ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ནགས་ལས་སྐྱེ་ཁམས་བཟོ་འགོད་ཆེན་མོ་བཞི་མུ་མཐུད་དུ་ལག་བསྟར་བྱེད་པ་གཙོར་བཟུང་ཏེ། སྟོབས་ཤུགས་ཡོད་རྒུས་ཚྭ་འདམ་གཞོང་གི་ལེ་བར་སྟོང་གི་རླུང་འགོག་བྱེ་འཇགས་ཀྱི་ལྗང་མདོག་བསྐྲུན། ཁུལ་ཡོངས་ཀྱི་བྱེ་འགྱུར་ས་ཞིང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཉིས་དང་སྟོང་བརྒྱད་ལྷག་ཇེ་ཉུང་དུ་ཕྱིན་པ་དང་། ཐང་རྒོད་ཅན་དུ་གྱུར་བའི་ས་ཞིང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་གསུམ་དང་སྟོང་གཉིས་བདུན་བརྒྱ་ཇེ་ཉུང་དུ་ཕྱིན་ཏེ། “བྱེ་འགྱུར་དང་བསྟུན་ནས་མི་ཕྱི་ལ་བསྣུར་བ”ནས“ལྗང་མདོག་དང་བསྟུན་ནས་བྱེ་མ་ཕྱིར་བསྣུར་བའི”ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་མངོན་འགྱུར་བྱུང་།
མཚོ་ནུབ་ཁུལ་གྱིས་གཞི་རྒྱ་ཆེན་པོའི་སྒོ་ནས་རྒྱལ་ཁོངས་ལྗང་སྒྱུར་དང་། བྱེ་འགྱུར་ས་ཞིང་བཅོས་བསྒྱུར་ལ་སྐུལ་འདེད་བྱས་པ་དང་མཉམ་དུ། རང་བྱུང་གི་ཆ་རྐྱེན་བཟང་པོ་དང་ཟུང་འབྲེལ་བྱས་ཏེ། འཕང་འབྲས་སྐྱེ་ཁམས་དཔལ་འབྱོར་ནགས་ར་ཤུགས་ཆེན་པོས་འཕེལ་རྒྱས་བཏང་བ་དང་། རོང་འབྲོག་མང་ཚོགས་ཀྱི་བྱེ་འགོག་བྱེ་བཅོས་དང་ནགས་རྩྭའི་ཐོན་ལས་ཀྱི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་གང་ལེགས་བྱས་ཏེ། སྐྱེ་ཁམས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ཀྱི་མཉམ་འགུལ་བཟང་པོ་མངོན་འགྱུར་བྱས། “ཀུང་སི་དང་རྟེན་གཞི། ཞིང་ཁྱིམ”གཉེར་སྟངས་ཀྱི་བྱེད་ཐབས་སྤྱད་དེ། གཏེར་ལེན་ཁ་དང་། ན་གོར་མོ། ཏུའུ་ལན་རྫོང་། བུའུ་ལན་རྫོང་སོགས་སུ་གཞི་ཁྱོན་ཅན་དང་། ཚད་གཞི་ཅན། ཚད་ལྡན་ཅན་གྱི་འཕང་འབྲས་རྟེན་གཞིའི་འཛུགས་སྐྲུན་ལ་སྐུལ་སྤེལ་ཧུར་ཐག་བྱས། མཚོ་ནུབ་ཁུལ་གྱི་རྒྱལ་ཁབ་སྤྱི་ཕན་ཤིང་ནགས་བདག་སྐྱོང་ཁ་གསབ་རྒྱ་ཁྱོན་དེ་སྔའི་སྤྱི་ཆིང་འབུམ་ལྔ་དང་ཁྲི་བདུན་སྟོང་བདུན་ཆིག་བརྒྱ་ནས་ད་ལྟའི་སྤྱི་ཆིང་ས་ཡ་གཅིག་དང་འབུམ་བཞི་ཁྲི་གསུམ་སྟོང་ལྔ་ལྷག་ལ་འཕར། ཁུལ་ཡོངས་ཀྱི་ཀྲུང་དབྱང་ནོར་སྲིད་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཐེབས་རྩའི་ཁྱབ་ཁོངས་ཁྲོད་བཞག་པའི་རྒྱལ་ཁབ་གཙོ་གནད་སྤྱི་ཕན་ཤིང་ནགས་ཀྱི་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་གཙོ་གནད་སྤྱི་ཕན་ཤིང་ནགས་ཁ་གསབ་རྒྱ་ཁྱོན་གྱི36.07%ཟིན་ཡོད། མིག་སྔར། ཁུལ་ཡོངས་ཀྱིས་ཁྱོན་བསྡོམས་ནགས་སྲུང་པ5628གླས་ཡོད་པ་དང་། ཟླ་རེའི་ཆ་སྙོམས་ཟླ་ཕོགས་སྒོར2700ཡིན་ཞིང་། ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གསུམ་དང་སྟོང་གཉིས་བཞི་བརྒྱ་ཡིན་ལ། དབུལ་ཕོངས་མི་གྲངས་ལ་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་སྔར་ལས་མང་བའི་ཁེ་ཕན་དངོས་ཐོབ་དུ་བཅུག་སྟེ། དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕན་འབྲས་ཐོབ་པ་མངོན་འགྱུར་བྱུང་།
ནགས་ལས་ཐོན་ལས་བཟོ་འགོད་དང་སྤྱི་ཕན་ཤིང་ནགས་བདག་སྐྱོང་བཟོ་འགོད་ལག་ཏུ་བསྟར་བའི་དུས་མཚུངས་སུ། མཚོ་ནུབ་ཁུལ་གྱིས་དེ་དང་མཉམ་དུ་རྨོ་བསྐྱུར་སྡོང་འཛུགས་རྩྭ་འདེབས་བཟོ་འགོད་དང་། ནགས་ལས་སྐྱེ་ཁམས་གཙོ་གནད་བཟོ་འགོད་ལག་བསྟར་བྱས། ཁུལ་ཡོངས་སུ་རིམ་རྩིས་བྱས་ན་རྨོ་ཞིང་བསྐྱུར་ཏེ་ནགས་རྩྭ་བཏབ་ཚད་སྤྱི་ཆིང་ཁྲི་གཅིག་དང་སྟོང་གཅིག་ལག་བསྟར་ཡོངས་འགྲུབ་བྱས། མིས་བཟོས་ནགས་སྐྲུན་རྩྭ་འདེབས་དང་། རི་རྒྱ་ནགས་གསོ་རྩྭ་འདེབས། ལས་གཞི་བྱེ་འཇགས། སྤྱི་ཕན་ཤིང་ནགས་འཛུགས་པ་བཅས་ནུས་ཤུགས་གང་ཡོད་ཀྱིས་སྤེལ་ཞིང་། གྲོང་ཁྱེར་གྱི་མཐའ་འཁོར་དང་། འགྲིམ་འགྲུལ་ལམ་འགྲམ། རི་རྒྱ་ནགས་གསོ་བཅས་གཙོ་གཞི་ཡིན་པའི་ས་ཁོངས་རང་བཞིན་གྱི་ལྗང་མདོག་སྐྱེ་ཁམས་སྲུང་ཡོལ་ཐོག་མར་གྲུབ་པར་མ་ཟད། དེའི་བྱེད་ནུས་ཀྱང་ཐོན་མགོ་བརྩམས།
“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཚུན་ལ། ཁྱོན་བསྡོམས་པས་བྱེ་འགྱུར་ས་ཞིང་རྒྱ་ཁྱོན་སྤྱི་ཆིང་འབུམ་གཉིས་ལྷག་བཅོས་སྐྱོང་བྱས། སྤྱི་ཕན་ཤིང་ནགས་འཛུགས་པ་དང་། བྱང་གསུམ་འགོག་སྲུང་ཤིང་ནགས་སོགས་ལས་གཞི་ཤུགས་ཆེན་པོས་ལག་བསྟར་བྱས་པ་དང་། མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་གཅིག་གྱུར་སྒོས་སྐུལ་འདེད་བཏང་སྟེ། བརླན་སའི་བཀོལ་སྤྱོད་དོ་དམ་ལམ་ལུགས་དང་སྤྱི་གྲངས་ཚོད་འཛིན་དོ་དམ་གཟབ་ནན་དུ་བཏང་ཞིང་། སྐྱེ་ཁམས་ཐོན་ཁུངས་ཀྱི་སྤུས་ཀ་མཐོར་འདེགས་ཆེན་པོ་བྱུང་ཞིང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ཁྱོན་ཡོངས་ནས་ཇེ་དྲག་ཏུ་བཏང་། ཁུལ་ཡོངས་སུ་ད་ཡོད་ཀྱི་རིགས་མི་འདྲ་བའི་རང་བྱུང་སྲུང་སྐྱོབ་ཁུལ་དང་། ནགས་ཚལ་སྤྱི་གླིང་། བརླན་སའི་སྤྱི་གླིང་། ས་གཤིས་སྤྱི་གླིང་། མཛེས་ལྗོངས་གྲགས་ཅན་ཁུལ་སོགས53ཡོད་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་གྲངས་ཀ་ཞིང་ཆེན་ཡོངས་ནས་ཆེས་མང་ཞིང་། སྤྱིའི་རྒྱ་ཁྱོན་ཧ་ལམ་སྤྱི་ཆིང་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་བརྒྱད་ཁྲི་ལྔ་ ལ་བསླེབས་པ་དང་། རི་སྐྱེས་རྩི་ཤིང་ཐོན་ཁུངས་རིགས400ལྷག་དང་། རི་སྐྱེས་སྲོག་ཆགས་ཀྱི་རིགས196ཡོད། དེར་བརྟེན། མཚོ་ནུབ་ནི“བཟོ་ལས་ཀྱི་ཁུལ་ཆེན་པོ”དང“ཐོན་ཁུངས་ཀྱི་ཁུལ་ཆེན་པོ”ནས“སྐྱེ་ཁམས་སྟོབས་ལྡན་ཁུལ”གྱི་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོས་པ་རེད།
འབྲོག་དམངས120ཉིན4ཡི་རིང་དུ་སྟེས་དབང་གིས་རི་སྐྱེས་སྲོག་ཆགས860ལྷག་ལ་འཕྲད་པ།
ཟླ9པའི་ཚེས24ཉིན། གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་ཆུ་དམར་ལེབ་དོ་དམ་ཁྲུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ས་དེའི་འབྲོག་དམངས120ལྷག་གིས་དུས་ཡུན་ཉིན4ཡིན་པའི་རང་བྱུང་ལྟ་ཞིབ་དུས་ཆེན་སྐབས་གསུམ་པའི་བར་སྐབས་སུ་ཁྱོན་བསྡོམས་རི་སྐྱེས་སྲོག་ཆགས860ལྷག་པར་བླངས་ཤིང་ཟིན་ཐོར་བཀོད་པ་དང་། དེའི་ནང་ཐེངས་དང་པོར་ཤྭ་སྐྱའི་ཁྱུ་ཚོགས་རི་ཞོལ་དུ་བབས་ཏེ་གཟན་རྩྭ་འཚོལ་བཞིན་པ་དང་། ཡུལ་ཤུལ་གྱི་འབྲི་ཆུ་བརྒལ་ཏེ། གངས་རིར་འགོ་བཞིན་པའི་པར་རིས་རྩ་ཆེན་ཟིན་ཐོར་བཀོད།
“ཟླ9པའི་ཚེས20ཉིན་གྱི་ཆུ་ཚོད16ཙམ་ལ། ང་མཚོ་ངོས་ལས་མཐོ་ཚད་སྨི4200ལྷག་ཡོད་པའི་འབྲི་ཆུའི་ཉེ་འགྲམ་གྱི་ནགས་ཚལ་ལྡན་པའི་རི་ཀློང་ནས་གསའ་གཉིས་དང་། ཤྭ་སྐྱ40ལ་འཕྲད། ”ལོ་ན39ལ་བུད་པའི་འབྲོག་པ་ཐུབ་བཟང་ཆུ་དམར་ལེབ་རྫོང་གི་རང་བྱུང་ལྟ་གཟིགས་དུས་ཆེན་སྐབས་གསུམ་པར་ཞུགས་པའི་རྗེས་སུ་སྤྱི་བསྡོམས་བྱེད་སྐབས་དེ་ལྟར་བཤད།
