མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁག་དང་པོ།
2019.09.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 56

 ད་ལོའི་ཟླ་བདུན་པར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་རྨ་ཆུའི་མགོ་ཁུངས་གླིང་ཁུལ་ལ་སྐབས་དགུ་བའི་རྒྱལ་ཡོངས་ཀྱི“མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང”གི་མཚན་སྙན་ཐོབ། ཐུན་མོང་ཞིག་ལ་མཚོན་ན་དེ་ནི་ཆེས་མཐོ་བའི་བྱ་དགའ་དང་གཟེངས་རྟགས་ཤིག་ཡིན་ལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལ་མཚོན་ན་དེ་ནི་མདུན་སྐྱོད་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་པར་བརྟེན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཐབས་ཇུས་ལག་བསྟར་དང་འཚོལ་ཞིབ་བྱས་པའི་གྲུབ་འབྲས་ཡིན་པ་རེད།

མཚོ་སྔོན་ལ་གཙང་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཀྱི་མཚན་སྙན་ཡོད་ཅིང་། ཐུན་མིན་གྱི་སྐྱེ་ཁམས་བྱེད་ནུས་དང་ཚོར་བ་སྐྱེན་པའི་སྐྱེ་ཁམས་ཁོར་ཡུག ཚབ་བྱེད་ཐབས་མེད་པའི་སྐྱེ་ཁམས་བཅས་ཀྱི་འཐབ་ཇུས་གོ་གནས་བཟུང་ཡོད་པས། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་མཚོ་སྔོན་གྱི་དུས་གཏན་གྱི་བྱ་གཞག་གལ་ཆེན་ཡིན་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་ཀྲུང་ཧྭ་མི་རིགས་ཀྱི་རྒྱང་རིང་གི་ཁེ་ཕན་དང་རྒྱུན་མཐུད་འཕེལ་རྒྱས་བཅས་ལ་འབྲེལ་བ་དམ་པོ་ཡོད་པ་རེད།

2015ལོའི་ཟླ11པར། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་ལ《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》ཡར་ཞུ་བྱས་པ་དང་། 2016ལོའི་ཟླ3པར། ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《ཚོད་ལྟའི་ཇུས་གཞི》དངོས་སུ་པར་འགྲེམ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་ས་ཁུལ་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཐོག་མར་གྱུར།

སྔོན་ཆད་སྲིད་ཇུས་སྣ་མང་ཐོན་པ་དང་འགན་ནུས་སྣོལ་བ། འགན་འཁྲི་ཁག་བགོས་སོགས་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཕན་འབྲས་ལ་ཤུགས་རྐྱེན་བཟོས། ད་ལྟ་གཙང་གསུམ་འབྱུང་ཡུལ་དུ་སྡེ་ཁག་མང་པོས་བཅོས་སྐྱོང་དང་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཐར་ཐོར་ཅན་གྱི་གནད་དོན་ཡོངས་སུ་ཐག་བཅད་དེ།  སྡེ་ཁག་གཅིག་གིས་དོན་དག་གཅིག་དོ་དམ་བྱེད་པའི་སྒྲིག་སྲོལ་ཚོད་ལྟའི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱས་ཡོད།

སྒྲིག་སྲོལ་ཚོད་ལྟ་བྱེད་མགོ་བརྩམས་རྗེས། ཁོངས་ཁུལ་ལོགས་བཅད་དང་དོ་དམ་ཐར་ཐོར་ཅན་གྱི་སྲོལ་རྒྱུན་དཔེ་དབྱིབས་གཏོར་ཆེད། མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་སྒྲིག་འཛུགས་བྱས་པ་དང་། དེའི་ཁོངས་སུ་སྡེ་ཚན་ཆུང་བ་བདུན་བཙུགས་པར་མ་ཟད། རྫོང་རིམ་པའི་ཁོངས་གཏོགས་ལས་དོན་སྡེ་ཁག་གསུམ་བཙུགས།  དེ་དང་ཆབས་ཅིག་ཏུ་གཙང་གསུམ་འབྱུང་ཡུལ་དང་རྨ་ཆུའི་མགོ་ཁུངས། རྫ་ཆུའི་མགོ་ཁུངས་བཅས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གསུམ་བཙུགས། དེའི་ནང་འབྲི་ཆུའི་མགོ་ཁུངས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་ལ་མཚོ་སྔོན་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་དོ་དམ་ཅུའི་མིང་བྱང་བཀལ་བར་མ་ཟད། འབྲི་སྟོད་དོ་དམ་ཁྲུའུ་དང་ཆུ་དམར་ལེབ་དོ་དམ་ཁྲུའུ། ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་བཅས་རྫོང་རིམ་པའི་སྒྲིག་གཞི་གསུམ་དེར་མངགས།  དེ་ནི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོལ་སྒྲིག་སྲོལ་བཅོས་སྒྱུར་གྱི་བྱེ་བྲག་གི་ལག་ལེན་ཐེངས་ཤིག་ཡིན་པས། ཇི་ལྟར་སྔར་ཡོད་སྒྲིག་སྲོལ་གྱི་ཞན་ཆ་སེལ་ཏེ་སྲུང་སྐྱོབ་དོ་དམ་སྒྲིག་སྲོལ་གྱི་རྐྱེན་སྲོལ་གསར་སྐྲུན་མངོན་འགྱུར་བྱེད་དགོས།

