མཚོ་སྔོན་གྱི་ཞིང་ཕྱུགས་ལས་ཀྱིས་དེང་རབས་སྐྱེ་ཁམས་ཀྱི་དབྱངས་རྟ་གཙོ་བོ་གྱེར།
2019.09.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 16

 མཐོ་སྒང་གི་ཁྱད་ཆོས་དང་མཚོ་སྔོན་གྱི་ཁྱད་ཆོས་སྔར་བས་ཟབ་ཅིང་སྟུག

མཚོ་སྔོན་གྱི་ས་ཁོངས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་ལ། ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ཀྱིས་མཐོ་སྒང་ལ་ཁྱད་དུ་མངའ་བའི་ཞིང་ཕྱུགས་ལས་དང་ཞིང་ཕྱུགས་ཐོན་རྫས་གསོ་སྐྱོང་བྱས་པ་རེད། ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་གཏོང་སྟངས་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བ་ནི། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་གཞི་རྩའི་ཐབས་ལམ་ཡིན་ལ། ཆེས་ཆེ་བའི་ལེགས་ཆའང་ཡིན།

ཁྱད་པར་དུ་ད་ལོར་རང་ཞིང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་མགོ་བརྩམས་ཏེ། རྫས་ལུད་གཏན་ནས་སྤྱོད་མི་ཆོག་པ་དང་ཞིང་སྨན་ཉུང་གཏོང་བྱེད་པ། སྐྱེ་དངོས་ཀྱིས་འགོག་བཅོས་བྱེད་པ་སོགས་ལྗང་མདོག་ལག་རྩལ་ལ་བརྟེན་ནས། ཞིང་ལས་ཐོན་རྫས་ཐོན་ཡུལ་གྱི་ཁོར་ཡུག་ལེགས་བསྒྱུར་བྱེད་པ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་ལ་འགན་སྲུང་བྱས་ཤིང་། “མཚོ་སྔོན་རྟགས་ཅན”གྱི་ཞིང་ཕྱུགས་ཁྱད་ལྡན་ཚོང་རྟགས་སྔར་བས་གཏིང་ཟབ་པའི་སྒོ་ནས་ཀུན་ལ་བསྒྲགས་ཏེ། རང་ཞིང་གི“ཞིང་གསུམ”བྱ་བ་ཚད་མཐོའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་ཁྲིད་བྱས་ནས་རྨང་གཞི་བཏིངས།

མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཐིན་ཀྲང་ཝང་ཡུས་ཧུའུ་ཡིས་བཤད་རྒྱུར། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པ་ནི། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། པུའུ་དང་ཞིང་ཆེན་གཉིས་ཀས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་མཉམ་དུ་བསྐྲུན་པའི་ཕན་ལྡན་ཐེག་བྱད་ཡིན་པར་མ་ཟད། མཚོ་སྔོན་གྱི་ཞིང་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་ལག་རྩལ་དང་འཕེལ་རྒྱས་གཏོང་སྟངས་ཀྱི་འཕོ་འགྱུར་ཆེན་པོ་ཐེངས་ཤིག་ཀྱང་ཡིན།

ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཡོངས་ཀྱིས་གྲོང་གསེབ་དར་སྤེལ་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱས་པ། ནོར་གནག་དང་ནས་ཀྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ལོ་གསུམ་འགུལ་སྐྱོད་ལག་བསྟར་བྱས་པ། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱས་པ་སོགས་ལྗང་མདོག་འཕེལ་རྒྱས་ཀྱི་འཆར་འགོད་རི་མོ་མཚོ་སྔོན་གྱི་ས་གཞིས་སྟེང་དུ་བྲིས།

