མཛེས་སྡུག་གི་མཚོ་སྔོན། གཙང་གསུམ་འབྱུང་ཡུལ་ནས་ཆས་འོང་།
2019.12.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

 འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་མགོ་དང“ཀྲུང་ཧྭའི་ཆུ་མཛོད”དུ་གྲགས་པའི་མཚོ་སྔོན་ཞིང་ཆེན་གྱིས་འགྱུར་མེད་དམ་བཅའ་བཞག་སྟེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ་དང་དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱེད་པའི་ལས་འགན་ལྕི་མོ་ཕྲག་ཏུ་བླངས་ནས་ཧུར་ཐག་གིས་ལག་བསྟར་བྱེད་བཞིན་ཡོད།

ད་ལྟའི་མཚོ་སྔོན་དུ་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བརྟན་བརླིང་ངང་སྐུལ་སྤེལ་བྱེད་ཀྱིན་ཡོད་ལ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བཞིན་ཡོད།

ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་མིང་བྱང་ཁྲོད་བཀོད་པ་ལེགས་འགྲུབ་བྱུང་བ་དང་། རི་དྭགས་གཙོད་ཀྱི་གྲངས་ཀ་རྒྱུན་ཆད་མེད་པར་སླར་གསོ་བྱུང་བར་མ་ཟད། ཁྱུ་དང་ཁྱུ་བྱས་ནས་བག་ཡངས་སུ་རྒྱུ་བཞིན་པའི་རྣམ་པ་དེ་ངང་གིས་མཐོང་ཐུབ།

མཚོ་མོ་སྟོང་གི་མཛེས་ཉམས་ཡང་བསྐྱར་མངོན་པ་དང་། མཚོ་སྔོན་པོའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེས་རྒྱས་པ་དང་ཉ་རིགས་ཀྱི་ཐོན་ཁུངས་མགྱོགས་མྱུར་ངང་འཕར་སྣོན་བྱུང་ཞིང་། རི་དྭགས་དགོ་བའི་ཁྱུ་ཚོགས་ཀྱི་གྲངས་ཀ་མངོན་གསལ་དུ་སླར་གསོ་བྱུང་།

མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་ཏུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ།  ཏན་ཏན་ཏིག་ཏིག་བཞི་ཡི་བླང་བྱ་གལ་ཆེན་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་དང་།  ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་ཐབས་ཇུས་སྐུལ་སྤེལ་བྱས་ནས། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཁྲོད། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཏེ། དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱས།

མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་སྐྱེ་ཁམས་ཡིན་པ། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན་པས། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱེད་དགོས།

ད་ལོའི་ཟླ་བརྒྱད་པར། སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ཟི་ལིང་ནས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་བསྐུར་ཡོང་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པར་མ་ཟད། རྩ་བའི་བསྲུང་བྱ་འདོན་སྤྲོད་དང་སྒུལ་ཤུགས་ཆེན་པོ་བསྩལ། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལོ་རྒྱུས་སྟེང་གི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་བར་དཀའ་སྤྱད་འབད་བརྩོན་བྱེད་ཀྱིན་པ་མཚོན་ཐུབ།

2016ལོར། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཐོག་མ་སྟེ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དེ་མཚོ་སྔོན་ཞིང་ཆེན་ནས་སྤེལ་མགོ་བརྩམས། དེའི་རྗེས་སུ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ་མགོ་བརྩམས་ཏེ། མཚོ་སྔོན་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཟུང་གི་ཞིང་ཆེན་ཐོག་མར་གྱུར་ཞིང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་བསྐྱར་བཤུས་དང་ཁྱབ་སྤེལ་བྱེད་ཆོག་པའི་ཉམས་མྱོང་བསྐྲུན་པའི་ལས་འགན་ལྕི་མོ་ཕྲག་ཏུ་བླངས།

མེད་པ་ནས་ཡོད་པའི་ལག་ལེན་ཁྲོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལས་འགན་སོ་གཅིག་ཕལ་ཆེར་ཡོངས་འགྲུབ་བྱས་ཏེ། ལོ་གཅིག་གི་ནང་རྨང་གཞི་སྲ་བརྟན་ཏུ་གཏོང་བ་དང་ལོ་གཉིས་ཀྱི་ནང་ཚོད་ལྟའི་ལས་འགན་ཡོངས་འགྲུབ་བྱེད་པའི་དམིགས་འབེན་མངོན་འགྱུར་བྱུང་བ་དང་། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆའི་བར་གྱི་འབྲེལ་བ་མཐུན་སྦྱོང་བྱས་བ། སྡེ་ཁག་མང་པོས་བཅོས་སྐྱོང་བྱེད་པའི་རྣམ་པ་གཏོར་བ། ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཐར་ཐོར་ཅན་གྱི་གནད་དོན་ཐག་གཅོད་བཅས་བྱས།

དུས་ད་ལྟའི་བར་དུ་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པའི་འཕེལ་རྒྱས་འཐབ་ཇུས་གཏན་འབེབས་བྱས་པ་དང་། ཞིང་ཆེན་དང་ཁུལ། རྫོང་། ཞང་། སྡེ་བ་བཅས་རིམ་པ་ལྔའི་རྒྱལ་ཁབ་སྤྱི་གླིང་དོ་དམ་གྱི་སྡེ་ཁག་ཆེན་པོའི་ལམ་ལུགས་སྒྲིག་འཛུགས་བྱས་ཤིང་། རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག་ཚོད་ལྟ་ཁྱབ་སྤེལ་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁྲིམས་ར་བཙུགས་པ། རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་དངོས་སུ་ཁྱབ་སྤེལ་བྱས་ཏེ། དོ་དམ་ཚད་ལྡན་དང་ལག་རྩལ་ཚད་གཞི་གསལ་བོ་བྱས།

མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཞིབ་འཇུག་ཁང་བཙུགས་པ་དང་། ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭ་ཆེན་མོ་ནས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཕྱོགས་ཀྱི་ཆེད་ལས་རིག་གཞུང་ཚན་ཁག་བཙུགས་པར་མ་ཟད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་དུས་སྐབས་དང་པོ་དང་དུས་སྐབས་གཉིས་པ། མདོ་ལ་རི་བོའི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་ལག་བསྟར་བྱས་ཏེ། འབྲོག་པ་མང་ཚོགས་ཁྲི་བཞི་དང་སྟོང་གསུམ་སྐྱེ་ཁམས་ལྟ་སྲུང་པར་གྱུར།

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་བཅད་ཁུལ་གྱིས་འཛམ་གླིང་ཡོངས་སུ་མཐོང་དཀོན་ཞིང་རྒྱལ་ནང་དུ་ཐོག་མ་ཡིན་པའི་རི་དྭགས་གསའ་ལྔ་ལྟ་ཞིབ་ཚད་ལེན་བྱུང་བར་མ་ཟད། ད་དུང་མཐོང་དཀོན་པའི་རི་དྭགས་འཕར་བ་དང་བྱེ་ཐང་བྱི་ལ་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ལྟ་ཞིབ་ཚད་ལེན་བྱུང་བ་ལས། མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་སྲིང་དང་སྐྱོན་བྲལ་ངང་ཇེ་བཟང་དུ་འགྲོ་བཞིན་པ་མཚོན་ཐུབ།

ལག་ལེན་རེ་རེ་ཡི་ཁྲོད་ནས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མེ་ཏོག་རྣམ་པར་བཞད། ད་ལོའི་ཟླ་དྲུག་པར། མཚོ་སྔོན་ཞིང་ཆེན་གྱིས་ཡང་དོན་སྙིང་གལ་ཆེན་ལྡན་པའི་འགན་འཁྲི་ཆེན་པོ་ཕྲག་ཏུ་བླངས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱས་ནས། ཡང་བསྐྱར་རྒྱལ་ཡོངས་ལ་མཚོ་སྔོན་གྱི་ཉམས་མྱོང་འདོན་སྤྲོད་དང་མཚོ་སྔོན་གྱི་བློ་གྲོས་ཕུལ།

མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་ཐལ་རྡུལ་འགོག་པ་དང་རྡོ་སོལ་གྱི་འབག་བཙོག་ཇེ་ཉུང་དུ་གཏོང་བ། རླངས་འཁོར་ཚོད་འཛིན་དང་ཁེ་ལས་བཅོས་སྐྱོང་། ལྗང་མདོག་འཕར་སྣོན་བཅས་ཀྱི་བྱེད་ཐབས་དངོས་འབེབས་བྱས་ཏེ། མུ་མཐུད་དུ་གྲོང་ཁྱེར་གཉིས་དང་ཁུལ་དྲུག་གནས་སའི་མཁར་གྲོང་གཙོ་གནད་དུ་བཟུང་ནས། ཞིང་ཆེན་ཡོངས་ཀྱི་རླུང་ཁམས་ཆེན་མོའི་འབག་བཙོག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བྱས་པ་དང་། མཁའ་དབུགས་ཀྱི་སྤུས་ཚད་གོམ་གང་མདུན་སྤོས་སྒོས་ལེགས་བཅོས་བྱེད་པར་ཡར་སྐུལ་བཏང་། ད་ལོའི་ཟླ་དང་པོ་ནས་ཟླ་བཅུ་བའི་བར་ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་དྭངས་གཙང་གི་ཚད་བརྒྱ་ཆའི་གོ་ལྔ་དང་གྲངས་ཆུང་དྲུག་ལ་བསླེབས་པ་དང་། གྲོང་ཁྱེར་གཙོ་བོ་ཟི་ལིང་དང་མཚོ་ཤར་གཉིས་ཀྱི་མཁའ་དབུགས་དྭངས་གཙང་གི་ཚད་དེ་ཆ་སྙོམས་ཀྱིས་བརྒྱ་ཆའི་གོ་ལྔར་བསླེབས་ཡོད།

ཤུགས་ཆེན་པོས་འབྲི་ཆུ་དང་རྨ་ཆུ། རྫ་ཆུ། མཚོ་སྔོན་པོ་སོགས་སྲུང་སྐྱོབ་དང་། ཆུའི་སྐྱེ་ཁམས་སླར་གསོ་དང་ཙོང་ཆུའི་ཡན་ལག་བཞུར་རྒྱུན་གཙོ་བོའི་འབག་བཙོག་བཅོས་སྐྱོང་ལ་སྐུལ་འདེད་བྱས། ད་ལོའི་ཟླ་དང་པོ་ནས་ཟླ་བཅུ་བའི་བར། རྒྱལ་ཁབ་ཀྱི་དཔྱད་ཞིབ་ཁྲོད་བཀོད་པའི་བཞུར་རྒྱུན་བཅུ་དགུ་ཡི་ཆུ་སྤུས་ལེགས་ཚད་བརྒྱ་ཆའི་གོ་བཞི་ལྷག་ཏུ་བསླེབས་ཏེ། སྤྱི་ཡོངས་ནས་ཆུའི་སྤུས་ཚད་བརྟན་འཇགས་ཡིན་པ་རེད།

ནགས་གྱི་ཁེབས་ཚད་སྔོན་ཆད་ཀྱི་བརྒྱ་ཆའི་གཅིག་ནས་ད་ལྟའི་བརྒྱ་ཆའི་བདུན་ལྷག་ཏུ་ཇེ་མཐོར་སོང་བ་དང་།  སྔོ་ལྗང་གི་བར་སྟོང་བརྒྱ་ཆའི་བདུན་ཅུ་ལས་བརྒལ། སྐྱེ་ཁམས་ཐོན་ཁུངས་ཀྱི་སྤྱིའི་ཐོན་རིན་སྒོར་དུང་ཕྱུར་བཅོ་བརྒྱད་ལྷག་ཏུ་བསླེབས་ཤིང་། ལོ་རེར་སྨད་རྒྱུད་དུ་ཆུ་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་དྲུག་བརྒྱ་ལྷག་འདྲེན་བཞིན་ཡོད།  སྐྱེ་ཁམས་ཞབས་ཞུའི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་སྟོང་བདུན་དང་སུམ་བརྒྱ་ཡིན་པ་དང་། གནས་གཤིས་སྙོམས་སྒྲིག་དང་དངོས་རིགས་སྲུང་སྐྱོབ་སོགས་བྱེད་ནུས་རང་བཞིན་གྱི་རིན་ཐང་དེ་བས་དཔོག་དཀའ་བ་རེད།