ཐུབ་བཟང་ནི་ཆུ་དམར་ལེབ་རྫོང་ཆུ་དམར་ཞང་གི་འབྲོག་དམངས་ཤིག་ཡིན་ཞིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཀྱང་ཡིན་ལ། ད་ལོ་ནི་ཁོ་རང་རང་བྱུང་ལྟ་ཞིབ་དུས་ཆེན་ལ་ཞུགས་ཐེངས་གསུམ་པ་རེད། 2017ལོར། ཁོས་ཆུ་དམར་ལེབ་རྫོང་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་ཆུ་དམར་ལེབ་དོ་དམ་ཁྲུའུ་བཅས་ཀྱིས་མཉམ་དུ་རང་བྱུང་ལྟ་ཞིབ་དུས་ཆེན་སྤེལ་རྒྱུ་ཡིན་པ་གོ་ཐོས་བྱུང་རྗེས། པར་ཆས་བཟུང་སྟེ་རང་བྱུང་ལྟ་ཞིབ་དུས་ཆེན་གྱི་ཡུལ་དངོས་སུ་སོང་སྟེ་འགྲན་སྡུར་ལ་ཞུགས། ཐེངས་དེར། ཁོས་མེ་ཏོག་སྣ་མི་འདྲ་བ་དང་མཐོང་མ་མྱོང་བའི་སྲོག་ཆགས་རིག་མ་ཐག་ཏུ་པར་བླངས། ཉིན་འགའི་རྗེས་སུ། རི་སྐྱེས་སྲོག་ཆགས་མི་ཉུང་བ་ཞིག་པར་དུ་བླངས་ཡོད།
ན་ནིང་། ཁོ་རང་སྔོན་ལ་ཆུ་དམར་ལེབ་དོ་དམ་ཁྲུའུ་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་ལ་ཕྱིན་ཏེ། ས་དེར་དམིགས་བསལ་གྱིས་ཡོད་པའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཁྱབ་ཚུལ་ལ་སློབ་སྦྱོང་བྱས་ཤིང་། དུས་མཚུངས་སུ་གསའ་དང་། ཤྭ་སྐྱ། འབྲོང་སོགས་སྲོག་ཆགས་རིགས་ཀྱི་གཞི་རྩའི་རྒྱུན་ཤེས་ལ་སློབ་སྦྱོང་བྱས་པ་དང་། རང་བྱུང་ཁམས་ཆེན་མོའི་ལྟ་ཞིབ་དུས་ཆེན་ལ་ཞུགས་སྐབས་པར་བླངས་པ་དང་ཟིན་ཐོར་བཀོད་ཡོད་པའི་རི་སྐྱེས་སྲོག་ཆགས་རིགས5དང་། འདབ་ཆགས་རིགས8ཡོད།
ད་ལོར། ཁོ་རང་སྤྱི་ལེ200ཡི་ཕ་རོལ་ཏུ་ཡོད་པའི་ཆུ་དམར་ཞང་ནས་ཡུལ་ཤུལ་འབྲི་ཆུའི་འགྲམ་གྱི་གཡུ་སྐེ་གྲོང་རྡལ་གངས་བདག་སྡེ་བར་སོང་སྟེ་རང་བྱུང་ལྟ་ཞིབ་དུས་ཆེན་ལ་ཞུགས། དུས་ཚོད་གཉིས་ལྷག་གི་རིང་ལ། བསྟུད་མར་གསའ་དང་ཤྭ་སྐྱ་བཅས་སྲུང་སྐྱོབ་སྲོག་ཆགས་གཉིས་ལ་འཕྲད་པས། ཁོ་ལ་དགའ་སྤྲོ་རབ་ཏུ་སྐྱེས།
ཐུབ་བཟང་གིས་བཤད་རྒྱུར།“སྔོན་ཆད་འབྲོག་དམངས་ཚོས་གསའ་ཞིག་མཐོང་ནའང་ཕན་ཚུན་ལ་ལབ་གླེང་བྱེད་མོད། ད་ལྟ་ང་ཚོས་གསའ་ཡི་འགུལ་སྐྱོད་ཀྱིས་འབྲོང་དང་། གནའ་བ། ཤྭ་སྐྱ་བཅས་ཀྱི་འཚོ་བར་ཤུགས་རྐྱེན་བཟོ་མིན་ལ་སྔར་ལས་དོ་ཁུར་བྱས་པ་ཡིན་ཞིང་། ང་ཚོ་དང་སྲོག་ཆགས་རྣམས་ཀྱིས་འཚོ་བའི་བར་ཐག་ཇི་ཙམ་བཟུང་ན་འོས་ཤིང་འཚམས་པར་དོ་སྣང་བྱས་པ་ཡིན། དེ་ལྟར་བྱས་ན་ད་གཟོད་རྒྱལ་ཁབ་སྤྱི་གླིང་ནང་གི་མི་དང་སྲོག་ཆགས་འཆམ་མཐུན་ངང་འཚོ་ཐུབ”ཟེར།
