2018ལོའི་ཟླ་བཅུ་པར་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དངོས་སུ་བཙུགས་པ་རེད།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་ས་གནས་མང་ཚོགས་སྔར་ལས་ལེགས་པའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་དང་དོ་དམ་ནང་ཞུགས་ཐུབ་ཆེད། སྐྱེ་ཁམས་སྤྱི་ཕན་ལས་རྐང་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཀོད་སྒྲིག་བྱས་པ་དང་། ཁྱིམ་ཚང་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱར་བསླེབས་ཡོད།
མཛེས་སྡུག་གི་མཚོ་སྔོན། གཙང་གསུམ་འབྱུང་ཡུལ་ནས་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་བར་གྱི་སྐྱེ་ཁམས་འགྱུར་ལྡོག
གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོར་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི“ལྗང་མདོག་མུ་ཏིག”གི་ མཚན་སྙན་ཡོད་ཅིང་། དེ་ནི་ཀྲུང་གོའི་སྐྱེ་ཁམས་དཔེ་དབྱིབས་ཁྲོད་ཀྱི་བཀྲག་མདངས་འཚེར་ས་ཞིག་རེད།
མཚོ་སྔོན་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་བ་ཆེས་སྔ་ཤོས་ཀྱི་ཞིང་ཆེན་ཞིག་ཡིན་ལ། མིག་སྔར་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་གཅིག་པུའང་ཡིན་པ་རེད། ལོ་མང་པོའི་རིང་ལ་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་རང་ཉིད་ཀྱི་ལས་འགན་ལ་བརྩིས་ནས་ཟམ་མི་ཆད་པར་ལག་ལེན་འཚོལ་ཞིབ་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སའི་གོ་ལའི་ཚེ་སྲོག་ཐུན་མོང་ཚོགས་པ་ཅིག་བཏོད་དེ་འཛམ་གླིང་ལ་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད།
རི་བོ་སྔོ་ལ་ཆུ་མོ་རབ་ཏུ་དྭངས། འདི་གར་འཛམ་གླིང་ཀུན་གྱིས་ཧ་ལས་པའི་རིན་ཐང་ཆེན་པོ་ལྡན།
གཙང་གསུམ་འབྱུང་ཡུལ་ནི་འཛམ་གླིང་གི་ས་བབ་མཐོ་ཤོས་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཁུལ་ཞིག་ཡིན་ལ། ཀུན་གྱིས་ཁས་ལེན་བྱེད་པའི་ཨེ་ཤ་ཡའི་ཆུ་རྩྭ་གསོ་ཁུལ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་རེད།
གཙང་གསུམ་འབྱུང་ཡུལ་དུ་མུ་ཏིག་སྟར་ལ་རྒྱུས་འདྲའི་གངས་རི་དང་ལྷུང་ལྷུང་དུ་འབབ་པའི་ཆུ་བོ་ཡོད་ལ། ལོ་རེར་ཆུ་བོའི་སྨད་རྒྱུད་དུ་དྭངས་གཙང་གི་ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་600ལས་བརྒལ་ཅིང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འབོར་དེ་25%དང་། 49% 15%བཅས་སོ་སོར་བཟུང་ཡོད།
དག་ཞིང་འདི་སྲུང་སྐྱོབ་ཡག་པོ་བྱ་ཆེད། 2005ལོ་ནས་བཟུང་རང་རྒྱལ་གྱིས་སྔ་རྗེས་སུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོ་དང་གཉིས་པའི་བཟོ་སྐྲུན་ལག་བསྟར་བྱས་ཏེ། ད་ལྟའི་བར་རིམ་རྩིས་བྱས་ན། མ་དངུལ་གཏོང་ཚད་སྒོར་དུང་ཕྱུར180ལས་བརྒལ་ཡོད། 2016ལོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཐོག་མ་ས་འདིར་སྤེལ་མགོ་ཚུགས་པ་དང་གླིང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གཉིས་སྟོང་གསུམ་ཆིག་བརྒྱ་ཡོད་ཅིང་། མངའ་ཁོངས་སུ་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་བཅས་གླིང་ཁུལ་གསུམ་ཡོད།
