འབྲོག་པ་མང་ཚོགས་སྟོང་དྲུག་དང་སྤྱི་ཆིང་འབུམ་གཅིག་ཟིན་པའི་ནགས་རའི་ལོ་ངོ་དྲུག་ཅུའི་འགྱུར་ལྡོག
2019.11.26 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 24

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་གནས་པའི་སྨར་ཁོག་ནགས་ར་ནི་འབྲི་ཆུའི་མགོ་ཁུངས་ཀྱི་གདོད་མའི་ནགས་ཚལ་ཆེ་ཤོས་ཡིན་པ་དང་། རྒྱ་ཁྱོན་ལ་སྤྱི་ཆིང་འབུམ་གཅིག་ལྷག་ཙམ་ཟིན་ཡོད། ནགས་ཚལ་བརྒྱུད་ནས་བཞུར་བའི་སྨར་ཁོག་ཆུ་བོའི་ངོགས་སུ“ལུང་པ་བཅོ་བརྒྱད་དང་ཆུ་ཕྲན་བཅོ་བརྒྱད”ཡོད་པ་དང་།  འབྲོག་པ་མང་ཚོགས་སྟོང་དྲུག་ལྷག་ཙམ་དེ་གར་མི་རབས་ནས་མི་རབས་བར་འཚོ་བ་སྐྱེལ་གྱི་ཡོད། གསར་འགོད་པ་ཡུལ་དེ་གའི་སྣེ་ཤན་པ་དང་ལྷན་དུ་ར་འོག་ལུང་པར་སྐྱོད་སྐབས་ཆལ་ཆིལ་དུ་འབབ་པའི་ར་འོག་ཆུ་མོ་ཧ་ཅང་དྭངས་ལ། འབྲོག་པ་ངག་རྩེ་སྐལ་ཐར་གྱི་ཁྱིམ་ཚང་གཙང་ཆུའི་འགྲམ་དུ་ཆགས་ཡོད།

དུས་རབས་སྔོན་མའི་ལོ་རབས་60པར་སོག་ལེ་དང་སྟ་རེ་བཟུང་ནས་ནགས་ཚལ་དུ་ཤིང་ནགས་གཅོད་པ་དང་། “བཅིངས་འགྲོལ་རྟགས་ཅན་གྱི་རླངས་འཁོར་གྱིས་ཤིང་དབོར་འདྲེན་བྱེད་པ”ནི་ངག་རྩེ་སྐལ་ཐར་བྱིས་དུས་ཀྱི་དྲན་འཆར་ཉག་གཅིག་རེད། དེའི་རྗེས་ཀྱི་ལོ་ངོ་སུམ་ཅུ་ལྷག་གི་རིང་ཤིང་ཆའི་ཚོང་དེ་ཡུལ་དེའི་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཡོང་ཁུངས་གལ་ཆེན་དུ་གྱུར་ནས་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་རིམ་གྱིས་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་ཉེན་ཁའི་གནས་སུ་གྱར།

ལོ་རབས་དགུ་བཅུ་པའི་དུས་འགོར་ནགས་ཚལ་ལས་བཟོ་བ་ཞིག་གིས་ཉིན་གཅིག་ལ་ཉུང་མཐར་ཡང་ཤིང་སྡོང་བཅུ་ལྷག་གཅོད་ཐུབ་པ་དང་།  ཆ་སྙོམས་ས་བབ་མཐོ་ཚད་སྨི་སུམ་སྟོང་དྲུག་བརྒྱ་ཟིན་པའི་མཚོ་བོད་ས་མཐོར་ཐང་ཤིང་སྣ་ཚོགས་སྐྱེ་འཚར་ཡོང་བར་ལོ་དྲུག་ཅུ་ལྷག་ཙམ་དགོས་བ་ཡོད། ལོ་རེའི་ཟླ6པ་ནས་ཟླ8པའི་བར་སྨར་ཁོག་ཆུ་བོའི་ལུང་གཞུང་དུ་ཉིན་ལྟར་སྤྱི་ལེ་2ཙམ་ལ་ཕྲེང་བསྒྲིགས་པའི་རླངས་འཁོར་རུ་ཁག་གིས་ཤིང་ཆ་བསྒུགས་ནས་སྡོད་པ་མཐོང་ཐུབ།

1998ལོར། མཚོ་སྔོན་ཞིང་ཆེན་གྱིས་རང་བྱུང་ནགས་ཚལ་གཅོད་མཚམས་འཇོག་རྒྱུའི་སྐོར་གྱི་བརྡ་ཐོ་བཀྲམ་པ་དང་སྨར་ཁོག་ཆུ་བོ་ནགས་ལས་ཅུས་ཀྱིས་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་ཀྱི་ཚོད་ལྟའི་བཟོ་སྐྲུན་ལག་བསྟར་བྱེད་འགོ་ཚུགས་ཤིང་། ནགས་ཁུལ་དེ་ནགས་ཚལ་གྱི་ལས་བཟོ་བས་ཤིང་གཅོད་པ་དང་ཤིང་ཆ་ཐོན་སྐྱེད་ཚོང་གཉེར་བྱེད་པ་ནས་ནགས་ཚལ་གྱི་ཐོན་ཁུངས་སྲུང་སྐྱོབ་དང་སྐྱེད་སྲིང་བྱེད་པའི་ཕྱོགས་སུ་བསྒྱུར།  ལོ་དེར། སྔོན་ཆད་ནགས་ཁུལ་གྱི་ལས་བཟོ་བ་ཡིན་པའི་སྨར་ཁོག་ཆུ་བོ་ནགས་ལས་ཅུས་པན་སྔོན་ནགས་རའི་ཁྲང་ཀྲང་གཞོན་པ་ཀྲུའུ་ཧྥུའུ་ཧའེ་ཡིས“རང་བྱུང་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས་ནས་བུ་རབས་ཚ་རྒྱུད་ལ་ཕན་བདེ་སྐྲུན”ཞེས་པའི་རྡོ་རིང་གི་མདུན་དུ་དྲན་རྟེན་པར་བླངས་པ་རེད།

ངག་རྩེ་སྐལ་ཐར་དང་ཀྲུའུ་ཧྥུའུ་ཧའེ་གཉིས་ནགས་ལྐོག་གཅོད་ཀྱི་དོན་རྐྱེན་དང་འཕྲད་མྱོང་། གལ་སྲིད་ཕར་སོང་ནས་བཀག་ཚེ་ནགས་གཅོད་མཁན་འབྲོག་པ་ཚོས་སྡེ་བ་གཅིག་པའི་མི20ནས་30བར་བསྐོངས་ཏེ་ནགས་སྲུང་བ་བསྐོར་ནས་ཁ་རྩོད་རྒྱག་པ་ཡིན་ལ།  ཡོང་འབབ་འཚོལ་ཐབས་གསར་པ་མེད་ན་ནགས་གཅོད་མཚམས་འཇོག་དཀའ། ནགས་ལྐོག་གཅོད་དང་ལྐོག་ཏུ་རྔོན་རྒྱག་པའི་དོན་རྐྱེན་བསྟུད་མར་བྱུང་བས་ས་གནས་སྲིད་གཞུང་དང་སྨར་ཁོག་ནགས་ལས་ཅུས་ཀྱིས་དེའི་ཐད་ལ་ཐབས་ཤེས་དང་བསམ་བློ་གང་མང་བཏང་།

ནགས་ཚལ་སྲུང་སྐྱོབ་ཀྱི་དམར་ཐིག་ནན་པོའི་འོག་འབྲོག་པ་རྒན་གྲས་རྣམས་ཀྱིས་ཚད་ཡོད་ཀྱི་ས་ཞིང་ལ་བརྟེན་ནས་སོ་ནམ་བྱེད་པ་དང་། འབྲོག་པ་གཞོན་ནུ་ཚོས་ནགས་ཁྲོད་དཔལ་འབྱོར་ལ་བློ་ཁ་ཕྱོགས་ཏེ་སྙི་བ་དང་། སྤྲུ་ནག ལྕུམ་རྩྭ།ཕོ་སུལ་སོགས་ཁྱད་ལྡན་ཐོན་རྫས་རང་ཡུལ་ལུང་པ་ནས་བཏུས་ཏེ་ཕྱིར་འཚོང་བ་རེད།  ་སྲིད་གཞུང་གིས་ཀྱང་ཡུལ་དེའི་ཁྱིམ་ཚང་སྟོང་གཅིག་ལྷག་གི་འབྲོག་པ་མང་ཆེ་བ་ཞིག་རིམ་བཞིན་ནགས་སྲུང་བ་དང་། རྩྭ་སྲུང་བ། སྐྱེ་ཁམས་ལྟ་སྲུང་བ་བཅས་ཀྱི་གྲས་སུ་བཅུག་ནས་ཁོ་ཚོར་ནགས་ཚལ་སྲུང་སྐྱོབ་ལས་ཁེ་སྤོགས་ཐོབ་པར་བྱས།

