མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།
2019.11.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

 མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་དང་ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན་པས། ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་ནས། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་བཏང་ཏེ། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་དགོས།

ལོ་གསུམ་གྱི་སྔོན་ལ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་བཅངས་ཏེ། སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པ་དེ་ཞིང་ཆེན་གྱི་ལས་དོན་གལ་ཆེན་ཏུ་བརྩི་བ་དང་། ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་པ་དེ་ཆབ་སྲིད་ཀྱི་གོ་གནས་གལ་ཆེན་དུ་བཞག་ཏེ། ཤུགས་ཆེན་པོས་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་དང་སྲིད་ཇུས་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ཞིང་། སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་ཀྱི་སྐོར་ཐེངས་དང་པོའི་སྐྱེ་ཁམས་དཔལ་ཡོན་གྱི་སྔོན་སྐྱོད་དཔེ་སྟོན་ས་ཁུལ་དང་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཞིང་ཆེན་ཐོག་མ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།

ད་ལོར་མཚོ་སྔོན་གྱིས་ཡང་བསྐྱར་རྒྱལ་ཡོངས་ནས་ཐོག་མར་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་མགོ་བརྩམས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གོ་གནས་དང་ནུས་པ་སྔར་ལས་འབུར་ཐོན་ཏུ་གྱུར།

2016ལོར། ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཐོག་མ་དེ་མཚོ་སྔོན་ནས་སྤེལ་བ་དང་། དེའི་དམིགས་ཡུལ་ནི་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་སྐྱེ་ཁམས་ཐོན་ཁུངས་གལ་ཆེན་དེ་རྒྱལ་ཁབ་ལ་དབང་བ་དང་དམངས་ཡོངས་ཀྱིས་མཉམ་སྤྱོད། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་རྒྱུ་ཡིན་པ་དེ་རེད།

2017ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་མདོ་ལ་རི་བོའི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་དེ་རྒྱལ་ཡོངས་ཀྱི་ཚོད་ལྟའི་ཁྲོད་འགོད་པར་ཆོག་མཆན་གནང་།  ཟླ་གཅིག་གི་རྗེས་སུ། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཚན་ཆུང་གིས《མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

2018ལོར། 《གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》དངོས་སུ་འགྲེམ་སྤེལ་བྱས་རྗེས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དངོས་སུ་མགོ་བརྩམས།

མཚོ་སྔོན་གྱིས་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་དང་། བྱེད་ནུས་གྲུབ་ཚུལ་ལེགས་བཅོས། ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་བཅས་བྱས་ཏེ། སྡེ་ཁག་མང་པོས་བཅོས་སྐྱོང་བྱེད་པ་ནས་སྡེ་ཁག་གཅིག་གིས་བཅོས་སྐྱོང་བྱེད་པའི་རྣམ་པ་མངོན་འགྱུར་བྱས།

མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་དང་ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན་པའི་ཞིང་ཆེན་གྱི་གནས་ཚུལ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་ཏེ། ཧུར་ཐག་གིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པ་དང་ལྗང་མདོག་འཕེལ་རྒྱས་ཕྱོགས་སྟོན་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཚོལ་ཞིབ་བྱས།

རྩེ་གྲས་ཀྱི་ཇུས་འགོད་དང་སྒྲིག་སྲོལ་རྐྱེན་སྲོལ་རབ་དང་རིམ་པ་ཡིས་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་པར་དཔེ་སྟོན་གྱི་ཆ་རྐྱེན་ལེགས་པོ་འདོན་སྤྲོད་བྱས།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་མཚོ་སྔོན་གྱི་ཡིན་ལ། ཀྲུང་གོ་དང་འཛམ་གླིང་གིའང་ཡིན། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་ནི། མ་འོངས་བའི་འཕེལ་རྒྱས་ལ་ཁ་ཕྱོགས་པའི་ལོ་བརྒྱའི་ཇུས་ཆེན་ཡིན་ལ། དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རླབས་ཆེན་ལག་ལེན་ཡིན་པ། འདོར་ཐབས་བྲལ་བའི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་འཁྲིའི་ཁག་ཁུར་ཡིན་པ་རེད། མཚོ་སྔོན་ནས་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་ཐོག་མ་འཛུགས་སྐྲུན་བྱེད་པ་ནི། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་དངོས་འབེབས་བྱེད་པའི་གདམ་གསེས་གལ་ཆེན་ཡིན་པ་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཁྲོད་རྒྱུན་ཆད་མེད་པར་མཚོ་སྔོན་གྱི་ཉམས་མྱོང་འདོན་སྤྲོད་དང་མཚོ་སྔོན་གྱི་བློ་གྲོས་ཕུལ་དགོས་པའང་ཡིན།

མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་གིས་མཐོ་སྒང་ས་ཁུལ་གྱི་གཞི་ཁྱོན་ཆེན་པོའི་སྐྱེ་ཁམས་མ་ལག་བསྐྲུན། དེ་ནི་འཛམ་གླིང་སྟེང་མཐོ་སྒང་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་དང་དངོས་རིགས་སྣ་མང་རང་བཞིན། གཞི་རྐྱེན་སྣ་མང་རང་བཞིན། རྒྱུད་འཛིན་སྣ་མང་རང་བཞིན་བཅས་ཆེས་གཅིག་བསྡུས་ཀྱི་ས་ཁུལ་ཡིན་ལ། མཐོ་སྒང་སྐྱེ་དངོས་ཀྱི་རང་བྱུང་དངོས་རིགས་ཐོན་ཁུངས་མཛོད་ཀྱང་ཡིན་པ་རེད།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ང་ཚོས་བྱ་སྤྱོད་དང་སྒྲུབ་སྟངས་ལེགས་པོ་ལ་བརྟེན་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཉམས་མྱོང་འཚོལ་ཞིབ་བྱས་ཏེ། མཛེས་སྡུག་ཀྲུང་གོའི་མཚོ་སྔོན་གྱི་ཤོག་ལྷེ་གསར་བ་འབྲི་བཞེངས་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་ལེན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་མཚོ་སྔོན་གྱི་ནུས་ཤུགས་འདོན་དགོས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་ནི་མཚོ་སྔོན་གྱི་ཡང་དག་པའི་གདམ་གསེས་ཡིན།

དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱེད་པ་ནི་ང་ཚོའི་འགན་འཁྲི་གལ་ཆེན་ཡིན།

གཙང་གསུམ་འབྱུང་ཡུལ་དུ་ཆུ་སྲམ་གྱི་ཁྱུ་ཚོགས་སླར་གསོ་བྱུང་བར་མ་ཟད་རི་དྭགས་གཙོད་ཀྱི་གྲངས་ཀའང་ཁྲི་བདུན་ལྷག་ཏུ་བསླེབས་པ་དང་། མཚོ་སྔོན་པོའི་ཉ་རིགས་ཀྱི་ཐོན་ཁུངས་དེ་ཏུན་སྟོང་གསུམ་ནས་ཏུན་ཁྲི་བརྒྱད་དུ་འཕར་སྣོན་བྱུང་བ་དག་ནི། མཚོ་སྔོན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལེགས་པོ་ཧུར་ཐག་གིས་མངོན་འགྱུར་བྱས་ནས། དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱས་པའི་བདེན་དཔང་ཡིན་པ་རེད།

སྐྱེ་ཁམས་སྲུང་སྐྱོབ་ནི་མཚོ་སྔོན་གྱི་ཆེས་ཆེ་བའི་འགན་འཁྲི་ཡིན་པས། ངེས་པར་དུ་སྐྱེ་ཁམས་སྔོན་འགྲོ་ཡིན་པ་གཞིར་བཟུང་ཏེ། ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱས་ནས། དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱེད་དགོས། འགན་འཁྲི་འདིའི་ཆེད་དུ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་མ་ལག་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་སྐུལ་འདེད་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན། འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་ལེགས་པར་སྤེལ་ནས།་འབད་བརྩོན་སྒོས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་མ་ལག་མགྱོགས་མྱུར་ངང་བསྐྲུན།

