རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་ཐོག་མ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་།
2019.09.23 ཁུངས། མི་དམངས་དྲ་བ། ཀློག་གྲངས། 25

 གཙང་གསུམ་འབྱུང་ཡུལ་ནི་རང་རྒྱལ་དང་ཨེ་ཤེ་ཡའི་ཚྭ་མེད་ཆུ་མཁོ་འདོན་བྱ་ཡུལ་གལ་ཆེན་ཞིག་ཡིན་པ་དང་།  “མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་མཛོད”  དུ་གྲགས་ཤིང་། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་སྙོམས་སྒྲིག་ས་ཆའི་གྲས་ཤིག་ཀྱང་ཡིན། དེའི་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་དང་། རང་བྱུང་མཛེས་ལྗོངས། སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་སྲུང་སྐྱོབ་རིན་ཐང་ལྡན་ཡོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་བྱེད་ནུས་ཁུལ་སྲུང་སྐྱོབ་ནས་མགོ་བརྩམས་ཏེ་མ་འོངས་པའི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དཔེ་སྟོན་ཁུལ་དང་། གཙང་གསུམ་འབྱུང་ཡུལ་མཉམ་སྐྲུན་མཉམ་སྤྱོད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྔོན་སྐྱོད་ཁུལ། མཚོ་བོད་ས་མཐོའི་རང་བྱུང་ཁམས་ཆེན་པོ་སྲུང་སྐྱོབ་འགྲེམས་སྟོན་དང་སྐྱེ་ཁམས་རིག་གནས་རྒྱུན་འཛིན་ཁུལ་བཅས་སུ་བསྐྲུན་རྒྱུ་རེད།

རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་འཛུགས་རྒྱུ་ནི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཏོན་པའི་སྐྱེ་ཁམས་ལམ་ལུགས་ཀྱི་ཇུས་འགོད་གལ་ཆེན་ཞིག་ཡིན། 2015ལོའི་ལོ་འགོར་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་ཀྱིས་མཚོ་སྔོན་ཞིང་ཆེན་དེ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟའི་ཞིང་ཆེན(གྲོང་ཁྱེར)གྱི་གྲས་སུ་བཅུག་པ་དང་། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྱོང་གཞུང་ལས་ཁང་གིས་དམ་འཛིན་བྱས་ཏེ《ཀྲུང་གོའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》བཟོས་པ་རེད། 2015ལོའི་ཟླ12ཚེས་9ཉིན་ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་19པའི་ཐོག《ཇུས་གཞི》དེར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་རྨ་ཆུའི་འབྱུང་ཡུལ་དང་། འབྲི་ཆུའི་འབྱུང་ཡུལ(ཨ་ཆེན་གངས་རྒྱབ) རྫ་ཆུའི་འབྱུང་ཡུལ་བཅས་གླིང་ཁུལ་གསུམ་ལས་གྲུབ་པ་སྟེ“གླིང་གཅིག་ཁུལ་གསུམ”ཡིན།  སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་གཉིས་སྟོང་གསུམ་ཆིག་བརྒྱ་ཡོད་པ་དེས་གཙང་གསུམ་འབྱུང་ཡུལ་ས་ཆའི་རྒྱ་ཁྱོན་གྱི་31.16%བཟུང་ཡོད།

ལི་ཞའོ་ནན་ནི་མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཡིན་པ་དང་།  སྔོན་ཆད་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གཞུང་ལས་ཁང་གི་ཀྲུའུ་རེན་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་སོགས་ཀྱི་འགན་གཅིག་ལྕོགས་སུ་ཁུར་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ལས་གཞི་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་བཅོས་སྒྱུར་ཚོད་ལྟ་སོགས་ཀྱི་ལས་དོན་ནང་ཐད་ཀར་ཞུགས་པ་དང་འགན་འཁུར་བ་རེད།

ལི་ཚེ་རིང་མཚོ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འབྱུང་ཡུལ་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་ཅུས་ཁྲིམས་འཛིན་རུ་ཆེན་གྱི་རུ་དཔོན་གཞོན་པའི་འགན་འཁུར་ཡོད།

