མཚོ་སྔོན་གྱིས་བྱེ་བཅོས་བྱས་ནས་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་བྱས་པ།
2019.11.19 ཁུངས། མི་དམངས་དྲ་བ། ཀློག་གྲངས། 56

 ཅང་ཀྲི་ཡུན་གྱིས་ལས་ཀར་ཞུགས་པ་ནས་ད་བར་དུ་བྱེ་འགོག་བྱེ་བཅོས་ཀྱི་ལས་ལ་གཞོལ།

ལོ52ལ་སོན་པའི་ཅང་ཀྲི་ཡུན་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་རང་བྱུང་ཐོན་ཁུངས་ཅུའུ་གཙང་གསུམ་འབྱུང་ཡུལ་གཞུང་ལས་ཁང་གི་ཀྲུའུ་རིན་ཡིན་པ་དང་། རྫོང་དེའི་སྤྱིའི་རྒྱ་ཁྱོན་ལ་མུའུ་ས་ཡ་དགུ་འབུམ་དགུ་ཁྲི་བདུན་སྟོང་བཞི་ཡོད་པ་ལས་བྱེ་འགྱུར་གྱི་རྒྱ་ཁྱོན་མུའུ་ས་ཡ་གསུམ་འབུམ་བཞི་ཁྲི་གཉིས་ཟིན་པ་དང་། བྱེ་འགྱུར་ས་ཆ་གཙོ་བོ་མུ་གེ་ཐང་དང་དེའི་མཐའ་འཁོར་ས་ཁུལ་ཡིན་ཞིང་། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་དྲུག་ལ་འབྲེལ་ཡོད་པ་རེད།

དུས་རབས་སྔོན་མའི་དུས་དཀྱིལ་གྱི་གོང་དུ། མུ་གེ་ཐང་དང་བྱེ་སྣའི་མཐའ་འཁོར་གྱི་བྱེ་མའི་གཞི་ཁྱོན་ལོ་རེར་སྨི5ནས་སྨི15བར་གྱི་མྱུར་ཚད་ཀྱིས་ཇེ་ཆེར་སོང་ནས། ལོ་རེར་རྩྭ་ས་དང་ཞིང་ས་མུའུ་སྟོང་གསུམ་ཙམ་བྱེ་མས་མནན་ཏེ། འབྲོག་པ་ཁ་ཤས་གནས་སྤོ་མི་བྱེད་ཐབས་མེད་དུ་གྱུར།

འབྲོག་པ་ལྷ་རྩེ་རྒྱལ་གྱིས་བཤད་རྒྱུར། “སྔོན་ཆད་བྱེ་རླུང་ཆེན་པོ་ལྡང་ནས། ང་ཚོའི་རྩྭ་ས་ཡང་བྱེ་མས་མནན་ནས་ནོར་ལུག་ལ་རྩྭ་ཟ་རྒྱུ་མེད་ལ།   གཞུང་ལམ་ཡང་བྱེ་མས་སྣུབས་པ་རེད་ཟེར།

དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བ་ནས་བཟུང་། ཀོས་ནན་རྫོང་སྲིད་གཞུང་གིས་བྱེ་འགྱུར་ས་ཆ་བཅོས་སྐྱོང་གཙོ་བོར་བྱེད་པའི་སྐྱེ་ཁམས་བཅོས་སྐྱོང་བྱེད་ཐབས་བཏོན་པ་དང་། ལོ་ཉི་ཤུ་ལྷག་ཙམ་གྱི་རིང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་བཅུ་གསུམ་ལྷག་བཏང་ནས་བྱེ་འགྱུར་རྒྱ་ཁྱོན་མུའུ་ས་ཡ་གཅིག་འབུམ་དྲུག་ཁྲི་དྲུག་སྟོང་ལྔ་བཅོས་སྐྱོང་བྱས་པ་དང་། མིའི་ཐབས་ལ་བརྟེན་ནས་བྱེ་བཅོས་ནགས་སྐྲུན་མུའུ་ས་ཡ་གཅིག་འབུམ་གཅིག་བྱས།

