སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་བྱས་ཏེ་རྨ་ཆུའི་མགོ་ཁུངས་ཀྱི་བརྟན་སྲུང་བྱ་བར་འགན་སྲུང་བྱས།
2019.11.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 71

 2019ལོའི་ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནངས་ཏེ། རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས། རིམ་པ་མི་འདྲ་བའི་ངོས་ཐད་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་མངོན་པར་བྱས། ཐེངས་དེའི་གསུང་བཤད་ཀྱི་ནང་། ཏང་དང་རྒྱལ་ཁབ་ཀྱིས་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བཀོད་སྒྲིག་གལ་ཆེན་གནང་བ་སྟེ། དེ་ཡང་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་དང་། སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས། ཤུགས་ཆེན་པོས་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པར་ཤུགས་སྣོན། རྨ་ཆུའི་ཡུན་རིང་བདེ་འགོད་འགན་སྲུང་། བཞུར་རྒྱུན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་སོགས་ལ་ཤུགས་སྣོན་བྱེད་དགོས་པ་དེ་རེད། བཀོད་སྒྲིག་དེ་དག་ལས་ང་ཚོའི་ཏང་གིས་དམངས་ཚིས་ལ་དོ་ཁུར་དང་དམངས་བློ་དང་བསྟུན་པ། མང་ཚོགས་བསམ་པའི་ཐུགས་ཁུར་དང་བརྩེ་སེམས་མཚོན་ཡོད།

ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་བཅོས་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་ཆེད།  མཉམ་དུ་སྲུང་སྐྱོབ་ཆེན་པོར་དམ་འཛིན་དང་བཅོས་སྐྱོང་ཆེན་པོར་སྐུལ་འདེད་བྱེད་པར་རོགས་སྒྲུབ་བྱེད་པའི་བླང་བྱ་གཞིར་བཟུང་ཏེ། ས་ཆུའི་དོ་མཉམ་སྲུང་འཛིན་བྱེད་པར་སྐུལ་འདེད་དང་ཞན་ཆ་ཁ་གསབ་དང་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་བཏང་། སྔར་ལས་ལྷག་པའི་སྒོ་ནས་ས་ཆུའི་ཤོར་བ་བཅོས་སྐྱོང་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཞིང་། ད་ལྟ་ཤོར་ཟིན་པའི་ས་ཆུའི་རྒྱ་ཁྱོན་ཇེ་ཆུང་དུ་བཏང་སྟེ་རྨ་ཆུའི་མགོ་ཁུངས་ཀྱི་བརྟན་འཇགས་སྲུང་སྐྱོབ་བྱ་བར་འགན་སྲུང་བྱས།

མཚོ་སྔོན་ཞིང་ཆེན་ནི་རྨ་ཆུའི་མགོ་ཁུངས་སུ་ཡོད་པས།  དུས་ཡུན་རིང་བོར་ཏང་དང་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུ་བླངས་ཏེ། རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་བྱེད་པར་གྲུབ་འབྲས་མངོན་གསལ་བླངས་མོད། འོན་ཀྱང་དཀའ་ཁག་དང་གནད་དོན་མང་པོའང་གནས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་གཞུག་ཏུ་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་ཐེངས་མང་པོར་མཆན་འགོད་མཛུབ་སྟོན་གལ་ཆེན་གནངས་ཤིང་།   ཁྱད་པར་དུ2016ལོའི་ཟླ་བརྒྱད་པར་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་པའི་བླང་བྱ་གལ་ཆེན་བཏོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་དངོས་འབེབས་བྱས་ཏེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་བཏོན་པ་དང་།  འཕེལ་རྒྱས་གསར་བའི་འདུ་ཤེས་རྒྱུན་འཁྱོངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བསམ་ཕྱོགས་གསར་བ་ཇུས་འགོད་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་བཏང་བ་དང་། ཁྱད་པར་དུ་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་བྱེད་པར་གྲུབ་འབྲས་བཟང་པོ་བླངས།