དུས་རབས་འདིའི་དུས་འགོར་རྨ་ཆུའི་འབྱུང་ཡུལ་མཚོ་སྐྱ་རེངས་ཀྱི་ཆུ་རྒྱུན་ཆད་པ་དང་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན། “ཀྲུང་ཧྭའི་ཆུ་མཛོད”ཉེན་ཁའི་གནས་སུ་གྱར།

གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཇེ་ཞན་དུ་འགྲོ་བའི་གནས་བབ་ཛ་དྲག་ཡིན་པར་གཞིགས་ནས། 2005ལོར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར75བཏང་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོའི་ལས་གཞི་ལག་བསྟར་བྱས་ནས། ཆུ་རྩ་གསོ་འཁྱོངས་ཁུལ་གལ་ཆེན་ལ་སྲུང་སྐྱོབ་བྱས་ཡོད། མཚོ་སྔོན་གྱིས་ཁོར་ཡུག“ཉམས་ཞན”ཡིན་པའི་འོག་བཅོས་སྐྱོང་གང་ཐུབ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཁུལ4དང་རྫོང་དང་གྲོང་ཁྱེར་17ལ་ཕྱོགས་ཡོངས་ནས་བྱེ་འགྱུར་བཅོས་སྐྱོང་དང་། ཕྱུགས་བཀག་རྩྭ་གསོ། སྐྱས་སྤོས་རྩྭ་གསོ། ཡུལ་མི་གནས་སྤོ།  བརླན་ས་སྲུང་སྐྱོབ། མིའི་ཐབས་ཀྱིས་ཆར་འབེབས།  ཨ་བྲ་མེད་པར་བཟོ་བ་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་རེད། དུས་སྐབས་དང་པོའི་ལས་གཞི་ལག་བསྟར་བྱས་ནས་ལོ་བཅུའི་རིང་། 2015ལོར་གཙང་གསུམ་འབྱུང་ཡུལ་གྱི་རྩྭ་སྐྱེ་ཚད་30%མཐོ་རུ་སོང་བ་དང་། ས་རྒྱུ་སྲུང་འཛིན་ཐུབ་པའི་འཕར་ཚད་32.5%ཟིན་པ། མུའུ་ཁྲི་བརྒྱའི་ས་ནག་ཐང་བཅོས་སྐྱོང་ཁུལ་གྱི་སྔོ་ཁེབས་ཀྱི་ཚད་20%ཙམ་ནས་80%ཡན་དུ་སླེབས་པ། ཆུའི་ཐོན་ཁུངས་ཀྱི་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་80ཙམ་འཕར། འབྲོག་པ་འབུམ་གཅིག་ཙམ་གྱིས་ཕྱུགས་འཚོ་མཚམས་བཞག་ནས་ལས་བསྐྲུན་བྱས་པར། རོང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ་དེ་ལོ་རེར་ཆ་སྙོམས་ཀྱིས12.4%འཕར་ཡོད། ལོ་དེའི་ལོ་མཇུག་ཏུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་བཅོས་སྒྱུར་ཚོད་ལྟའི་ཇུས་གཞི་དེ་ཀྲུང་དབྱང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟ་དང་པོ་དངོས་སུ་འགོ་བརྩམས་པ་རེད།