ལོ་སྟོད་དུ། མཚོ་སྔོན་གྱིས་སྐོར་གཉིས་པའི་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ཐོན་སྐྱེད་གླིང6ངོས་འཛིན་བྱས་ཏེ། རིམ་བསགས་ཀྱིས་བརྩིས་ན22ལ་སླེབས་ཡོད། རྩེ་ཁོག་རྫོང་ནོར་གནག་དང་བོད་ལུག་ཐོན་ལས་གླིང་དེ་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་གསར་འཛུགས་སྡེ་ཚན་དུ་རེ་འདུན་ཞུས་པ་ལེགས་འགྲུབ་བྱུང་ཞིང་། ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཞིང་ཕྱུགས་ལས་ཐོན་ལས་ཅན་དུ་བསྒྱུར་བའི་སྣེ་ཁྲིད་ཁེ་ལས་ཀྱི་ལྟ་ཞིབ་ཚད་ལེན་བྱ་བ་རྩ་འཛུགས་བྱས་ནས་སྤེལ་བར། ཞིང་ཆེན་རིམ་པ་ཡན་གྱི་སྣེ་ཁྲིད་ཁེ་ལས147གྱི་འཁོར་སྐྱོད་ཅུང་བཟང་བ་རེད།

“མཚོ་སྔོན་རྟགས་ཅན”གྱི་ཚོང་རྟགས་སྐྲུན་པར་གྲུབ་འབྲས་ཐོབ།

ལྗང་མདོག་སྐྱེ་ལྡན་ཐོན་རྫས་ནི“ཐོན་སྐྱེད་བྱས་ནས་ཐོན་པ”ཡིན་ལ། “དོ་དམ་བྱས་ནས་ཐོན་པའང”ཡིན། ཁྲིམས་ལྟར་ལས་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་ལེགས་པོ་བྱས་ནས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་ཀྱི་ཉེན་ཁ་ནན་འགོག་དང་དོ་དམ་ནན་མོ་བྱེད་ཅིང་། ཚོད་འཛིན་ནན་མོ་བྱེད་དགོས། ལྐོག་ཞིབ་ལྐོག་འདྲི་ལམ་ལུགས་བཙུགས་ནས། གནད་དོན་གྱི་མངོན་མེད་རྐྱེན་ངན་འཚོལ་ཞིབ་ནུས་ལྡན་བྱེད་པ་ནི་ལྡོག་ཏུ་མེད་པའི་གོམ་པ་དང་པོ་ཡིན།

“ཐོན་རྫས་ནི་སྲོག་རྩ་ཡིན་ལ། ཚོང་རྟགས་ནི་ལྟེ་བའི་འགྲན་རྩོད་ནུས་ཤུགས་ཨང་དང་པོ་ཡིན། ངོས་འཛིན་འདི་གཞིར་བཞག་པའི་སྟེང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཚོང་རྟགས་འཐབ་ཇུས་དེ་ཀུང་སིའི་འཕེལ་རྒྱས་འཐབ་ཇུས་ཀྱི་ཆེས་དམིགས་བསལ་གྱི་གོ་གནས་སུ་བཞག་སྟེ། ཐོན་རྫས་ཀྱིས་གཞི་རྐང་འཛུགས་པ་དང་། ཚོང་རྟགས་སྔོན་དུ་འགྲོ་བའི་གཉེར་སྐྱོང་རིགས་ལམ་གཏན་འཁེལ་དང་། ཚོང་ར་ནས་དམག་འཐབ་རྒྱག་པ་དང་བཟོ་གྲྭ་ནས་རྒྱལ་ཁ་ལེན་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས། རིམ་བཞིན་མཚོ་སྔོན་དུ་རྐང་ཚུགས་པ་དང་རྒྱལ་ཡོངས་ལ་གདོང་གཏོད་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས”ཞེས་ཞི་པེ་ཅའོ་ཚོགས་སྒྲིལ་གྱི་སྤྱི་གཉེར་པ་ཡུས་ཀེན་ལའི་ཡིས་དེ་ལྟར་བཤད་བྱུང་།