སྔོན་ཆད་བྱེ་མ་འགོག་བཅོས་སྐབས་ཀྱི་དཀའ་ཚེགས་གླེང་སྐབས།  ཅང་ཀྲི་ཡུན་གྱིས་བཤད་རྒྱུར། སྔོན་ཆད་ལག་རྩལ་ཡག་པོ་མེད་པའི་ཁར་བྱེ་མ་འགོག་བཅོས་བྱེད་མཁན་གྱི་མི་ཡང་མང་པོ་མེད་པས། སྲིད་གཞུང་གིས་ས་གནས་ཀྱི་མང་ཚོགས་སྐུལ་སློང་བྱས་ནས་བྱེ་མ་འགོག་བཅོས་བྱེད་དུ་བཅུག་པ་རེད། “དང་ཐོག་ལག་རྩལ་པ་གསོ་སྦྱོང་བྱས་པ་དང་། རྗེས་སུ་ལག་རྩལ་པས་བྱེ་བཅོས་ལག་རྩལ་མང་ཚོགས་ལ་འཁྲིད་པ་རེད། ས་གནས་རང་གི་བོད་རིགས་དང་ཧོས་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་བྱེ་མ་འགོག་བཅོས་ཀྱི་ལས་དོན་ནང་ཧུར་ཐག་གིས་ཞུགས་ཡོད”ཟེར།

“གནམ་གཤིས་ཚ་བ་ཆེ་བ་ནི་བྱེ་མ་འགོག་བཅོས་སྐབས་ཀྱི་ཉམས་སད་ཆེན་པོ་ཞིག་རེད། སྐབས་དེར་བྱེ་སའི་ས་ངོས་ཀྱི་དྲོད་གྲངས་ཏུའུ60ཙམ་ཟིན་པ་དང་།  མཚམས་རེར་ཐོལ་ཆར་ཞིག་བབས་རྗེས་བྱེ་མ་ཚ་ཞིང་བཤེར་བར་གྱུར་ཏེ་རླངས་པ་ཐོན་གྱི་འདུག མཚོ་བོད་ས་མཐོར་ཡང་ཚ་གདུག་ཕོག་མཁན་འདི་འདྲའི་མང་པོ་ཡོད་པ་སུ་ཡིས་ཤེས”ཞེས་ཅང་ཀྲི་ཡུན་གྱིས་གསར་འགོད་པར་དེ་ལྟར་བཤད་བྱུང་།

ཅང་ཀྲི་ཡུན་གྱིས་བཤད་རྒྱུར། སྐབས་དེར་ཡུལ་མི་ལས་བཟོ་པ་ཁ་ཤས་ཀྱིས་ལྷམ་མཐིལ་འགྱིག་ཅན་གྱི་ལྷམ་གྱོན་ཡོད་པས།  དྲོད་ཚད་ཧ་ཅང་མཐོ་བའི་རྐྱེན་གྱིས་ལས་ཀ་གྲོལ་ནས་ནང་དུ་ལོག་སྐབས་ལྷམ་མཐིལ་བཞུ་ནས་སར་འབྱར་འགྲོ་བ་རེད།   ང་ཚོས་ཁོར་ཡུག་འདི་འདྲའི་ནང་བྱེ་བཅོས་ཀྱི་ལས་ཀ་བྱས་པ་ཡིན”ཟེར།

ད་ལྟ་ཀོས་ནན་རྫོང་གི་མུ་གེ་ཐང་དང་བྱེ་སྣར་སླེབས་སྐབས་གང་སར་སྦྱར་བ་དང་། གླ་ཚེར། ལྕང་མ་སོགས་སྐྱེས་ནས་སྔོ་ཐིང་ངེར་ཡོད་པ་མཐོང་ཐུབ།