“གཙང་གསུམ་འབྱུང་ཡུལ་བཅོས་སྐྱོང་ལ‘དཀའ་གནད་གསུམ’ཡོད་པའི་དང་པོ་ནི་ས་བབ་རྒྱ་ཁྱོན་ཆེ་བ་དང་དུས་སྐབས་དང་པོའི་ལས་གཞི་ལག་བསྟར་གྱི་ཁྱབ་ཁོངས་ནི་ཁུལ4དང་རྫོང་དང་གྲོང་ཁྱེར་17དང་འབྲེལ་ཡོད་པར་མ་ཟད། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་ལྔ་སྟོང་གཉིས་སུམ་བརྒྱ་ཟིན་ཞིང་། བཅོས་སྐྱོང་གཞི་ཁྱོན་དེ་ནི་འཛམ་གླིང་དུའང་མཐོང་དཀོན་པ་རེད། གཉིས་ནི་བཅོས་སྐྱོང་གི་རྣམ་གྲངས་མང་བ་སྟེ་ཕྱུགས་བཀག་རྩྭ་གསོ་དང་ས་ཆུ་སྲུང་འཛིན་སོགས་ལས་གཞི22དང་ཡན་ལག་རྣམ་གྲངས་1041ཡོད། གསུམ་ནི་སྡེ་ཁག་མང་ཞིང་། རྣམ་གྲངས་སླར་ཡང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་དང་། ཞིང་ཕྱུགས།  ནགས་ལས། ཁོར་ཡུག་སྲུང་སྐྱོབ། ཚན་རྩལ། ནོར་སྲིད་སོགས་ཐིན་དང་ཅུས་ལ་ཁོངས་སྒྲིལ་བྱེད་དགོས”

ལི་ཞའོ་ནན་གྱིས་ཉིན་འགར་བསམ་བློ་བཏང་རྗེས། “གོང་དུ་ཐིན་དང་ཅུས་ཡོད་པ་དང་། འོག་ལ་རིམ་པ་སོ་སོའི་ཁུལ་དང་རྫོང་ཡོད་པས་སྤྱི་ཁྱབ་མཐུན་སྦྱོར་པ་ཡིན་པའི་རང་ཉིད་ཀྱིས་གལ་ཏེ་རིམ་པ་ཁག་དང་སྡེ་ཚན་ཁག་གི་ཁྲོད་དུ་ཁ་ཐོར་དུ་གནས་པའི་འགན་ནུས་ཧྲིལ་བསྡུས་མ་བྱས་ཚེ། གཙང་གསུམ་འབྱུང་ཡུལ་གྱི་བཅོས་སྐྱོང་རྣམ་གྲངས་དོན་ཐོག་ཏུ་ཧ་ཅང་འཁྱོལ་དཀའ”བ་ཤེས་རྟོགས་བྱུང་།

དེ་བས། ལི་ཞའོ་ནན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་ལས་གཞི་འཛུགས་སྐྲུན་དོ་དམ་བྱ་ཐབས་དང་ཞིབ་སྲོལ་དོན་ཚན་8བཟོས་ཏེ་རྣམ་གྲངས་སྒྲིག་འཛུགས་དང་། མ་དངུལ་དོ་དམ། ཞིབ་བཤེར་རྩིས་ལེན་བཅས་ཀྱི་ཐད་གཅིག་གྱུར་འགོ་ཁྲིད་དང་གཅིག་གྱུར་མཐུན་སྦྱོར་བྱས་པས།  དུས་སྐབས་དང་པོའི་ལས་གཞི་བདེ་བླག་ངང་ལག་ལེན་བསྟར་ཐུབ་པ་བྱུང་ཞིང་། ལོ་བཅུ་ཕྲག་འགའི་སྔོན་ལ་འགན་ནུས་ཧྲིལ་བསྡུས་ཀྱི་ཚོད་ལྟ་བྱས་པ་དེས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཟུར་ཙམ་མཐོང་ཐུབ་པ་དང་། འགན་ནུས་ཧྲིལ་བསྡུས་རྒྱབ་ཀྱི་ཀུན་སློང་ལས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཐོག་མའི་བསམ་འདུན་དེ་བས་ཀྱང་མཐོང་ཐུབ།

