཁབ་སྤྱི་གླིང་འདི་ཉིད་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་སྔར་བས་འཐུས་ཚང་དང་། གཅིག་གྱུར་གྱི་རིམ་དབྱེའི་དོ་དམ་སྒྲིག་སྲོལ་སྔར་བས་འཐུས་ཚང་། སྲུང་སྐྱོབ་དོ་དམ་གྱི་ནུས་ཕྱོད་སྔར་བས་མངོན་གསལ་དོད་པ་བཅས་བྱས་ནས་རྒྱལ་སྤྱིའི་ཤུགས་རྐྱེན་དང་ནུས་པ་ལྡན་པའི་འཛམ་གླིང་གི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མིག་དཔེ་ཞིག་བསྐྲུན་རྒྱུ་བཅས་རེད།

“ལྗང་མདོག་འཕེལ་རྒྱས་ཀྱི་མ་ལག་བཞི”ལས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་བཏང་བ།

ལོ་མང་པོའི་རིང་། མཚོ་སྔོན་གྱིས་ལག་ལེན་འཚོལ་ཞིབ་ཧུར་ཐག་བྱས་ནས་སྐྱེ་ཁམས་སྔོན་དུ་ལེགས་གཏོང་དང་ལྗང་མདོག་འཕེལ་རྒྱས་ཕྱོགས་སྟོན་དུ་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་བཏང་ཡོད།

“ལྗང་མདོག་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་བའི་བགྲོད་ལམ་དུ་ང་ཚོས་ལྗང་མདོག་ནུས་རྒྱུ་དང་། ལྗང་མདོག་ཐོན་ལས། ལྗང་མདོག་འཛད་སྤྱོད། ལྗང་མདོག་ཞིང་ཕྱུགས་ལས་བཅས་ལྗང་མདོག་འཕེལ་རྒྱས་ཀྱི་མ་ལག་བཞི་བཏོད་ཡོད”ཅེས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལིའུ་ཉིང་གིས་དེ་ལྟར་བཤད་བྱུང་།

ལྗང་མདོག་ཐོན་ལས་ཀྱི་ཐད་ནས་མཚོ་སྔོན་གྱིས་སྔོན་ཆད་ཟད་གྲོན་ཆེ་བའི་ཁེ་ལས་མཚོ་སྔོན་དུ་ཡོང་བའི་ཆ་རྐྱེན་བསྒྱུར་ནས་ཟད་གྲོན་ཆེ་བའི་ཁེ་ལས་དག་མཚོ་སྔོན་དུ་ཡོང་བར་ཚོད་འཛིན་བྱས་ནས། འཁོར་རྒྱུག་དཔལ་འབྱོར་དང་གྲངས་གཞིའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་བཏང་བས་འཁོར་རྒྱུག་དཔལ་འབྱོར་གྱི་ཐོན་སྐྱེད་རིན་ཐང་གིས་མཚོ་སྔོན་ཞིང་ཆེན་གྱི་ཐོན་སྐྱེད་རིན་ཐང་གི60%ཡན་བཟུང་ཡོད་པ་རེད།

ལྗང་མདོག་ནུས་རྒྱུའི་ཐད་ནས་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་བྱེ་བ་གཅིག་དང་ས་ཡ་གཉིས་ལས་བརྒལ་ཏེ། མཚོ་སྔོན་ནས་ཧོ་ནན་བར་གྱི་འབྱུང་འཕྲོད་གློག་གི་སླར་སྐྱེ་རང་བཞིན་གྱི་ནུས་རྒྱུའི་མཐོ་གནོན་ཆེ་བའི་འཛམ་གླིང་གི་བགྲོད་ལམ་དང་པོ་སྐྲུན་བཞིན་ཡོད་པ་རེད།

ལྗང་མདོག་འཛད་སྤྱོད་ཀྱི་ཐད་ནས་མཚོ་སྔོན་གྱིས་འབྱུང་འཕྲོད་གློག་དང་། འདྲེ་ཚེར་མ། ཞིང་ཞོར་ཐོན་རྫས་བཅས་ཀྱི་གོང་འཕེལ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཐེངས་གཅིག་འཛད་སྤྱོད་དང་ཐེངས་གཉིས་འཛད་སྤྱོད་ཐད་ལྗང་མདོག་འཛད་སྤྱོད་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།

ལྗང་མདོག་གི་སྐྱེ་ལྡན་ཞིང་ཕྱུགས་ལས་ཀྱི་ཐད་ནས་མཚོ་སྔོན་གྱིས་རྫས་ལུད་དང་ཞིང་སྨན་ཉུང་དུ་བཏང་བས་རྫས་ལུད་སྤྱོད་ཚད་24.4%ཇེ་ཉུང་དུ་ཕྱིན་པ་དང་། ཞིང་སྨན་སྤྱོད་ཚད་སྔོན་དཔག་ལྟར་ན་ལོ་མཇུག་ཏུ་སླེབ་སྐབས་20%བར་ཇེ་ཉུང་དུ་འགྲོ་རྒྱུ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།