མཚོ་སྔོན་གྱིས་གླིང་ཁུལ་གསུམ་ལ་གཏོགས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་། འབྲི་སྟོད་རྫོང་། རྫ་སྟོད་རྫོང་བཅས་ཀྱི་སྡེ་ཁག་ཆེན་པོའི་ལམ་ལུགས་བཅོས་སྒྱུར་བྱས་ཏེ། ནགས་ལས་དང་རྒྱལ་ཁོངས། ཁོར་སྲུང་། ཆུ་བེད། ཞིང་ཕྱུགས་སོགས་སྡེ་ཁག་གི་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་འགན་འཁྲི་ཧྲིལ་བསྡུས་བྱས་བ་དང་། སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་དང་། ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་ཅུས་བཙུགས་ཏེ། ཁྱོན་ཡོངས་ནས་གཅིག་བསྡུས་གཅིག་གྱུར་དང་ཕན་མཐོའི་སྲུང་སྐྱོབ་དོ་དམ་དང་ཁྲིམས་བསྟར་མངོན་འགྱུར་བྱས། དུས་མཚུངས་སུ། ནགས་ལས་ས་ཚིགས་དང་རྩྭ་ཐང་བྱ་བའི་ས་ཚིགས། ས་ཆུ་སྲུང་འཛིན་ས་ཚིགས། བརླན་ས་སྲུང་སྐྱོབ་ས་ཚིགས་སོགས་ཧྲིལ་བསྡུས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ས་ཚིགས་བཙུགས། རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཁྲོད་ཀྱི་ཞང་གྲོང་བཅུ་གཉིས་ཀྱི་སྲིད་གཞུང་ལ་སྲུང་སྐྱོབ་དོ་དམ་ས་ཚིགས་ཀྱི་མིང་བྱང་བཀལ་ཏེ། རྒྱལ་ཁབ་སྤྱི་གླིང་གི་འབྲེལ་ཡོད་དོ་དམ་འགན་འཁྲི་འཕར་སྣོན་བྱས།

དེའི་རྨང་གཞིའི་སྟེང་། མཚོ་སྔོན་ཞིང་ཆེན་གྱིས་ད་དུང《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་སྒྲིག་སྲོལ་ཚོད་ལྟ་འཐུས་ཚང་དུ་གཏོང་བའི་ལག་བསྟར་ཇུས་གཞི》གཞིར་བཟུང་ཏེ། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་དབང་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་ཅུས་དང་དོ་དམ་ཡན་ལག་ཅུས་སྒྲིག་འཛུགས་བྱས་ནས། ཧུར་ཐག་གིས་རང་བྱུང་ཐོན་ཁུངས་རྒྱུ་ནོར་གཅིག་བསྡུས་གཅིག་གྱུར་གྱིས་དོ་དམ་བྱེད་པའི་ནུས་ཡོད་ཐབས་ལམ་འཚོལ་ཞིབ་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་དང་རྒྱལ་ཁོངས་བར་སྟོང་བཀོལ་སྤྱོད་ཚོད་འཛིན་གྱི་གཅིག་གྱུར་བདག་དབང་གཉིས་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་ཐོན་ཁུངས་རྒྱུ་ནོར་རྒྱལ་ཁབ་ལ་དབང་བ་དང་དམངས་ཡོངས་མཉམ་སྤྱོད་བྱེད་པ། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་བཅས་མངོན་འགྱུར་བྱེད་པར་སྒྲིག་སྲོལ་གྱི་རྨང་གཞི་བཏིང་།