མཚོ་བོད་མཐོ་སྒང་དུ་ཡོད་པའི་མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་མང་ཆེ་བ་ཞིག་གི་བྱེ་འགྱུར་རྒྱ་ཁྱོན་མུའུ་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་བདུན་ཟིན་ཡོད། མཚོ་སྔོན་ནི“གཙང་གསུམ་འབྱུང་ཡུལ”དང་ཀྲུང་གོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། སྐྱེ་ཁམས་ཁོར་ཡུག་བཟང་མིན་ནི་རྒྱལ་ཡོངས་རྒྱུན་མཐུད་འཕེལ་རྒྱས་འབྱུང་ཐུབ་མིན་དང་འབྲེལ་བ་དམ་པོ་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་རང་བྱུང་སླར་གསོ་དང་མིའི་ཐབས་ལ་བརྟེན་ནས་སླར་གསོ་ཟུང་འབྲེལ་བྱས་ཐོག“ནགས་སྐྲུན”དང་། “དོ་དམ” “བཀག་སྡོམ”སོགས་ཀྱི་ཕྱོགས་བསྡུས་བྱེད་ཐབས་སྤྱད་དེ། ལྗོན་ཤིང་སོགས་ལྗང་མྱུག་མང་པོ་བཏབ་ནས་སྐྱེ་ཁམས་བར་སྟོང་ཆེ་རུ་བཏང་བ་རེད། ལོ་ལྔའི་རིང་། མ་དངུལ་སྒོར་དུང་ཕྱུར་ཉིས་བརྒྱ་ལྷག་བཏང་ནས། ནགས་སྐྲུན་མུའུ་བྱེ་བ་གཅིག་ས་ཡ་གཉིས་འབུམ་བདུན་ཁྲི་ལྔ་སྟོང་བདུན་བྱས་པ་དང་། འོས་འགན་སྡོང་འཛུགས་སྡོང་རྐང་བྱེ་བ་བདུན་དང་ས་ཡ་ལྔ་བཙུགས་ཡོད་པ་རེད། 2017ལོ་ཁོ་ནར་མཚོ་སྔོན་གྱི་ནགས་ཚལ་རྒྱ་ཁྱོན་མུའུ་ས་ཡ་བཞི་ལས་བརྒལ་ཡོད།

ཁོ་ཐུའུ་ནི་དེ་སྔོན་མཚོ་སྔོན་པོའི་ཤར་བྱང་རྒྱུད་ཀྱི་བྱེ་ཁུལ་ཞིག་ཡིན། ལོ40ལྷག་གི་རིང་ལ་བཅོས་སྐྱོང་བྱས་པ་བརྒྱུད། སྔོན་ཆད་བྱེ་རླུང་འུར་འུར་དུ་ལྡང་བའི་ཁོ་ཐུའུ་ས་ཁུལ་དེ་ད་ལྟ་ལྗང་ཐིང་ངེར་མཚོ་སྔོན་པོའི་བྱང་ངོགས་ཀྱི་བྱེ་རླུང་ལྡང་ཁུལ་གྱི་ལྗང་མདོག་གི་སྲུང་ཡོལ་ཞིག་ཏུ་གྱུར་ནས། བྱེ་མ་ཤར་དུ་མཆེད་པ་བཀག་འགོག་བྱུང་སྟེ། མཚོ་སྔོན་པོའི་ལྟེ་བའི་ས་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་བྱས་ཡོད།

ཁོ་ཐུའུ་བྱེ་ཁུལ་ནི་མཚོ་སྔོན་པོའི་སྐོར་ལམ་ཤར་མའི་རྒྱུད་དུ་ཡོད་ལ། ད་ལྟ་སྔོ་ལྗང་ཡིད་འོང་གི་ནགས་ཁུལ་ཞིག་ཏུ་གྱུར་ཡོད། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གཞུང་ཁོངས་ནགས་རའི་ཁྲང་ཀྲང་ཏང་ཡུང་ཧྲོའུ་ཡིས་གསར་འགོད་པར་བཤད་རྒྱུར། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་ནང་། ས་འདི་ནི་མིག་གིས་མཐོང་ཚད་བྱེ་མས་མནན་པའི་བྱེ་ཁུལ་ཞིག་ཡིན་ཞིང་། མཚོ་བོད་ལྕགས་ལམ་དང་དྲང་ཐིག་བར་ཐག་སྨི་བརྒྱ་ལས་མེད་པས། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བ་དང་དགུ་བཅུ་བའི་ནང་། ཞག་མ་གཅིག་གི་ནང་ལྕགས་ལམ་བྱེ་མས་མནན་པའི་གནས་ཚུལ་ཐེངས་མང་བྱུང་མྱོང་བ་རེད་ཟེར།