ད་ལྟ། ཏ་ཐུང་གི་ནོར་གནག་དང་ཧོང་ཀྲུང་གི་ཡུག་པོ། ཐུན་རིན་གྱི་སིལ་ཁུ། གཅིག་སྒྲིལ་གྱི་ནོར་གནག རྨ་སྟོད་ཀྱི་བོད་ལུག་སོགས་ཆས་རྟགས་ཀྱིས་ཕན་ཚུན་སུ་བཟང་གང་ཞིམ་ལ་འགྲན་བཞིན་ཡོད་ལ། “ངོམ་རིན་ཡོད་པ་དང་ཀུན་ལ་གྲགས་པའི”གསེར་བྱང་ལ་བརྟེན་ནས། མཚོ་སྔོན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཞིང་ཆེན་དང་རྒྱལ་ཁབ་ཀྱི་སྒོ་ཕྱིར་བསྐྱོད་དེ། སྔར་ལས་རྒྱ་ཆེ་བའི་ཚོང་རར་ཕྱིར་འཚོང་བྱེད་བཞིན་ཡོད།

ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཐིན་ཀྲང་ཝང་ཡུས་ཧུའུ་ཡིས་མཚམས་སྦྱོར་བྱེད་རྒྱུར། ད་ལོར་མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་ནས་ཀྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ལོ་གསུམ་འགུལ་སྐྱོད་ཀྱི2019ལོའི་ལོ་འཁོར་གྱི་འཆར་གཞི་ལག་བསྟར་བྱེད་པར་སྐུལ་སྤེལ་བྱ་རྒྱུ་ཡིན་ཞིང་། ནས་ཀྱི་ལས་སྣོན་བྱེད་ས5འཛུགས་སྐྲུན་བྱ་རྒྱུ་དང་ནས་ཀྱི་ས་བོན་གསོ་སྤེལ་རྟེན་གཞི་སྤྱི་ཆིང་ཁྲི0.03། ནས་ཀྱི་ཚོང་རྟགས2ནས3གསར་འཛུགས་བྱ་རྒྱུ་དང་ནས་ཀྱི་ཐོན་སྐྱེད་ལས་སྣོན་ཚད་གཞི་སྣ་ཁ12གཏན་འབེབས་བྱེད་པ་སོགས་གཙོ་གནད་དུ་བཟུང་ནས་འཛུགས་སྐྲུན་བྱས་ཏེ། ཞིང་ཁར་ཐོན་སྐྱེད་བྱེད་པ་ནས་ལས་སྣོན་ཞིབ་ཚགས་བར་གྱི་ཐོན་སྐྱེད་སྦྲེལ་རྡང་ཧྲིལ་པོ་བཙུགས་ནས། ནས་ཐོན་ལས་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས།

ལྗང་མདོག་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་གནས་བབ་སྔར་ལས་བཟང་།

དུས་རབས་གསར་པར་སླེབས་པ་ན། ཚོང་རའི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་དང་ཞིང་ཕྱུགས་ལས་ཁོར་ཡུག་གི་དགོས་མཁོ་སྔར་བས་ཇེ་ཆེར་ཕྱིན་ཡོད། ཡིན་ཡང་ལྗང་མདོག་ཞིང་ཕྱུགས་ལས་ནི་མ་རྩ་དང་ཁོར་ཡུག སྐྱེ་ཁམས་བཅས་གཙིགས་སུ་འཛིན་པའི་ཞིང་ཕྱུགས་ལས་ཡིན་ལ། མཚོ་སྔོན་གྱི་རྨང་གཞིའི་ཐོན་སྐྱེད་ཡིན་པའི་ཆ་ནས། ལྗང་མདོག་ཞིང་ཕྱུགས་ལས་ནི་མཚོ་སྔོན་གྱི་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བའི་གནད་འགག་ཏུ་འགྱུར་སྲིད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་གྱི་ཞིང་ཕྱུགས་ལས་ཐོན་སྐྱེད་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ཁྱད་ཆོས་ཅན་གྱི་འཕེལ་ཕྱོགས་མངོན་པར་གསལ། ཁྱད་པར་དུ་སྐྱེ་ཁམས་ཕྱུགས་ལས་དེ་གསོ་སྤེལ་ལས་རིགས་འཕོ་འགྱུར་གྱི་ཐབས་ལམ་གཙོ་བོར་གྱུར་པ་དང་། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་བརྟན་བརླིང་ངང་སྐུལ་སྤེལ་བྱས་ནས། ཆུ་འཁྱག་གིས་གསོ་སྤེལ་བྱེད་པ་འཕེལ་རྒྱས་གསར་པར་གྱུར་ཡོད། མཚོ་སྔོན་གྱི་སན་ཝུན་ཉ་དང་སྐྱེ་ལྡན་ནོར་ལུག་ཤ། ཚ་འདམ་གཞུང་གི་འདྲེ་ཚེར་མ་སོགས་ཞིང་ཕྱུགས་ཐོན་རྫས་ནི་ཚོང་རར་ཆེས་དགའ་བསུ་ཐོབ་པའི་གཅེས་ནོར་དུ་གྱུར།