གཙང་གསུམ་འབྱུང་ཡུལ་ནི་མཚོ་སྔོན་གྱི་ཡིན་ལ། ཀྲུང་གོ་དང་འཛམ་གླིང་གིའང་ཡིན། 2017ལོའི་ཟླ7ཚེས7ཉིན་ཨ་ཆེན་གངས་རྒྱབ《འཛམ་གླིང་ཤུལ་བཞག་མིང་ཐོའི》ཁྲོད་བཀོད་པ་ལེགས་འགྲུབ་བྱུང་ཏེ། རང་རྒྱལ་གྱི་གཞི་ཁྱོན་ཆེས་ཆེ་བའི་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་དུ་གྱུར།  མཚོ་སྔོན་ལ་མཚོན་ནས་བཤད་ན། དེ་ནི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་མགོ་བརྩམས་པའི་ཚུན་ལ་བླངས་བའི་ཐོད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐེངས་ཤིག་ཡིན་པ་རེད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་འགྲོ་ཡིན་པ་དང་། རང་བྱུང་སླར་གསོ་གཙོ་བོ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ནང་གནས་ཆོས་ཉིད་ལ་བརྩི་སྲུང་དང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་གི་ཁྱད་ཆོས་ལ་བརྩི་འཇོག་བྱེད་པ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གཞི་གཅིག་ཅན་དུ་དོ་དམ་སྲུང་སྐྱོབ་བྱེད་པའི་རྩ་དོན་ལྟར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་། རྒྱལ་སྤྱི་དང་རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན། འཐུང་ཆུའི་འབྱུང་ཁུངས་གཙོ་བོའི་སྲུང་སྐྱོབ་ས་ཁུལ། ཆུ་ཐོན་དངོས་རིགས་ཀྱི་ཐོན་ཁུངས་སྲུང་སྐྱོབ་ས་ཁུལ། མཛེས་ལྗོངས་གྲགས་ཅན་ས་ཁུལ། རང་བྱུང་ཤུལ་བཞག་ས་ཁུལ་སོགས་སྲུང་སྐྱོབ་ས་ཁུལ་སྣ་ཚོགས་ཀྱི་བྱེད་ནུས་བསྐྱར་སྒྲིག་དང་ལེགས་བཅོས་སྒྲིག་འཛུགས་བྱས་ནས། གཅིག་བསྡུས་གཅིག་གྱུར་གྱིས་དོ་དམ་བྱེད་པ་ལག་བསྟར་བྱས་པ་དང་། གླིང་ཁུལ་གྱི་བྱེད་ནུས་ཁུལ་སོ་སོའི་བར་གྱི་སྤྱི་ཡོངས་རང་བཞིན་དང་འབྲེལ་མཐུད་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཇེ་དྲག་ཏུ་བཏང་ཏེ། སྲུང་སྐྱོབ་ས་ཁུལ་སྣ་ཚོགས་ལ་སྤྱི་ཡོངས་ནས་སྲུང་སྐྱོབ་དང་མ་ལག་ལྡན་པའི་སྒོ་ནས་སླར་གསོ། གཞི་གཅིག་ཅན་དུ་དོ་དམ་བཅས་བྱས།

སྒྲིག་སྲོལ་ཚོད་ལྟ་བྱས་པའི་ཚུན་ལ། གཙང་གསུམ་འབྱུང་ཡུལ་གྱི་རྩྭ་ས་དང་ནགས་ས། བརླན་ས། ས་ངོས་ཆུ། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏིང་ཟབ་ཏུ་རྟོག་ཞིབ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་ཐོན་ཁུངས་ཀྱི་གཞི་གྲངས་སྟེགས་བུ་ལས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ས་ངོས་ཆུ་དང་རྩྭ་ས། ནགས་ས། རི་སྐྱེས་སྲོག་ཆགས་སོགས་རང་བྱུང་ཐོན་ཁུངས་ཀྱི་གཞི་གདན་དེབ་ཐེར་རྒྱབ་ཤ་དཀར་པོ་ཁྱབ་སྤེལ་བྱས།