སྐྱེ་ཁམས་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་ཆེས་ཆེ་བའི་རིན་ཐང་ཡིན་པར་མ་ཟད། མཛེས་སྡུག་གི་མཚོ་སྔོན་འཛམ་གླིང་ལ་བསྐྱོད་པའི་ལྗང་མདོག་གི་རིན་ཐང་ཀྱང་ཡིན།  མཚོ་སྔོན་གྱིས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དང་། སྐྱེ་ཁམས་ཀྱི་ཁྱད་སྟོབས་གཞིར་བཟུང་ནས། སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ལྗང་མདོག་མངོན་འགྱུར་བྱེད་ཀྱིན་ཡོད་ལ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བྱེད་ཀྱིན་ཡོད།

ད་ལྟ། མཚོ་སྔོན་དུ་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ལྗང་མདོག་གི་སྦས་ཤུགས་རྒྱུན་ཆད་མེད་པར་སྔོག་འདོན་བྱེད་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཁེས་ལས་མང་པོ་སྐོར་དང་སྐོར་བྱས་ནས་ཐོན་གྱིན་ཡོད་ལ།  ལྗང་མདོག་གི་མིང་བྱང་ལྡན་པའི་མཚོ་སྔོན་གྱི་ཐོན་རྫས་མང་པོའང་ཀྲུང་གོ་ནས་འཛམ་གླིང་ལ་བསྐྱོད་ཀྱིན་ཡོད།

ད་ལྟ། མཚོ་སྔོན་དུ་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་སོང་ཏེ། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་འོད་ཧྥུ་གློག་འདོན། སྐྱེ་དངོས་སྨན་རྫས་སོགས་ཁྱད་སྟོབས་ཐོན་ལས་མང་པོ་ཞིག་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་། སླར་སྐྱེས་ནུས་ཁུངས་ཀྱི་རྟེན་གཞི་ཆེན་པོ་གཉིས་དང་ལྗང་མདོག་ཐོན་ལས་ཀྱི་མ་ལག་ཆེན་པོ་བརྒྱད་གྲུབ་ཡོད།

ད་ལྟ། མཚོ་སྔོན་གྱིས་ཁྱད་ཆོས་དང་ཁྱད་སྟོབས་ལེགས་པོ་ལྡན་པའི་ལྗང་མདོག་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་ཀྱིན་ཡོད་ལ། ལེགས་བསྡུས་ཞིབ་གཉེར་ཅན་དང་སྐྱེ་ལྡན་ཅན། མིང་གྲགས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་གྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་བཅོས་སྒྱུར་ལ་སྐུལ་འདེད་དང་། ཁྱད་ལྡན་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་དང་དེང་རབས་ཞིང་ལས་དཔེ་སྟོན་ཁུལ། ཞིང་ལས་ཚན་རྩལ་ར་བ་བཅས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་པ། ཁྱད་ལྡན་ཞིང་ཕྱུགས་ལས་ཆེན་པོ་བཅུ་གསོ་སྐྱོང་བྱས་ཏེ། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་དང་སྐྱེ་ལྡན་འཕང་འབྲས་ཐོན་སྐྱེད་རྟེན་གཞིར་འགྱུར་བར་བྱེད་ཀྱིན་ཡོད།

ལོ་ཙཱ།སྒྲོལ་མ་སྐྱིད།