གཙང་གསུམ་འབྱུང་ཡུལ་གྱི་དུས་རིམ་གཉིས་པ་དང་ཕྱུགས་བསྐྱུར་རྩྭ་སྐྱོང་། མདོ་ལ་རི་བོ་སོགས་གནད་ཆེ་བའི་སྐྱེ་ཁམས་སྲུང་སྐྱོབ་བཟོ་འགོད་རིམ་བཞིན་སྐུལ་སྤེལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱིས་རྩྭ་སར་ལྕགས་ར་སྐོར་པ་དང་ས་ནག་ཐང་བཅོས་སྐྱོང་བྱེད་པ། རྩྭ་སའི་ཨ་བྲའི་གནོད་སྐྱོན་འགོག་སྲུང་བྱེད་པ་བཅས་ལ་བརྟེན་ནས། གཟན་རྩྭའི་རྟེན་གཞི་གསར་དུ་བཙུགས་ཤིང་། ཁོད་ཡངས་པའི་རྩྭ་ཐང་གི་སྐྱེ་ཁམས་ཞན་འགྱུར་ལ་བཀག་འགོག་ཐོབ་སྟེ། སྐྱེ་སྟོབས་གསར་བ་རྒྱས།

མིག་སྔར། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་སྐྱེ་ཁམས་ཞིང་ཕྱུགས་ལས་མཉམ་ལས་ཁང961གསར་དུ་བཙུགས་ཤིང་། མཉམ་ལས་ཁང་དུ་ཞུགས་པའི་འབྲོག་ཁྱིམ་འབུམ་གཅིག་ཁྲི་གཅིག་སྟོང་ལྔ་ལ་སླེབས་པ་དེས། འཛུགས་སྐྲུན་སྡེ་བའི་འབྲོག་ཁྱིམ་གྱི72.5%ཟིན་ཞིང་། 67.8%ཀྱི་ཕྱུགས་ཟོག་དང66.9%ཡི་རྩྭ་སར་གཅིག་བསྡུས་གཉེར་སྐྱོང་མངོན་འགྱུར་བྱས། ཡུལ་བབ་དང་བསྟུན་པ། ཤར་ནུབ་མཉམ་འགུལ། རྩྭ་ཕྱུགས་མཉམ་འགུལ་གྱི་ཕན་འབྲས་མཐོ་བའི་འཁོར་སྐྱོད་ཕྱུགས་ལས་འཕེལ་རྒྱས་ཀྱི་གོམ་འགྲོས་ཀྱིས། རྩྭ་ཐང་གི་སྲོལ་རྒྱུན་གྱི་ཕྱུགས་ལས་རིགས་བསྒྱུར་འཕེལ་རྒྱས་ཇེ་མགྱོགས་སུ་འགྲོ་བར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།