འགན་འཁྲི་འདིའི་ཆེད་དུ། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་གཏིང་ཟབ་ཏུ་སྐུལ་སྤེལ་བྱས་ཏེ། ས་ཁོངས་ཡོངས་ཀྱིས་མཉམ་དུ་འཛུགས་སྐྲུན་བྱེད་པའི་འདུ་ཤེས་བཙུགས་པ་དང་། སྐྱེ་ཁམས་ཀྱི་དམར་ཐིག་ལག་བསྟར་དང་དོ་དམ་རྐྱེན་སྲོལ་བཙུགས་པ། གནམ་ས་གཞི་གཅིག་ཅན་གྱི་བྱེད་ཐབས་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་ཉེན་བརྡའི་མ་ལག་བཙུགས། གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་དང་མདོ་ལ་རི་བོའི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ཚོད་ལྟ་དང་། མཚོ་སྔོན་པོའི་བཞུར་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་སོགས་གནད་སའི་སྐྱེ་ཁམས་བཟོ་སྐྲུན་ནན་ཏན་སྒོས་ལག་བསྟར་བྱས་ཏེ།  འབད་བརྩོན་སྒོས་སྤྱི་ཡོངས་ནས་ས་ཁོངས་ཀྱི་སྐྱེ་ཁམས་བྱེད་ནུས་སླར་གསོ་དང་ཇེ་དྲག་ཏུ་བཏང་།

འགན་འཁྲི་འདིའི་ཆེད་དུ། མཚོ་སྔོན་གྱིས་གཞི་ཁྱོན་ཆེན་པོའི་རྒྱལ་ཁོངས་ལྗང་བསྒྱུར་གྱི་བྱ་སྤྱོད་མུ་མཐུད་དུ་ལག་བསྟར་བྱས་ཏེ། རྒྱུན་ཆད་མེད་པར་ཞིང་ཆེན་ཡོངས་ཀྱི་སྔོ་ལྗང་གི་བར་སྟོང་ཇེ་ཆེར་བཏང་། བྱང་གསུམ་དང་རང་བྱུང་ནགས་ཚལ། རྨོ་བསྐྱུར་རྩྭ་འདེབས་སོགས་གནད་སའི་བཟོ་སྐྲུན་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱས་ཏེ། རྒྱུན་མཐུད་སྒོས་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ། བསྡོམས་པས་ནགས་སྐྲུན་སྤྱི་ཆིང་འབུམ་བདུན་ཁྲི་གསུམ་ཡོངས་འགྲུབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་བརྒྱ་ཆའི་བདུན་ལྷག་ཇེ་མཐོར་སོང་བ་དང་། གྲོང་ཁྱེར་ལྗང་བསྒྱུར་བྱས་ཚད་བརྒྱ་ཆའི་སོ་གཅིག་ལྷག་ཏུ་བསླེབས། ཞིང་ཆེན་ཡོངས་ཀྱི་ཐང་རྒོད་དང་བྱེ་འགྱུར་ས་ཆའི་གཞི་ཁྱོན་ཇེ་ཆུང་དུ་སོང་། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་ཉི་ཤུ་ཙམ་བཏང་ཏེ། ཁུལ་དྲུག་ལ་ཁེབས་པའི་སྡེ་བ་དང་འབྲོག་པའི་གཏན་སྡོད་བྱེད་ས་སྟོང་གསུམ་དང་ལྔ་བརྒྱ་བཅོ་ལྔ་ལེགས་སྒྲིག་བྱས་ཏེ། སྡེ་བ་ཡོངས་ཀྱི་བརྒྱ་ཆའི་དོན་བརྒྱད་ཟིན།