ལི་ཚེ་རིང་མཚོ་ནི་2000ལོར་ལས་ཀར་ཞུགས་ནས་མཚོ་སྔོན་ཞིང་ཆེན་དུ“རྨ་ཆུའི་འབྱུང་ཡུལ་གྱི་རྫོང་དང་པོ”ཞེས་མཚན་སྙན་ལྡན་པའི་རྨ་སྟོད་རྫོང་འབྲོག་ལས་ཅུས་རྩྭ་ཐང་ལྟ་སྐྱོང་ས་ཚིགས་སུ་བྱ་བ་སྒྲུབ་ཀྱི་ཡོད། “རྩྭ་ཐང་གི་ལྟ་སྐུལ་ཁྲིམས་འཛིན་དང་རྩྭ་ཐང་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་རྒྱུ་ནི་ངའི་འགན་འཁྲི་ཡིན། དེ་སྔ་གཞུང་ཁོངས་ས་ཆ་ཁྲིམས་འཛིན་གྱིས་ས་ཞིང་དང་གཏེར་ཁར་དོ་དམ་བྱེད་པ་དང་ཁྲིམས་དང་མི་མཐུན་པའི་ས་ཆ་ཧམ་བཟུང་དང་ལྐོག་ཏུ་སྔོག་པ་སོགས་ལ་རྡུང་རྡེག་གཏོང་བ་དང་། ཆུའི་སྦགས་བཙོག་ཐད་ཁོར་ཡུག་སྲུང་སྐྱོང་གིས་ཁྲིམས་འཛིན་པ། ས་ཆུ་སྲུང་འཛིན་ལ་ཆུ་བེད་ཀྱིས་ཁྲིམས་འཛིན་པ། ཁྲིམས་དང་མི་མཐུན་པར་ཙོང་ཉ་བཟུང་ན་ཉ་ལས་ཁྲིམས་འཛིན་གྱིས་དོ་དམ་བྱེད་པ་ལས།   སུས་ཀྱང་ཕན་ཚུན་ལ་ཐེ་གཏོགས་བྱེད་ཀྱི་མེད”ཅེས་དེ་ལྟར་བཤད་བྱུང་།

ད་ལྟ། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟར་སྐུལ་འདེད་བཏང་བ་དང་ཆབས་ཅིག“གཞུང་ཁོངས་ས་ཆ་དང་། ཁོར་ཡུག་སྲུང་སྐྱོབ། ཆུ་བེད། ནགས་ལས་སོགས་རྫོང་རིམ་པའི་གཙོ་གཉེར་དོ་དམ་སྡེ་ཚན་སྡེབ་གཅིག་ཏུ་དོ་དམ་ཨུ་ཡོན་ལྷན་ཁང་ནང་བཅུག་སྟེ། དོ་དམ་ཨུ་ཡོན་ལྷན་ཁང་གཤམ་འོག་གི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་བཙུགས་པ་དང་དུས་མཚུངས་རྫོང་ནགས་ཚལ་སྤྱི་བདེ་དང་། གཞུང་ཁོངས་ས་ཆའི་ཁྲིམས་འཛིན། ཁོར་ཡུག་ཁྲིམས་འཛིན། རྩྭ་ཐང་ལྟ་སྐྱོང་། ཉ་ལས་ཁྲིམས་འཛིན་སོགས་ཁྲིམས་འཛིན་སྒྲིག་གཞི་དེ་དག་ཀྱང་དོ་དམ་ཨུ་ཡོན་ལྷན་ཁང་གཤམ་འོག་གི་ཐོན་ཁུངས་དང་ཁོར་ཡུག་ཁྲིམས་འཛིན་ཅུས་ལ་ཧྲིལ་བསྡུས་བྱས་ཡོད། ལས་ཁུངས་དགུ་ལས་ཁུངས་གཅིག་ལ་བསྒྱུར་བས་ཁྲིམས་འཛིན་ལས་ཕྱོད་ཧ་ཅང་ཆེ་རུ་སོང་ཡོད”ཅེས་ལི་ཚེ་རིང་མཚོས་དེ་ལྟར་བཤད་བྱུང་།

