འབྲི་ཆུའི་མགོ་ཁུངས་ཀྱི་རྫོང་དང་པོའི་སྐྱེ་ཁམས་འཕེལ་རྒྱས་ཀྱི་ཐབས་ལམ།
2019.09.18 ཁུངས། མི་དམངས་དྲ་བ། ཀློག་གྲངས། 24

 ཟླ་9པའི་ཟླ་དཀྱིལ་གྱི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་གནམ་གཤིས་ནི་སྐབས་རེར་གནམ་མཁའ་དྭངས་ཞིང་སྐབས་རེར་ཆར་པ་བབ་པ་དང་། ཆར་རྗེས་རྟག་ཏུ་འཇའ་ཚོན་ཤར་ནས་གཞུ་དབྱིབས་ཀྱི་ཟམ་པ་ལྟར་ས་གཞིར་སྦྲེལ་གྱི་ཡོད། འབྲི་ཆུ་ཞང་ཐང་དཀར་སྡེ་བའི་སྡེ་མི་ངག་དབང་ཤེས་རབ་ཀྱིས་བེའུ་ལ་གཟན་ཆས་བྱིན་རྗེས། ཆར་རྗེས་ཀྱི་མཁའ་དབུགས་གཙང་མ་ཞིག་རྔུབ་ནས་རང་ཁྱིམ་གྱི་སོ་ཕག་ཁང་པའི་ཕྱོགས་སུ་བསྐྱོད། ཁོའི་རྒྱབ་ཀྱི་ཐག་མི་རིང་བའི་སར་ཝ་མོ་ཞིག་གིས་ཆུ་ཕྲན་འགྲམ་དུ་ཆུ་འཐུང་ཚར་རྗེས། དལ་ལྷོད་ལྷོད་ངང་སྤང་རིའི་ཕྱོགས་སུ་བསྐྱོད།

གཙང་གསུམ་མགོ་ཁུངས་ཀྱི་དབུས་རྒྱུད་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི4500ཡོད་པའི་འབྲི་ཆུའི་མགོ་ཁུངས་སུ་ཆགས་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲི་སྟོད་རྫོང་ནི“ཁོར་ཡུག་སྲུང་སྐྱོང་བ”རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་སྐྱེ་ས་དང་བྱ་བ་སྒྲུབ་ས་ཡིན་ལ། ཁོང་གིས་སྲོག་ཉེན་ལ་མ་འཛེམས་པར་སྲུང་སྐྱོབ་བྱས་པའི་ཨ་ཆེན་གངས་རྒྱབ་ནི་ད་ལྟ་འཛམ་གླིང་གི་གཟུགས་འདས་རིག་གནས་ཤུལ་བཞག་ཁྲོད་བཀོད་པ་དང་། ངག་དབང་ཤེས་རབ་སོགས་གཙང་གསུམ་མགོ་ཁུངས་ས་ཁུལ་གྱི་མང་ཚོགས་རྣམས་ཀྱིས་མཉམ་དུ་སྲུང་སྐྱོབ་བྱེད་པའི་མཆོག་ནོར་ཞིག་ཀྱང་རེད།

སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་བ་དང་ཆབས་ཅིག སྡེ་མི་ཚོར་ཡང་སེམས་ཁྲལ་གསར་པ་ཞིག་བྱུང་བ་སྟེ། དྲེད་མོང་གིས་རྟག་ཏུ་འཚོ་བར་གནོད་སྐྱེལ་བ་དེ་རེད། ཐང་དཀར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཨ་མདོ་ཚེ་རྡོ་རྗེ་ཡིས་ལོ་འདི་དག་ནང“དྲེད་མོང་གི་གནོད་འཚེ”ཇེ་མང་དུ་འགྲོ་བཞིན་ཡོད།  དྲེད་མོང་མཚམས་རེར་ཁང་པའི་ནང་ཟས་འཚོལ་བར་ཡོང་བ་མ་ཟད། ནོར་ལུག་དང་མི་ལའང་གནོད་འཚེ་བཟོ་བའི་གནས་ཚུལ་འབྱུང་གིན་ཡོད་ཅེས་དེ་ལྟར་བཤད་བྱུང་།

ངག་དབང་ཤེས་རབ་ཀྱི་གནས་སྤོས་སྡོད་ཁང་གསར་པའི་ལྷས་རའི་གྱང་ངོས་ཀྱི་མཐོ་ཚད་ལ་སྨི2ཡོད་པ་དང་ལྕགས་སྒོ་ཆེན་པོ་ཞིག་ལས་ཡོད། “འདི་ལྟར་བྱས་ཚེ་དྲེད་མོང་གི་གནོད་འཚེ་གཞི་ནས་འགོག་ཐུབ་སྟེ་འབྲོག་པའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་ཐུབ་པ་རེད”ཅེས་འབྲི་སྟོད་རྫོང་འབྲི་ཆུ་ཞང་ཏང་ཨུའི་ཧྲུའུ་ཅི་ངག་ཚེ་རིང་གིས་གསར་འགོད་པར་དེ་ལྟར་བཤད་བྱུང་།