ཚང་མས་འབད་བརྩོན་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་དྭངས་གཙང་གི་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་བ་དང་། ཙོང་ཆུའི་ཆུ་སྤུས་ལེགས་ཚད་བརྒྱ་ཆའི་བརྒྱ་ལ་བསླེབས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཉམས་ཞན་དུ་འགྲོ་བ་རིམ་བཞིན་བཀག་འགོག་བྱུང་བ་དང་། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་ས་ཁུལ་གྱི་མཁའ་དབྱིངས་སྔོ་ཞིང་ཆུ་མོ་དྭངས་པས།  མི་རབས་ནས་མི་རབས་བར་གནས་དེར་འཚོ་སྡོད་བྱེད་པའི་འབྲོག་པ་མང་ཚོགས་ཀྱིས་སྐྱེ་ཁམས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་པ་བྱུང་བར་མ་ཟད། གནས་དེ་ད་དུང་རི་དྭགས་གཙོད་དང་གསའ། ཁྲུང་ཁྲུང་སྐེ་ནག   རྐྱང་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་བྱེད་སའི་གནས་མཆོག་ཏུའང་གྱུར་ཡོད།

འགན་འཁྲི་ཕྲག་ཏུ་བླངས་ནས་མང་ཚོགས་ལ་སྐྱེ་ཁམས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་དུ་བཅུག

དགེ་འདུན་རྒྱ་མཚོ་ནི་དཀར་རྩེ་སྡེ་བའི་སྐྱེ་ཁམས་ལྟ་སྲུང་རུ་ཁག་གི་རུ་དཔོན་ཡིན་ཞིང་། སྔོན་ཆད་ཁོ་ཚང་ལ་རྩྭ་ས་སྤྱི་ཆིང་སྟོང་གཅིག་དང་སུམ་བརྒྱ་སོ་གསུམ་དང་ཕྱུགས་ཟོག་བཞི་བཅུ་ལྷག་ཡོད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་སོང་བ་དང་བསྟུན་ནས། དགེ་འདུན་རྒྱ་མཚོ་ཡིས་རང་འགུལ་གྱིས་ཕྱུགས་ཟོག་བཙོང་ནས་ཁྱིམ་མི་གང་བོ་རྫོང་མཁར་དུ་གནས་སྤར། དགེ་འདུན་རྒྱ་མཚོ་ཡིས་བཤད་རྒྱུར། ད་ལྟ་མི་རེར་ལོ་རེར་སྒོར་ཁྲི་གཅིག་ཙམ་གྱི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་དགའི་ཁ་གསབ་མ་དངུལ་ཡོད་པ་དང་། དེའི་ཁར་རང་ཉིད་ལ་ཟླ་རེའི་སྒོར་སྟོང་གཅིག་དང་བརྒྱད་བརྒྱ་ཡི་སྐྱེ་ཁམས་ལྟ་སྲུང་པའི་གླ་ཕོགས་ཡོད་པས། ཁྱིམ་མི་གང་བོའི་ལོ་རེའི་ཡོང་འབབ་སྒོར་ཁྲི་ལྔ་ལྷག་ཡིན་ལ། རྫོང་མཁར་དུ་བསྡད་ན་ནད་ལ་སྟོན་པར་སྟབས་བདེ་ཞིང་བྱིས་པ་སློབ་གྲྭར་འགྲོ་བར་ཡང་སྟབས་ཧ་ཅང་བདེ་ཟེར།

དགེ་འདུན་རྒྱ་མཚོ་ཡི་ལུས་སྟེང་ནས། ང་ཚོས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ནས་མཐོ་སྒང་མང་ཚོགས་ལ་འཕོ་འགྱུར་ཆེན་པོ་བྱུང་བ་དེ་མཐོང་ཐུབ། དགེ་འདུན་རྒྱ་མཚོ་ལ་མཚོན་ན། སྐྱེ་ཁམས་ལྟ་སྲུང་པ་ནི་ཐོབ་ཐང་གསར་བ་ཞིག་ཡིན་ལ། ཕ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ནི་ཁོའི་གཟི་བརྗིད་ཀྱི་འོས་འགན་དང་འགན་འཁྲི་ཡིན་པ་རེད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་སུ་འབྲོག་པ་མང་ཚོགས་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་ཡོད་ལ། ཁོ་ཚོ་མང་ཆེ་བ་ནི་དགེ་འདུན་རྒྱ་མཚོ་དང་འདྲ་བར་ཡིག་ཚགས་དང་བྱང་བུ་བཟོས་པའི་སྐྱེ་ཁམས་ལྟ་སྲུང་པར་གྱུར་ཡོད། ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་གི་ལམ་ལུགས་གྱིས་འབྲོག་པ་མང་ཚོགས་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་ཁྲོད་ཞུགས་པའི་རེ་འདུན་མངོན་འགྱུར་བྱས་པར་མ་ཟད། ཁྱིམ་ཚང་རེར་ལོ་རེར་སྒོར་ཁྲི་གཉིས་ཡན་གྱི་སྐྱེ་ཁམས་ལྟ་སྲུང་པའི་ཡོང་སྒོ་ཡོད་པ་མངོན་འགྱུར་བྱས།