ཟླ7པའི་ཚེས17ནས་ཚེས20ཉིན་བར། ཆུ་དམར་ལེབ་རྫོང་གི་འབྲོག་དམངས120ཡིས་རང་བྱུང་ལྟ་ཞིབ་དུས་ཆེན་སྐབས་གསུམ་པའི་བར་སྐབས་སུ་པར་བླངས་པའི་ནང་རིགས་མི་འདྲ་བའི་ནུས་ལྡན་པར་རིས3100ལྷག་ཡོད་པ་དང་། བརྙན་ཐུང100ལྷག་དང་། ཆེད་མཁས་པས་ངོས་འཛིན་དཔྱད་འདེམས་ཐག་གཅོད་བྱས་པ་བརྒྱུད། ཁྱོན་བསྡོམས་རི་སྐྱེས་སྲོག་ཆགས་རིགས8དང་། རི་སྐྱེས་རྩི་ཤིང་རིགས46མཐོང་ཞིང་། འདབ་ཆགས་ཀྱི་རིགས35མཐོང་། ལྟ་ཞིབ་ཟིན་ཐོར་བཀོད་པའི་རི་སྐྱེས་སྲོག་ཆགས860ལྷག་ཡོད། །
རང་ཞིང་གིས“ལྔ་བཅུ་གསུམ”གྱི་ཚུན་དུ་བྱེ་ཐང་བཅོས་སྐྱོང་བྱེད་པའི་ལས་འགན་སྤྱི་ཆིང་ཁྲི30.07ལེགས་འགྲུབ་བྱུང་བ།
“ལྔ་བཅུ་གསུམ”གྱི་ཚུན་དུ། རང་ཞིང་གིས་བྱེ་འགོག་བྱེ་བཅོས་ཀྱི་དམིགས་འབེན་ལས་འགན་ནན་ཏན་སྒོས་ལག་བསྟར་བྱས་པ་དང་། བཅོས་སྐྱོང་ནུས་པ་མུ་མཐུད་དུ་ཇེ་ཆེར་བཏང་བས། བྱེ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་སོང་བ་དང་། བྱེ་ཁུལ་གྱི་ལྗང་མདོག་སྐྱེ་ཁམས་བཀག་དངོས་ཐོག་མར་ཆགས་ཏེ། བྱེ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་དང་བརྟན་བརླིང་དུ་བཏང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར7.51བཏང་ནས།བྱེ་འགོག་བྱེ་བཅོས་ཀྱི་ལས་འགན་སྤྱི་ཆིང་ཁྲི30.07ལེགས་འགྲུབ་བྱུང་།
2017ལོ་ནས2019ལོའི་བར་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བསྟུད་མར་ལོ་གསུམ་ལ་ཞིང་ཆེན་ཡོངས་ཀྱི་ལྗང་བསྒྱུར་སྐུལ་སློང་ཚོགས་ཆེན་བསྡུས་པ་དང་། སྔ་གཞུག་ཏུ《ནགས་འཛུགས་ནང་རྐྱེན་གསར་སྐྲུན་དང་མངའ་ཁོངས་ལྗང་བསྒྱུར་གྱི་སྒུལ་ཤུགས་གསར་པ་བསླང་བའི་བྱེད་ཐབས》སོགས་ཀྱི་སྲིད་ཇུས་བྱེད་སྟངས་བཏོན་ནས་ལག་བསྟར་བྱས་ལ། ཁྲལ་སྡུད་དང་ཆུ་གློག་བཀོལ་བ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། སྡོང་འཛུགས་ལྗང་བསྒྱུར་བྱེད་པོའི་ཁྲིམས་མཐུན་ཁེ་དབང་དངོས་གནས་འགན་སྲུང་བྱས། སྡོང་འཛུགས་ཁྱིམ་ཆེན་དང་ཁྱིམ་ཚང་གི་ནགས་ར། ཞིང་པའི་མཉམ་ལས་ཁང་། སྣེ་ཁྲིད་ཁེ་ལས། ནགས་ལས་ལས་རིགས་བདག་གཉེར་པ་སོགས་གསར་དར་ནགས་ལས་ལས་རིགས་གཉེར་སྐྱོང་བྱེད་མཁན་ཧུར་ཐག་གིས་སྐྱེད་སྲིང་བྱས། “སྔོན་ལ་འཛུགས་པ་