ཟླ8པའི་ཚེས19ཉིན། མཚོ་སྔོན་གྱིས་ཡང་བསྐྱར་རྒྱལ་ཡོངས་དང་འཛམ་གླིང་ལ་བསྐྱོད་པའི་སྒེའུ་ཁུང་ཐེངས་ཤིག་ཕྱེས་སོང་།
ཉིན་དེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་ཏེ། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་པར་ཁ་ཕྱོགས་གསལ་པོ་བསྟན་པར་མ་ཟད། བསྲུང་བྱ་འདོན་སྤྲོད་བྱས་ཤིང་སྒུལ་ཤུགས་ཆེན་པོ་བསྩལ། རྒྱལ་ཁབ་ཕྱི་ནང་གི་ཤེས་ཡོན་པ་མཚོ་སྔོན་དུ་འཛོམས་ནས། “རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་པ”ཞེས་པའི་བརྗོད་དོན་གཞིར་བཟུང་ཏེ། ཞིབ་འཇུག་བགྲོ་གླེང་དང་གྲོས་མང་བློ་སྡུད་བྱས་ཏེ། ལག་རྡང་མཉམ་འབྲེལ་གྱིས་འཛམ་གླིང་སྐྱེ་ཁམས་དཔལ་ཡོན་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་དང་། མིའི་རིགས་ལས་དབང་གཅིག་པའི་ཚོགས་པ་འཛུགས་སྐུལ་བྱེད་པར་བྱས་རྗེས་བཞག །
“མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་སྐྱེ་ཁམས་སུ་གནས་ལ། ཆེས་ཆེ་བའི་འགན་འཁྲི་སྐྱེ་ཁམས་སུ་ཡོད་ཅིང་། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་སུ་ཡོད།”ལོ་གསུམ་གྱི་ཡར་སྔོན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ཐད་འཆར་འགོད་རི་མོ་དེ་ལྟར་བྲིས་ནས་རེ་བཞག་ཆེན་པོ་བསྩལ།
ལོ་ངོ་གསུམ་གྱི་རིང་ལ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དམིགས་སུ་འཛིན་པ་དེ་ཞིང་ཆེན་གྱི་དོན་བྱ་གལ་ཆེན་དུ་བཟུང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་གཏོང་བ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དུ་བརྩིས་ནས། ནུས་ཤུགས་ཡོད་རྒུས་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་དང་སྲིད་ཇུས་ཀྱི་ལམ་ལུགས་མ་ལག་འཐུས་ཚང་། སྐྱེ་ཁམས་ཀྱི་བཟོ་འགོད་ཆེན་པོ་ལག་བསྟར་བཅས་བྱས་ཏེ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཚོད་ལྟ་ཁུལ་ཐོག་མ་དང་། རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་པའི་ཞིང་ཆེན་ཐོག་མ། རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་ཟུང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་པའི་ཞིང་ཆེན་ཐོག་མ་སོགས་འཛུགས་སྐྲུན་བྱེད་པར་ཤུགས་གང་ཡོད་བཏོན་ནས་སྐུལ་འདེད་བྱས།
ད་ལོར། མཚོ་སྔོན་གྱིས་ཡང་བསྐྱར་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་མགོ་བརྩམས་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་གོ་གནས་དང་ནུས་པ་སྔར་ལས་མངོན་གསལ་དུ་གྱུར།
2016ལོར། ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་ས་ཐོག་མ་མཚོ་སྔོན་དུ་འཛུགས་མགོ་བརྩམས་ཤིང་། ནང་དོན་གཙོ་བོ་ནི་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་སྐྱེ་ཁམས་ཐོན་ཁུངས་གཙོ་བོ་རྒྱལ་ཁབ་ལ་དབང་བ་དང་དམངས་ཡོངས་ཀྱིས་མཉམ་སྤྱོད་བྱེད་པ། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་མངོན་འགྱུར་བྱ་རྒྱུ་དེ་རེད།
2017ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་བཟོ་འགོད་དེ་རྒྱལ་ཡོངས་ཀྱི་ཚོད་ལྟ་བྱེད་སར་འཇོག་པའི་ཆོག་མཆན་བཀོད། ཟླ་གཅིག་གི་རྗེས་སུ། ཀྲུང་དབྱང་གི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཚན་ཆུང་གིས《མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།
2018ལོར། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱི་པའི་འཆར་འགོད》དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། དེའི་རྗེས་སུ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་ས་དངོས་སུ་མགོ་བརྩམས།
མཚོ་སྔོན་གྱིས་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་བྱེད་ནུས་སྒྲིག་བཀོད་ལེགས་སྒྱུར་བྱེད་པ། ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་ཀྱིས། “སྡེ་ཁག་ཆེན་པོའི་ལམ་ལུགས”བཙུགས་ཏེ། གཅིག་བསྡུས་གཅིག་གྱུར་གྱི་དོ་དམ་ལག་བསྟར་བྱས་ནས། “སྡེ་ཁག་མང་པོས་མཉམ་དུ་བཅོས་སྐྱོང”བྱེད་པ་ནས“སྡེ་ཁག་གཅིག་གིས་ཆུ་བོ་བཅོས་སྐྱོང”བྱེད་པ་མངོན་འགྱུར་བྱས་པས། མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་ལམ་ལུགས་མ་ལག་ཆགས།
མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ལམ་ལུགས་ཚོད་ལྟ་གཏིང་ཟབ་ཏུ་སྤེལ་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱི་བསྒྲགས་ཁྱབ་སྒྲོག་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་སྐབས་དང་པོ་བསྡུས་པ། རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་སྤྱི་པའི་འཆར་འགོད་བཟོ་པ་སོགས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་དང་། མཛེས་སྡུག་མཚོ་སྔོན་གྱི་བརྩེ་བ་ཕྱིར་མངོན་ལ། རང་བྱུང་ཁམས་ལ་ལྷིང་འཇགས་དང་འཆམ་མཐུན། མཛེས་སྡུག་བཅས་ཕྱིར་སྤྲོད་གང་ཐུབ་བྱས་དང་བྱེད་མུས་སུ་མཆིས།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།