རྨ་ཆུའི་འབྱུང་ཡུལ་ཁུལ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ཁོངས་སུ་གནས་ཤིང་། མཛེས་ལྗོངས་གཙོ་བོ་རྨ་ཆུའི་འབྱུང་ཡུལ་ཁུལ་གྱི་འཁྱགས་རོམ་གངས་རི་དང་། ས་བབ་མཐོ་བའི་མཚོ་དང་འདམ་ར། མཐོ་སྒང་སྤང་ཐང་བཅས་ཀྱི་སྐྱེ་ཁམས་མ་ལག་ཡིན་པ་དང་ཆབས་ཅིག་ས་མཐོའི་རི་སྐྱེས་སྲོག་ཆགས་དང་རྩ་ཆེ་ཞིང་དཀོན་པའི་བྱ་རིགས་དང་དེ་བཞིན་ཉ་རིགས་ཐོན་ཁུངས་སོགས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཁྱད་ཆོས་ལྡན་ཡོད།

འབྲི་ཆུའི་འབྱུང་ཡུལ(ཨ་ཆེན་གངས་རྒྱབ)ཁུལ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་དང་ཆུ་དམར་ལེབ་རྫོང་གཉིས་དང་དེ་བཞིན་ཨ་ཆེན་གངས་རྒྱབ་ཀྱི་མི་མེད་ཁུལ་གྱི་ཡངས་པའི་ས་ཁོངས་སུ་གནས་ཡོད། ཟི་ལིང་ནས་ལྷ་སར་སྐྱོད་སའི་མིང་གྲགས་ཆེ་བའི་མཚོ་བོད་གཞུང་ལམ་དང་རྒྱལ་ལམ་109། བྱང་ནས་ལྷོ་རུ་ས་ཁོངས་འདིར་སྐྱོད་སྐབས་ལམ་རྒྱུད་ཀྱི་གངས་རི་དང་། རྩྭ་ཐང་། མཚོ་སོགས་ཀྱི་མཛེས་ལྗོངས་ལྟ་བས་མི་ངོམས་པ་དང་། གཞུང་ལམ་ངོགས་གཉིས་སུ་ལོ་རེའི་ཟླ་བདུན་པ་དང་བརྒྱད་པར་སླེབས་སྐབས་ད་དུང་གཙོད་དང་རྐྱང་སོགས་རྒྱལ་ཁབ་ཀྱི་བདག་ཏུ་མ་བཟུང་བའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་འབོར་ཆེན་མཐོང་ཐུབ་པ་དང་། དེ་ནི་སྲོག་ཆགས་དེ་དག་གི་འཚོ་གནས་དང་གནས་སྤོའི་བགྲོད་ལམ་གལ་ཆེན་ཡིན་ལ། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་བདེ་ལྡན་ཞིང་ཁམས་ཀྱང་ཡིན།

རྫ་ཆུའི་འབྱུང་ཡུལ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དུ་གནས་ཤིང་། ཡུལ་ཤུལ་ཁུལ་ནས་རླངས་འཁོར་ལ་བསྡད་དེ་ཞིང་ཆེན་ལམ་བུ309ཡི་ནུབ་ཏུ་ཆུ་ཚོད་གསུམ་ཙམ་བསྐྱོད་ན་འཁྱགས་རོམ་གངས་རི་དང་། དར་ཟད་ས་དབྱིབས། རི་མཐོ་གཡང་གཟར་དང་སྡོང་ཐུང་ནགས་ཚལ་བཅས་མཐོང་ཐུབ།  རི་དྭགས་གསའ་ནི་རྫ་སྟོད་རྫོང་གི“མིང་བྱང”ལྟ་བུ་ཡིན་ཞིང་། དེ་སྔོན་ལོ་གཅིག་རིང་རྫོང་གྲོང་ས་ཁོངས་སུ་ཐེངས་བཞི་ཐོན་མྱོང་། ཡུལ་དེས་ད་ལྟ་རྫ་ཆུའི་ནགས་ཚལ་གྲོག་རོང་ལྟ་སྐོར་བར་ཁྱམས་བསྐྲུན་ཏེ་རྒྱལ་སྤྱིའི་གཙང་པོའི་འབྱུང་ཡུལ་གྱི་མཛེས་ལྗོངས་བསྐྲུན་བཞིན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།