ཏང་ཡུང་ཧྲོའུ་ཡིས་མུ་མཐུད་དུ་གསར་འགོད་པར་བཤད་རྒྱུར། “ང་ཚོའི་འདི་གར་སྤྱིར་ན་ནུབ་རླུང་ལྡང་གི་ཡོད་པས། བྱེ་མ་ལོ་རེར་ནུབ་ནས་ཤར་དུ་སྨི་5ཙམ་མཆེད་ཀྱི་ཡོད”ལ། བྱེ་མ་མདུན་ཕྱོགས་སུ་མཆེད་ནས་མཚོ་བོད་ལྕགས་ལམ་དང་མཚོ་སྐོར་གཞུང་ལམ་ལ་གནོད་པ་བཟོ་བཞིན་ཡོད་པས། ལྕགས་ལམ་དང་གཞུང་ལམ་སྡེ་ཚན་གྱིས་ལོ་རེར་མི་ཤུགས་དང་རྒྱུ་ཤུགས། དངོས་ཤུགས་བཅས་འབོར་ཆེན་བཏང་སྟེ་བྱེ་མ་འགོག་བཅོས་བྱས་ནས་ལམ་སྲུང་སྐྱོབ་བྱེད་ཀྱིན་ཡོད་ཟེར།

དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་དུས་འགོར། དཔྱད་གཞི་དང་ཉམས་མྱོང་གང་ཡང་མེད་པའི་གནས་ཚུལ་འོག ནགས་ལས་བཟོ་བ་མི་རབས་ཁ་ཤས་ཀྱིས་བརྩོན་ཞིབ་ཐེངས་མང་བྱས་པ་བརྒྱུད། བྱེ་རགས་ལས་པ་དང་། ལྕང་མ་འཛུགས་པ། རྩྭ་འདེབས་པ་སོགས་ས་མཐོའི་གྲང་ངར་ཆེ་བའི་བྱེ་ཁུལ་དུ་འཚམ་པའི་སྔོན་ཐོན་གྱི་སྤྱོད་གོ་ཆོད་པའི་ལག་རྩལ་རབ་དང་རིམ་པ་ཚོད་ལྟ་ལེགས་འགྲུབ་བྱུང་ནས། ས་མཐོའི་གྲང་ངར་ཆེ་བའི་བྱེ་ཁུལ་དུ་གསོན་ཚད་མཐོ་བ་དང་ཕན་འབྲས་མྱུར་དུ་ཐོན་པའི་བྱེ་བཅོས་ནགས་གསོའི་ལམ་བུ་གསར་པ་ཞིག་བཏོད་ཡོད།

ཧེ་ཡན་རྫོང་ནགས་ལས་ས་ཚིགས་ཀྱི་ཀྲན་ཀྲང་མ་ཝུན་ཧུའུ་ཡིས་བཤད་རྒྱུར།   སྡོང་འཛུགས་ནགས་སྐྲུན་གྱི་དོན་དངོས་ལ་དམིགས་ནས་ཁོ་ཚོས་གང་སར་སློབ་སྦྱོང་དང་བློ་འདྲི། རྒྱུན་ཆད་མེད་པར་ཚོད་ལྟ་དང་འཚོལ་ཞིབ་བྱས་པ་བརྒྱུད།  གསོམ་སྡོང་གི་སྐྱེ་དངོས་རིག་པའི་ཁྱད་ཆོས་ཁོང་དུ་ཆུད་ནས་བདེ་བླག་ངང་ནང་འདྲེན་བྱས་པ་དང་ཆབས་ཅིག གཞི་ཁྱོན་ཆེན་པོའི་སྒོ་ནས་ཁྱབ་གདལ་བཏང་བ་དེས། ས་མཐོའི་གྲང་ངར་ཆེ་བའི་བྱེ་ཁུལ་དུ་སྡོང་འཛུགས་ནགས་སྐྲུན་བྱས་ནས་ལྗོན་ཤིང་མེད་པའི་སྟོང་ཆ་གསབ་ཅིང་། ད་ལྟ་མི་རྣམས་ཀྱིས་མཐོང་བའི་ལྕང་མ་དང་རྩི་ཤིང་མཉམ་དུ་སྐྱེས་པའི་རང་བྱུང་བྱེ་ཐང་གི་སྐྱེ་ཁམས་མ་ལག་འདི་གྲུབ་པ་རེད་ཟེར།

ཁོ་ཐུའུ་སྔོ་གཟིགས་སྒང་ནས་ནུབ་ལ་ལྟ་སྐབས། སྔོན་ཆད་རྩི་ཤིང་རྐང་གཅིག་ཀྱང་མེད་པའི་བྱེ་ཐང་དེ་ད་ལྟ་སྔོ་ལྗང་གི་ཡུལ་གྲུ་ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།