འབྲོག་པ་མང་ཚོགས་སྔར་ལས་མང་པོ་ཞིག་གིས་ཕྱུགས་འཚོ་མཚམས་བཞག་ཏེ། ལ་ལ་ཞིག་གིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གཉེར་བ་དང་། ཁོ་ཚོས་ནོར་ལུག་མཉམ་ལས་ཁང་དུ་བཞག་ནས་རྩྭ་སའི་ཐོན་སྐྱེད་བྱེད་སྟངས་ལ་འཕོ་འགྱུར་ཆེན་པོ་བྱུང་ཞིང་། ལ་ལ་ཞིག་གིས་ཁྱད་ལྡན་ཐོན་ལས་གསར་སྐྲུན་ལ་བརྟེན་ནས་ལས་སྐྲུན་གྱི་ཕྱུག་བསྒྱུར་སྣེ་ཁྲིད་པར་གྱུར་ཏེ། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱུགས་ལས་ཐོན་སྐྱེད་ཀྱི་སྤུས་ཚད་མཐོར་འདེགས། ཕྱུགས་ལས་ཀྱི་ཐོན་ལས་སྦྲེལ་ཐག་རིང་དུ་བསྲིང་བ། འབྲོག་པའི་ཡོང་སྒོ་འཕར་སྣོན་སོགས་དམིགས་འབེན་རབ་དང་རིམ་པ་བདེ་བླག་ངང་མངོན་འགྱུར་བྱས་ནས།  ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་པ་རེད།

མཚོ་སྔོན་གྱི་གྲོང་ཁྱེར་ནས་ཞིང་གྲོང་དང་རྩྭ་ཐང་ནས་ནགས་ཞིང་སོགས་སུ་བསྐྱོད་ཚེ། མཁའ་དབྱིངས་སྔར་ལས་སྔོ་ཞིང་ས་གཞི་སྔར་ལས་ལྗང་བ། ཆུ་མོ་སྔར་ལས་དྭངས་བས། དམངས་ཡོངས་ཀྱིས་མཉམ་དུ་ལྗང་མདོག་གི་བདེ་སྐྱིད་ལ་རོལ་གྱིན་ཡོད། ང་ཚོར་ལྗང་མདོག་ནི་ཚེ་སྲོག་གི་ལྗང་མདོག་དང་འཕེལ་རྒྱས་ཀྱི་ལྗང་མདོག  དམངས་ཚིས་ཀྱི་ལྗང་མདོག་བཅས་ཡིན་པའི་ཚོར་སྣང་ཟབ་མོ་ཞིག་སྦྱིན་ལ། སྔོ་ལྗང་གི་རི་ཆུ་ནི་ཆེས་ཀུན་ཕན་གྱི་དམངས་ཚིས་བདེ་སྐྱིད་ཅིག་ཡིན་པ་དེ་གཞི་ནས་རྟོགས།

མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཏེ།  འཛམ་གླིང་ལ་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་དང་མཛེས་སྡུག་མཚོ་སྔོན་གྱི་བརྩེ་བ་མངོན་པར་འབད་བརྩོན་བྱས་བ་དང་། རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་དང་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་ཡར་སྐུལ་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་བཞིན་ཡོད།

ལོ་ཙཱ།སྒྲོལ་མ་སྐྱིད།