དེ་དང་ཆབས་ཅིག  རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བུ་ལོན་རེའུ་མིག་དང་དེའི་ཐོན་ཁུངས་རྒྱུ་ནོར་དོ་དམ་དབང་ཆའི་རྩིས་ཐོ་དང་འགན་འཁྲིའི་རྩིས་ཐོ་བཅས་བཟོ་སྒྲིག་བྱས་པར་མ་ཟད། ཧུར་ཐག་གིས་རང་བྱུང་ཐོན་ཁུངས་རྒྱུ་ནོར་ལས་གྲུབ་པའི་ཕན་འབྲས་དེ་ནོར་སྲིད་སྔོན་རྩིས་ཁྲོད་བཀོད་པའི་དོ་དམ་བྱེད་ཐབས་འཚོལ་ཞིབ་དང་གཏན་འབེབས་བྱས།

ད་ལོའི་ལོ་མགོར་ཁྱབ་སྤེལ་བྱས་པའི་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་དབང་རང་བྱུང་ཐོན་ཁུངས་ཀྱི་གཞི་གདན་རྟོག་ཞིབ་མཇུག་འབྲས་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཆུའི་སྤུས་ཚད་དེ་ཆ་སྙོམས་ཀྱིས་རིགས་གཉིས་པའི་ཚད་གཞིར་བསླེབས་པ་དང་། རྩྭ་སའི་ཐོན་ཁུངས་ཀྱི་གཞི་ཁྱོན་དེ་སྤྱི་ཆིང་ས་ཡ་དགུ་འབུམ་དགུ་ཁྲི་ལྔ་ལྷག་ཏུ་བསླེབས་ཤིང་།   རྩྭ་སའི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད་བརྒྱ་ཆའི་ང་གསུམ་ལྷག་ཏུ་བསླེབས་པ་དང་། ནགས་སའི་ཐོན་ཁུངས་ཀྱི་སྤྱིའི་གཞི་ཁྱོན་སྤྱི་ཆིང་འབུམ་གཉིས་ཁྲི་དགུ་ལྷག་ཏུ་བསླེབས་པ། བརླན་སའི་ཐོན་ཁུངས་ཀྱི་སྤྱིའི་གཞི་ཁྱོན་སྤྱི་ཆིང་ས་ཡ་གཉིས་འབུམ་གཅིག་ཁྲི་བཞི་ལྷག་ཏུ་བསླེབས་ཡོད།

གོམ་གང་མདུན་སྤོས་སྒོས་རང་བྱུང་ཐོན་ཁུངས་ཀྱི་ཕྱོགས་བསྡུས་ཁྲིམས་འཛིན་དོ་དམ་མ་ལག་ཇེ་དྲག་ཏུ་བཏང་ཏེ། རང་བྱུང་ཐོན་ཁུངས་ཀྱི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཐར་ཐར་ཡིན་པའི་གནད་དོན་ཐག་བཅད། སྒྲིག་སྲོལ་ཚོད་ལྟ་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པར། ཁྲིམས་འཛིན་གྱི་ཤུགས་ཚད་ཇེ་དྲག་ཏུ་བཏང་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་གནད་དོན་མཐའ་གཅིག་ཏུ་བཀག་འགོག་བྱས།

སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་ལྟ་སྐུལ་གྱི་ཤུགས་ཚད་མུ་མཐུད་དུ་རྒྱ་བསྐྱེད་དེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་བཅས་ཀྱིས་མཉམ་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་མཉམ་ལས་རྐྱེན་སྲོལ་བཙུགས་པ་དང་། ཁྱད་པར་དུ་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་དང་ཞིང་ཆེན་ཞིབ་དཔྱོད་ཁང་དང་མཉམ་འབྲེལ་སྒོས་སྐྱེ་ཁམས་སྤྱི་ཕན་གྱི་ཁྲིམས་འཛིན་སྲུང་སྐྱོབ་དང་འཕེལ་རྒྱས་ཞིབ་འཇུག་མཉམ་ལས་རྐྱེན་སྲོལ་བཙུགས་པར་མ་ཟད། ཡུལ་ཤུལ་གྲོང་ཁྱེར་ཁྲིམས་ཁང་གི་གཙང་གསུམ་འབྱུང་ཡུལ་ཁྲིམས་ར་བཙུགས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་སྐྱོང་ཞིབ་འཇུག་ཚོགས་པ་སྒྲིག་འཛུགས་བྱས་པ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བཅའ་ཁྲིམས་བློ་འདྲིའི་ལམ་ལུགས་བཙུགས་ཏེ། ཁྲིམས་དང་མཐུན་པར་སྤྱི་གླིང་དོ་དམ་དང་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཆུ་ཚད་མཐོར་འདེགས་བཏང་།