དང་རྗེས་སུ་ཁ་གསབ་བྱེད་པ”ཡི་ནགས་འཛུགས་ནང་རྐྱེན་ཤུགས་ཆེན་པོས་ཁྱབ་གདལ་དུ་བཏང་སྟེ། སྤྱི་ཚོགས་བདག་གཉེར་བའི་ཕྱོགས་ནས་སྲིད་ཇུས་རང་བཞིན་གྱི་སྡོང་འཛུགས་ལྗང་བསྒྱུར་དང་ལས་གཉེར་བདག་སྲུང་སོགས་ཀྱི་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ཐབས་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱས། ནགས་དབང་ཉོ་སྒྲུབ་སྟེགས་བུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་། ནགས་ས་དང་ནགས་སྡོང་གི་མ་རྐང་མཉམ་ལས་བྱེད་པའི་རྣམ་པ་འཚོལ་ཞིབ་བྱས་ཏེ། འཕེལ་རྒྱས་འོས་འཚམ་ཅན་གྱི་གཞི་ཁྱོན་བདག་གཉེར་ཁྲིམས་ལྟར་འཁོར་སྐྱོད་ཡོང་བར་སྐུལ་ལྕག་བཏང་།
དེ་ལས་ཀྱང་གླེང་རིན་ཡོད་པ་ཞིག་ནི། “ཤར་རྒྱུད་ཀྱི་སྟར་བུ་དང་ནུབ་རྒྱུད་ཀྱི་འདྲེ་ཚེར་མ། རྨ་ཙོང་སིལ་རིགས། ལྷོ་རྒྱུད་ཀྱི་བོད་ཇ”སོགས་ཀྱི་ནགས་ལས་ཐོན་ལས་སྒྲིག་བཀོད་ཧུར་ཐག་གིས་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད། རང་ཞིང་གིས་ཚྭ་འདམ་གཞོང་ས་དང་གུང་ཧོ་གཞོང་ས་རུ་འདྲེ་ཚེར་མའི་སྐྱེ་ཁམས་དཔལ་འབྱོར་ནགས་ཚལ་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་བས། ཞིང་ཆེན་ཡོངས་ཀྱི་འདྲེ་ཚེར་མའི་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང46667ལ་སླེབས་ཡོད། དེའི་ནང་དུ་ངོས་ལེན་ར་སྤྲོད་ཐོབ་པའི་སྐྱེ་ལྡན་གཞི་སའི་རྒྱ་ཁྱོན་སྤྱི་ཆིང5453ཡོད་པ་དང་། ལོ་རེའི་ཐོན་ཚད་ཏུན་ཁྲི6.5དང་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར25ཡིན་ལ། ཕྱོགས་བསྡུས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར85ཡས་མས་སུ་སླེབས་ཡོད། 2018ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་འདྲེ་ཚེར་མ་འདེབས་འཛུགས་ཀྱི་རྒྱུན་སྡོད་ལྟ་སྐྱོང་མཁན་ཁྲི4ནས5ལ་སླེབས་པ་དང་། འབྲས་བུ་འཐོག་པའི་སྐབས་སུ་ལས་ཀ་པ་མི་གྲངས་ཁྲི70ལ་སླེབས་ཡོད་པས། སྐྱེ་ཁམས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་གཉིས་ཀྱིས་ཕན་ཚུན་ལ་སྐུལ་འདེད་ལེགས་པོ་ཡོང་བ་མངོན་འགྱུར་བྱུང་ཡོད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།