མཚམས་སྦྱོར་བྱས་པ་ལྟར་ན། ལོ་ངོ་བདུན་ཅུའི་རིང་ལ་ཞིང་ཆེན་ཡོངས་ཀྱི་ཆུ་བེད་ཐད་ལ་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་བདུན་བརྒྱ་ལྷག་བཏང་ཏེ། ཆུ་མཛོད་ཆེ་འབྲིང་ཆུང་གསུམ་དང་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པ་མཚོན་བྱེད་ཡིན་པའི་ཆུ་བེད་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་ཆེན་པོ་བཏང་ཏེ། ནུས་ཡོད་སྒོས་ཆུ་མཁོ་འདོན་གྱི་བདེ་འཇགས་འགན་སྲུང་བྱས། དེ་དང་ཆབས་ཅིག  རིམ་བསགས་ཀྱིས་མ་དངུལ་སྒོས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་དང་འབྲོག་ཁུལ་གྱི་མི་ས་ཡ་བཞི་དང་བྱེ་བ་གཅིག་ཁྲི་གསུམ་གྱི་འཐུང་ཆའི་གནད་དོན་ཐག་བཅད་པ་དང་། མི་ས་ཡ་གཅིག་དང་འབུམ་གསུམ་ཁྲི་གཅིག་སྟོང་ལྔ་ཡི་འཐུང་ཆུའི་བདེ་འཇགས་ཆུ་ཚད་མཐོར་འདེགས་བཏང་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་འཐུང་ཆུའི་གནད་དོན་ཡོངས་སུ་ཐག་བཅད།

ལོ་ངོ་བཅུ་ཕྲག་གི་རིང་ལ། ཞིང་ཆེན་ཡོངས་སུ་སྔ་གཞུག་ཏུ་རྨ་ཆུ་དང་ཙོང་ཆུ། འཇུ་ལག་ཆུ་བོ། རྫ་ཆུ་སོགས་གཙང་བོ་དང་དེའི་ཡན་ལག་བཞུར་རྒྱུན་གྱི་ཆུ་ལོག་འགོག་པའི་བཟོ་སྐྲུན་འཛུགས་སྐྲུན་དང་བཞུར་རྒྱུན་འབྲིང་ཆུང་གི་བཅོས་སྐྱོང་བྱ་བ་སྤེལ་ཏེ། རིམ་པ་སོའི་ཆུ་ལོག་དང་ཐན་པ་འགོག་པའི་ཉེན་བརྡའི་མ་ལག་འཐུས་ཚང་དུ་བཏང་། མིག་སྔར། ཞིང་ཆེན་ཡོངས་སུ་ཆུའི་ཐོན་ཁུངས་དོ་དམ་དང་སྲུང་སྐྱོབ། དཔྱད་ཞིབ་བཅས་ཀྱི་ལམ་ལུགས་མ་ལག་བཟང་པོ་ཆགས་ཡོད། གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་མཐའ་བསྐོར་ས་ཁུལ། མདོ་ལ་རི་བོའི་ལྟག་ཆུ་བསྐྱིལ་གསོག་ས་ཁུལ། ཚྭ་འདམ་གཞོང་བཅས་ཀྱི་ས་ཆུ་སྲུང་འཛིན་དང་སྐྱེ་ཁམས་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱས་ཤིང་། རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་ཉེར་བདུན་དང་བྱེ་བ་གསུམ་ས་ཡ་བཞི་བཏང་ཏེ། ས་ཆུ་ཤོར་བའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་སྟོང་བཞི་བདུན་བརྒྱ་བཅོས་སྐྱོང་བྱས། གཙང་བོ་དང་མཚེའུ་ལ་དོ་དམ་སྲུང་སྐྱོབ་བྱེད་པའི་ཐད་ནས། ཞིང་ཆེན་ཡོངས་ཀྱིས་བཞུར་རྒྱུན་ཡོངས་ལ་ཁེབས་པའི་ཞིང་ཆེན་ནས་སྡེ་བའི་བར་གྱི་རིམ་པ་ལྔའི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་དོ་དམ་མ་ལག་བཙུགས། རིམ་པ་སོ་སོའི་ཆུ་དཔོན་དང་མཚོ་དཔོན་སྟོང་ལྔ་དང་དགུ་བརྒྱ་ཉེར་ལྔ་གཏན་འཁེལ་བྱས་པ་དང་། གཙང་བོ་དང་མཚེའུ་ལྟ་སྲུང་པ་ཁྲི་གཅིག་སྟོང་དྲུག་ཉིས་བརྒྱ་རེ་གསུམ་བཀོད་སྒྲིག་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། 2018ལོའི་ལོ་མཇུག་ལ་བསླེབས་དུས། མཚོ་སྔོན་ཞིང་ཆེན་གྱིས་རྨ་ཆུའི་བཞུར་རྒྱུན་གྱི་ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་ལྷག་བཅོས་སྐྱོང་བྱས། འོན་ཀྱང་སྤྱི་ལེ་གྲུ་བཞི་མ་ཁྲི་དྲུག་ལྷག་ལ་སྔར་བཞིན་བཅོས་སྐྱོང་བྱེད་རྒྱུར་སྒུག་ཡོད། བཅོས་སྐྱོང་བྱ་བའི་ལས་འགན་ལྕི་ལ་བཅོས་སྐྱོང་བྱ་བའི་ཆུ་ཚད་དང་སྤུས་ཚད་ཡང་མཐོར་འདེགས་སུ་གཏོང་དགོས། རྨ་ཆུའི་མགོ་ཁུངས་སམ་མཚོ་སྔོན་རྨ་ཆུའི་བཞུར་རྒྱུན་གྱི་ས་ཆུ་ཤོར་བ་དེ་ནི་ཞིང་ཆེན་ཡོངས་ཀྱི་ཆེས་འབུར་དུ་ཐོན་པའི་སྐྱེ་ཁམས་ཀྱི་གནད་དོན་ཞིག་ཡིན་རེད།

རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་བྱ་བར་སྔར་ལས་སྐུལ་འདེད་བྱེད་ཆེད། ཆུ་བེད་སྡེ་ཁག་གིས་ས་ཆུ་སྲུང་འཛིན་བྱེད་པའི་དམིགས་འབེན་འགན་འཁྲིའི་ལམ་ལུགས་ཀྱི་བྱེད་ནུས་འདོན་སྤེལ་བྱས་ཏེ། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་སྲིད་གཞུང་གིས་ཁྱོན་ཡོངས་ནས་ས་ཆུ་སྲུང་འཛིན་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་ནུས་ཁྱོན་ཡོངས་ལ་ཁེབས་པར་ལྟ་སྐུལ་ནན་མོ་བྱས་ཏེ། མཚོ་སྔོན་གྱི་ཁྱད་ལྡན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱ་བའི་ལམ་བུ་གསར་བ་འཚོལ་ཞིབ་བྱས། གོམ་གང་མདུན་སྤོས་སྒོས་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཞིང་། ས་ཆུ་སྲུང་འཛིན་བྱེད་པའི་ལྟ་ཞིབ་ཚད་ལེན་དཔྱད་འཇོག་མ་ལག་སོགས་ཀྱི་ཐད་ལ་སྔར་ལས་ལྷག་པའི་སྒོ་ནས་ཧུར་བརྩོན་བྱས་ཡོད།

དེ་ཡང2020ལོར་བསླེབས་དུས། ཞིང་ཆེན་ཡོངས་ཀྱི་སྤྱི་ལེ་གྲུ་བཞི་མ་སྟོང་གཅིག་ལྔ་བརྒྱ་ཡི་བཞུར་རྒྱུན་དུ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་། རི་ངོས་མི་འདྲ་བའི་ས་མུའུ་འབུམ་གཉིས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུར་བརྩོན་ལེན་བྱེད་པ། 2030ལོར་སླེབས་དུས་ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་ལྔ་ཡན་ལ་བཅོས་སྐྱོང་བྱེད་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་འཚོ་བའི་སྤུས་ཚད་མཐོ་བའི་ཁྲོད་ཀྱི་དམིགས་གསལ་བྱེད་ནུས་གསར་གཏོད་བྱས་ནས་རྨ་ཆུ་ཡིས་མི་རྣམས་ལ་བདེ་སྐྱིད་བསྐྲུན་པའི་མགོ་ཁུངས་སུ་འགྱུར་བར་བྱས་རྗེས་འཇོག་རྒྱུ་ཡིན་པ་རེད།

ལོ་ཙཱ།སྒྲོལ་མ་སྐྱིད།