དེ་དང་ཆབས་ཅིག རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ལ་རྩ་འཛུགས་ཅན་གྱི་དོ་དམ་དང་དྲ་མིག་ཅན་གྱི་བསྐོར་ཞིབ་ལག་བསྟར་བྱས་པ་དང་། ཞང་གྲོང་ལྟ་སྲུང་ས་ཚིགས་དང་སྡེ་བ་རིམ་པའི་ལྟ་སྲུང་རུ་ཁག  ལྟ་སྲུང་ཡན་ལག་རུ་ཁག་ཆུང་བ་བཅས་སྒྲིག་འཛུགས་བྱས་ཏེ། གཅིག་ཏུ་སྦྲེལ་ཞིང་ཡོངས་སུ་འདྲེས་པའི་ཕྱོགས་ཡོངས་ཀྱི་བསྐོར་སྲུང་མ་ལག་ཅིག་རིམ་བཞིན་གྲུབ།

མཚོ་སྔོན་ཞིང་ཆེན་གྱིས་ད་དུང་ཕྱོགས་གཉིས་མཉམ་འབྲེལ་གྱི་རང་བྱུང་ཐོན་ཁུངས་ཕྱོགས་བསྡུས་ཁྲིམས་འཛིན་བྱ་འགུལ་སྤེལ་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ལ་བསྐོར་སྲུང་དང་བསྐོར་ཞིབ། རྩད་ཞིབ་བཅས་བྱས་ནས། གླིང་ཁུལ་གསུམ་གཙོ་གནད་དུ་བཟུང་ནས་རྒྱུན་མཐུད་རང་བཞིན་གྱི་བསྐོར་སྲུང་ཁྲིམས་འཛིན་ཆེད་དོན་བྱ་སྤྱོད་སྤེལ་བ་དང་། རང་བྱུང་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་ནག་ཉེས་བྱ་འགུལ་སྣ་ཚོགས་ལ་རྡུང་རྡེག་དྲག་པོ་བཏང་།

དུས་མཚུངས་སུ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་ད་དུང་ཞིན་ཅང་ཨར་ཅིན་རི་བོའི་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་ཅུས་དང་། བོད་ལྗོངས་བྱང་ཐང་སྲུང་སྐྱོབ་ས་ཁུལ་གྱི་ནག་ཆུ་དང་མངའ་རིས་གཉིས་ཀྱི་དོ་དམ་ཅུས། ཇོ་མོ་གླང་མའི་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་ཅུས་བཅས་དང་མཉམ་དུ《མཚོ་སྔོན་དང་ཞིན་ཅང་། བོད་ལྗོངས་བཅས་རང་བྱུང་སྲུང་སྐྱོབ་ས་ཁུལ་ཆེན་པོ་ལྔའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མཉམ་ལས་བརྗེད་ཐོ》བཀོད་དེ། 《མཚོ་སྔོན་དང་ཞིན་ཅང་། བོད་ལྗོངས་བཅས་རང་བྱུང་སྲུང་སྐྱོབ་ས་ཁུལ་ཆེན་པོ་ལྔའི་མཉམ་ལས་མནའ་འབྲེལ་སྒྲིག་ཡིག》གཏན་འབེབས་བྱས་པ་དང་། ཞིང་ཆེན་དང་ལྗོངས་ལས་བརྒལ་བའི་ཡུན་ཕན་དོ་དམ་ཚོད་འཛིན་དང་ཁྲིམས་འཛིན་རྐྱེན་སྲོལ་བཙུགས།

མཚོ་སྔོན་གྱི་ངོས་ཐད་ནས་བཤད་ན། སྡེ་ཁག་མང་པོས་བཅོས་སྐྱོང་དང་ཁྲིམས་འཛིན་ལྟ་སྐུལ་ཐར་ཐོར་ཅན་གྱི་རྣམ་པ་གཏོར་བ་དེ་ནི། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་གྱི་འཚོལ་ཞིབ་གསར་བ་ཐེངས་ཤིག་ཡིན་པ་དང་། དེ་བས་ཀྱང་དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱེད་པའི་ནུས་ལྡན་གྱི་སྒྲུབ་སྟངས་ཤིག་ཀྱང་ཡིན་པ་རེད།

ལོ་ཙཱ། སྒྲོལ་མ་སྐྱིད།