ལོ་ངོ་བཅུ་ལྷག་གི་རིང་ལ་སྲུང་སྐྱོབ་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་འདོན་སྤྲོད་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། མིག་སྔར་གཙང་གསུམ་འབྱུང་ཡུལ་དུ་རི་དྭགས་གཙོད་ཀྱི་གྲངས་ཀ་དེ་སྲུང་སྐྱོབ་མ་བྱས་པའི་སྔོན་ལས་ལྡབ་གཉིས་ཡན་འཕར་ཡོད་པ་དང་གཙང་གསུམ་འབྱུང་ཡུལ་གྱི་རི་དྭགས་གསའ་ཡི་གྲངས་ཀ1000ལས་བརྒལ་ཡོད། 2004ལོ་དང་བསྡུར་ན། གཙང་གསུམ་འབྱུང་ཡུལ་ནས་ལོ་རེར་སྨད་རྒྱུད་ས་ཁུལ་དུ་སྤུས་ལེགས་ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར58ཟིན་པར་བརྟེན་རྩྭ་ཐང་གི་རྩྭ་ཁ་ལེགས་ཚད་30%མཐོ་རུ་ཕྱིན་པ་མ་ཟད། གཙང་གསུམ་འབྱུང་ཡུལ་དུ་སླར་ཡང་མཛེས་ཉམས་མངོན་ཡོད།
དམངས་སེམས་གཅིག་སྒྲིལ་གྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཀྱི་མཐོ་ས་སྐྲུན།
ད་ལོ་ལོ65ཡིན་པའི་རྒན་པོ་ཀུན་དགའ་རྣམ་རྒྱལ་གྱིས་རྟག་ཏུ་རང་ཉིད་སྐྱེས་ས་དང་འཚོ་བ་རོལ་སའི་རྩྭ་ཐང་རྨི་ལམ་དུ་རྨིས་བཞིན་མཆིས།
ལོ15ཡི་སྔོན་དུ་ཀུན་དགའ་རྣམ་རྒྱལ་མཚོ་ངོས་ལས་མཐོ་ཚད་སྨི་5000ཙམ་ཡོད་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་གྱི་མཚོ་བརྒྱ་མ་གྲོང་ཚོར་བསྡད་ཡོད། རྩྭ་ཐང་ཇེ་ལེགས་སུ་གཏོང་ཆེད་ཀུན་དགའ་རྣམ་རྒྱལ་གྱིས་འབྲོག་པ་མང་ཚོགས་406གི་སྣེ་ཁྲིད་དེ་སྤྱི་ལེ་400ལྷག་ཙམ་ཡོད་པའི་ན་གོར་མོ་གྲོང་ཁྱེར་གྱི་ལྷོ་འདབས་སུ་སྤོས། “གནས་དེར་འབྲི་ཆུའི་འབྱུང་ཡུལ་གྲོང་ཚོ་ཞེས་འདོགས་དོན་ནི་མི་རབས་རྗེས་མས་ང་ཚོ་འབྲི་ཆུའི་འབྱུང་ཡུལ་ནས་ཡིན་པ་ངེས་པའི་ཆེད་དུ་ཡིན”ཞེས་ཀུན་དགའ་རྣམ་རྒྱལ་གྱིས་དེ་ལྟར་བཤད་བྱུང་། ཀུན་དགའ་རྣམ་རྒྱལ་ནི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་ཀྱི་མཚོན་བྱེད་ཅིག་རེད།
2004ལོ་ནས་བཟུང་། གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་འབུམ་གཅིག་ཙམ་རྩྭ་ཐང་ནས་གནས་སྤོས་བ་དང་། 2006ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་ལ་དཔྱད་ཞིབ་བྱེད་པ་མེད་པར་བཟོས། ཆུའི་སྨད་རྒྱུད་ཀྱི་སྐྱེ་ཁམས་རྣམ་པ་རང་སོར་གནས་ཐུབ་ཆེད། 2018ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ཞིང་ཞོར་ཐོན་རྗས་ཐོན་ཁུལ་གཙོ་བོའི་ཁོངས་གཏོགས་རྫོང་8དང་གཙོ་གནད་སྐྱེ་ཁམས་ཁོངས་གཏོགས་རྫོང་20ཡི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་དང་། བཟོ་ལས་འཕར་སྣོན་རིན་ཐང་། གཏན་འཇགས་རྒྱུ་ནོར་མ་འཇོག ནོར་སྲིད་ཡོང་འབབ་བཅས་དཔྱད་ཞིབ་དམིགས་ཚད་བཞི་མེད་པ་བཟོས་ཡོད། 2018ལོའི་ཟླ་བཅུ་པར་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དངོས་སུ་བཙུགས་པ་རེད།
རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་འཕེལ་རིམ་མགྱོགས་ཤིང་། ས་གནས་མང་ཚོགས་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་དང་དོ་དམ་ཁྲོད་ཞུགས་ཐུབ་པ་བྱ་ཆེད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་སྐྱེ་ཁམས་སྤྱི་ཕན་ལས་རྐང་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཀོད་སྒྲིག་བྱས་པ་དང་ཁྱིམ་ཚང་རེར་ལོ་་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱ་འཕར་སྣོན་བྱུང་ཡོད།
རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྟོབས་ཤུགས་དེ་མཚོ་སྔོན་གྱི་ས་གཞི་ཀུན་ཏུ་ཁྱབ་ཡོད།
འཛམ་གླིང་ཐོག་ས་བབ་མཐོ་ཤོས་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་གཅིག་སྡུད་ཁུལ་གྱི་གྲས་ཤིག་ཡིན་པའི་མཚོ་སྔོན་གྱིས་ཉེ་བའི་ལོ་ཤས་རིང་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་གཉིས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་མ་ཟད། རྒྱལ་ཡོངས་ཀྱི་སྔོན་དུ་རྒྱལ་ཁབ་སྤྱི་གླིང་གི་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་མ་ལག་དཔེ་སྟོན་ཞིང་ཆེན་བསྐྲུན་ཡོད།
རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་ནས་རིགས་གཅིག་མཁས་ཅན་ཚོས་མི་རབས་ནས་མི་རབས་བར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཁུལ་དུ་སྡོད་མཁན་འབྲོག་པ་ཚོའི་ངོས་ཐད་ནས་བཤད་ན། གཙང་གསུམ་འབྱུང་ཡུལ་ནི་ཁོ་ཚོའི་སྲོལ་རྒྱུན་རིག་གནས་ཀྱི་ཆ་ཤས་ཡིན་ཞིང་། ས་གནས་མང་ཚོགས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ནང་ཐད་ཀར་ཞུགས་པ་དེ་ནི། ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་བཀྲག་མདངས་འཚེར་ས་ཞིག་ཡིན་ཞིང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉན་གནས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དེ་ཡང་འབྱུང་འགྱུར་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་གནད་འགག་ཞིག་ཀྱང་ཡིན་པ་རེད།
མཚོ་སྔོན་འདི་ཉིད་ཀྲུང་གོ་དང་ཐ་ན་གོ་ལ་ཧྲིལ་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཞུགས་མཁན་དང་། ལེགས་སྐྱེས་འབུལ་མཁན། སྣེ་ཁྲིད་བྱེད་མཁན་བཅས་སུ་འགྱུར་བཞིན་ཡོད། ཀྲུང་གོའི་འབྱུང་འགྱུར་གྱི་རྒྱལ་ཁབ་སྤྱི་གླིང་ལ་འཛམ་གླིང་གིས་རེ་སྒུག་བྱེད་བཞིན་ཡོད། གཙང་གསུམ་འབྱུང་ཡུལ་ལ་རྟོག་ཞིབ་ཐེངས་མང་བྱེད་མྱོང་བའི་དབྱིན་ཇིའི་ཁོར་ཡུག་དང་འདབ་ཆགས་རིགས་གཅིག་མཁས་ཅན་ཐང་རུའེ་ཡིས་གསར་འགོད་པར་ གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་མི་རྣམས་ཀྱིས་རང་བྱུང་དང་འབྲེལ་འདྲིས་ཀྱི་ཐུན་མོང་མིན་པའི་མྱོང་རོལ་ཐུབ་པ་དང་། རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་རང་བྱུང་ཐོན་ཁུངས་དང་ས་གནས་ཀྱི་དམིགས་བསལ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལས་མ་འོངས་པར་ཀྲུང་གོར་ཆེད་ལས་རྩེ་གྲའི་འཛམ་གླིང་རིམ་པའི་རྒྱལ་ཁབ་སྤྱི་གླིང་ཞིག་དབང་ངེས་རེད་ཅེས་དེ་ལྟར་བཤད་བྱུང་།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།