ཉེ་བའི་ལོ་ཤས་རིང་། སྨར་ཁོག་ཆུ་བོའི་ནགས་ཁུལ་གྱིས་ས་གནས་དེ་གའི་བོད་རིགས་ས་ཁུལ་གྱི་སྲོལ་རྒྱུན་རིག་གནས་དང་མི་རིགས་མང་པོའི་མཉམ་འདྲེས་ཀྱིས་བཟོ་བཀོད་དང་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱས་ནས་ཡོང་འབབ་འཕར་སྣོན་བྱས་ཤིང་། མང་ཚོགས་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་2014ལོའི་སྒོར་ཆིག་སྟོང་སུམ་བརྒྱ་སུམ་ཅུ་ལྷག་ནས་2018ལོའི་སྒོར་སྟོང་བདུན་དང་བརྒྱད་བརྒྱ་ལྷག་ཏུ་འཕར་སྣོན་བྱུང་ཡོད། དེ་དང་ཆབས་ཅིག་སྨར་ཁོག་ཆུ་བོའི་ནགས་ལས་ཅུས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ནགས་ཁུལ་གྱི་ཤིང་ནགས་ལྐོག་གཅོད་ལྐོག་འདྲེན་དང་དེ་བཞིན་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལྐོག་ཏུ་རྔོན་རྒྱག་པའི་ཁྲིམས་འགལ་གྱི་གྱོད་གཞི་ཡང་ལོ་རེ་བཞིན་ཇེ་ཉུང་དུ་སོང་།

ལོ་རེའི་ཟླ་4པའི་ཟླ་མཇུག་ནས་ཟླ་5པའི་ཟླ་དཀྱིལ་དང་ཟླ་མཇུག་བར། ཡུལ་དེ་གའི་འབྲོག་པ་རྣམས་ཀྱིས་རེས་མོས་ཀྱིས་སྡོང་ཕྲུག་འཛུགས་བཞིན་ཡོད། འདས་ཟིན་པའི་ལོ་གསུམ་གྱི་རིང་འབྲོག་པའི་ངལ་ནུས་ཡོང་འབབ་སྒོར་བྱེ་བ་གཅིག་ལྷག་ཟིན་པ་དང་། གསར་དུ་བཙུགས་པའི་སྡོང་ཕྲུག་གི་མཐའ་བསྐོར་དུ་ལྗོན་ཤིང་ཆེན་པོའང་སྐྱེས་ཡོད། 1998ལོ་དང་བསྡུར་ན། ནགས་ཁུལ་གྱི་ནགས་ཚལ་ཁྱབ་ཚད51%ནས་69.58%བར་འཕར་བ་མ་ཟད། ནགས་ཚལ་གྱི་གསོག་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་ས་ཡ་བཞི་འབུམ་གཉིས་ནས་སྨི་རྒྱ་དཔངས་གྲུ་བཞི་མ་ས་ཡ་བཞི་འབུམ་བརྒྱད་ཁྲི་གསུམ་བར་འཕར་བ་རེད།

ལོ་ངོ་དྲུག་ཅུའི་རིང་ལ། སྤྱི་ཆིང་འབུམ་གཅིག་ཟིན་པའི་ནགས་རར་འབྲོག་པ་མང་ཚོགས་སྟོང་དྲུག་ལྷག་ཙམ་གྱིས་ནགས་ཁྲོད་ནས་ནགས་གཅོད་པ་ནས། གཞན་བརྟེན་སྲུང་སྐྱོབ་ནས་རང་བརྟེན་སྲུང་སྐྱོབ་ལ་འགྱུར་ལྡོག་བྱུང་བ་རེད།

ཟླ་རེར་ཉུང་མཐར་ཡང་ཉིན་ཉེར་ལྔ་ལ་སྐོར་སྲུང་དང་ལོ་རེར་ཉུང་མཐར་ཡང་སྐོར་སྲུང་སྤྱི་ལེ་སྟོང་བཞི་ལྷག་ཙམ་བྱེད་པའི་འབྲོག་པ་ལྟ་སྲུང་བས་ས་སྲོད་ཀྱི་མཚམས་སུ་འཕྲུལ་རྟར་ཞོན་ནས་རི་ལུང་18བསྐོར་རྗེས་རང་ཁྱིམ་དུ་ལོག་པ་དང་། ཁྱིམ་ཚང་ཚང་མའི་ཐོག་ཁ་ནས་དུ་བ་དལ་བུར་ཐོན་སྐབས་ཞི་འཇགས་བག་ཕེབས་ཀྱི་འཚོ་བའི་སྣང་བ་ཞིག་སྦྱིན་ཡོང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།