སྡེ་མི་ཚོས་དྲེད་མོང་ལ་དགའ་ཞིང་ཁོང་ཁྲོ་ཡང་ལངས་བཞིན་ཡོད།  དྲེད་མོང་ལ་དགའ་དོན་ནི་དྲེད་མོང་མང་དུ་སོང་བ་ལས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཕན་ནུས་ཐོན་པ་དང་སྐྱེ་ཁམས་ཇེ་ལེགས་སུ་སོང་བ་མཚོན་པ་དང་། ཁོང་ཁྲོ་ཟ་དོན་ནི་དྲེད་མོང་གིས་བཟོས་པའི་གནོད་འཚེ་དུས་ཡུན་ཐུང་ངུའི་ནང་ཐག་གཅོད་དཀའ་བས་རེད། དེའི་རྐྱེན་གྱིས་འབྲོག་པ་འགའ་ཞིག་གིས་འབྲོག་རར་ཡོད་པའི་ཁང་པའི་ནང་ཟས་ཉུང་ཙམ་བཞག་རྗེས་སྒོ་དང་སྒེའུ་ཁུང་ཚང་མ་ཕྱེས་པ་དང་།  དེ་ལྟར་དྲེད་མོང་གིས་ཟས་རྣམས་ཟོས་རྗེས་ཁང་པའི་ནང་གཏོར་བརླག་མི་གཏོང་བར་ཕྱིར་འགྲོ་བ་རེད། དེའང་འབྲོག་པ་དང་དྲེད་མོང་བར་མཉམ་གནས་བྱེད་ཐབས་ཤིག་རེད།

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ནི་འབྲི་ཆུའི་མགོ་ཁུངས་ཀྱི་རྫོང་དང་པོ་ཡིན་ལ།  སྐྱེ་ཁམས་ཉམས་ཞན་དུ་སོང་བའི་གཙང་གསུམ་མགོ་ཁུངས་ས་ཁུལ་དུ་འཆམ་མཐུན་མཉམ་གནས་བྱེད་པ་དེ་ཐོན་ལས་འཕེལ་རྒྱས་ཁྲོད་མཚོན་གྱི་ཡོད། མཐོ་སྒང་གི་རྩྭ་སར་གཏོར་བརླག་ཐེབས་ཚད་ཇེ་ཉུང་དུ་བཏང་ནས་དྭངས་གཙང་ཆུ་བོར་སྲུང་སྐྱོབ་བྱ་ཆེད། འབྲི་སྟོད་རྫོང་གིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་རྒྱུ་དེ་འབྲོག་པའི་ཡོང་སྒོ་འཕར་སྣོན་གྱི་ཐབས་ལམ་གཙོ་བོ་ཞིག་ཏུ་བརྩིས་ཡོད།

ཐང་དཀར་སྡེ་བའི་བཅའ་སྡོད་ཧྲུའུ་ཅི་དང་པོ་ཁྲེན་ཡིའུ་ཀུའེ་ཡིས། སྡེ་མི་ཚོས་ལུག་དང་། ནོར། རྩྭ་ས་སོགས་མ་རྐང་དུ་བྱས་ཏེ་མཉམ་ལས་ཁང་ནང་ཞུགས་པ་དང་། མཉམ་ལས་ཁང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་འཚོ་བ་དང་།  ཐོན་རྫས་རིམ་སྤོར་བྱེད་པ། ཁྲོམ་ར་དང་སྦྲེལ་མཐུད་བྱེད་པ་སོགས་བརྒྱུད་དེ།  སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཆ་རྐྱེན་འོག སྡེ་བའི་གཅིག་བསྡུའི་ཡོང་འབབ་འཕར་སྣོན་དང་སྡེ་མི་ཚོར་ཁེ་ཕོགས་བགོ་བ་མངོན་འགྱུར་བྱུང་། 2018ལོར་སྡེ་བའི་གཅིག་བསྡུའི་ཡོང་འབབ་སྒོར་ས་ཡ་གཅིག་འབུམ་བཞི་ཁྲི་ལྔར་བསླེབས་པ་དང་ཁེ་ཕོགས་སྒོར་ས་ཡ་གཅིག་འབུམ་གཅིག་ཁྲི་བརྒྱད་བགོ་བཤའ་བརྒྱབ་ཡོད། དེའི་ཁྲོད་མ་རྐང་མི་ཉུང་བ་བཞག་ཡོད་པའི་སྡེ་མི་པད་དབང་ལ་ཁེ་ཕོགས་སྒོར་ཁྲི་དྲུག་སྟོང་གཉིས་སུམ་བརྒྱ་བཅོ་ལྔ་ཐོབ། ལུག33དང་འབྲི་གཡག་མགོ་གྲངས5ཡི་ཐོག་ནས་མཉམ་ལས་ཁང་ནང་ཞུགས་པའི་ངག་དབང་ཤེས་རབ་ལ2017ལོར་མཉམ་ལས་ཁང་གི་མི་རེའི་ཆ་སྙོམས་ཁེ་ཕོགས་སྒོར་སྟོང་བཞི་དང་ཉིས་བརྒྱ་སོ་གསུམ་དང་དབྱར་རྩྭ་དགུན་འབུ་བརྐོས་བ་སོགས་ཀྱི་ཡོང་འབབ་ལས་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་གྲས་ནས་ཕྱིར་བུད་པ་རེད།

ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི་སྒོ་ནས་ཕྱུགས་འཚོ་བའི་སྔོན་འགྲོ་ནི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་དེ་རེད། འབྲི་སྟོད་རྫོང་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་ནམ་མཁའ་དཔལ་བཟང་གིས་བཤད་རྒྱུར། འབྲི་སྟོད་རྫོང་གིས་རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འཐབ་ཇུས་གོ་གནས་ལ་རང་རྟོགས་ངང་བརྩི་སྲུང་བྱེད་པ་དང་། རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ལ་དམ་པོར་དམིགས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་ཧུར་ཐག་གིས་སྒྲུབ་པ། དམངས་ཡོངས་སྐྱེ་ཁམས་འཛུགས་སྐྱོང་དང་ཁོར་ཡུག་ལེགས་བཅོས་ཁྲོད་ཧུར་ཐག་གིས་ཞུགས་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྐྱེ་ཁམས་ལྟ་སྲུང་པ་དང་ནགས་ལས་ལྟ་སྲུང་པ་སོགས་སྤྱི་ཕན་རང་བཞིན་གྱི་ལས་རྐང་སྟོང་བཞི་ཆིག་བརྒྱ་རེ་གསུམ་བཙུགས་པ་དང་།   ལྟ་སྲུང་པ་རེར་ཟླ་རེར་ཡོང་འབབ་སྒོར་ཆིག་སྟོང་བརྒྱད་བརྒྱ་ཡོད་པས། ལྟ་སྲུང་མ་དངུལ་སྒོར་བྱེ་བ་བརྒྱད་ས་ཡ་དགུ་འབུམ་དགུ་ཁྲི་གཉིས་དངོས་འབེབས་བྱས།

འབྲི་སྟོད་རྫོང་གི་ཟོ་སྐྱ་དང་བྲག་དཀར་ཞང་གཉིས་ཀྱི་སྡེ་བ་བརྒྱད་ཀྱི“ཁྱིང་ཚང་ཚང་མར་སྐྱེ་ཁམས་ལྟ་སྲུང་པ་རེ་བཀོད་སྒྲིག་བྱེད་པའི”དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད།  སྔོན་ཆད་རྩྭ་སའི་ཤོང་ཚད་ལས་བརྒལ་ཏེ་ཕྱུགས་འཚོ་མཁན་དག་ད་ལྟ་ སྐྱེ་ཁམས་སྲུང་སྐྱོབ་ཀྱི་འཐབ་ཕྱོགས་དང་པོའི་འགན་འཁུར་པར་གྱུར་ཡོད། གླིང་ཁུལ་ཕྱི་ནང་གི་ཁྱིམ་ཚང་དབུལ་པོའི་ཡོང་འབབ་ཀྱི་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་བ་དང་། སྐྱེ་ཁམས་འཛུགས་སྐྱོང་གི་ཁེ་སྤོགས་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།

སྐྱེ་ཁམས་ཉམས་ཞན་གྱི་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་དབུལ་ཐར་མཁྲེགས་གཏོར་གྱི་གོམ་སྟབས་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ས་གནས་དེས“ སྡེ་བ་དབུལ་པོ་3དབུལ་ཕོངས་ལས་ཐར་བ་དང་། ཁྱིམ་ཚང་སྟོང་གཅིག་བརྒྱད་བརྒྱ་ལྷག་གི་མི་གྲངས་དབུལ་པོ་སྟོང་བཞི་དང་དགུ་བརྒྱ་བཅོ་ལྔ་བརྟན་འཇགས་ངང་དབུལ་ཕོངས་ལས་ཐར་བར”བྱེད་པའི་གནད་འགག་གི་དམིགས་ཚད་ལ་དམ་པོར་དམིགས་ཏེ།  སྔར་ལས་ནུས་ལྡན་གྱི་བྱེད་ཐབས་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཐར་མཁྲེགས་གཏོར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཏེ། ནུས་ཤུགས་ཡོད་རྒུས་ད་ལོའི་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།