མདོ་ལ་རི་བོ་ནི་ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བའི་རང་བྱུང་གི་ཡོལ་བ་ཡིན།
2019.12.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

 མདོ་ལ་རི་བོ་ནི་རང་རྒྱལ་གྱི་ཆེས་གལ་ཆེ་བའི་འཁྱག་རོམ་དང་ལྟག་ཆུ་བསྐྱིལ་གསོག་གི་སྐྱེ་ཁམས་བྱེད་ནུས་ཁུལ་ཡིན་ལ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྙོམས་སྒྲིག་དང་རྨ་ནུབ་དོག་ལམ་གྱི་ལྗང་མདོག་བརྟན་འཇགས་སྲུང་སྐྱོབ། ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་བཅས་བྱེད་པའི་རང་བྱུང་གི་སྲུང་ཡོལ་དང་། རང་རྒྱལ་གྱི་སྐྱེ་དངོས་རང་བཞིན་སྲུང་སྐྱོབ་ཀྱི་སྔོན་སྐྱོད་ས་ཁུལ་ཡིན་པར་མ་ཟད། ནུབ་བྱང་ས་ཁུལ་གྱི་གལ་ཆེ་བའི་སྐྱེ་དངོས་རིགས་ཀྱི་ཐོན་ཁུངས་མཛོད་དང་རི་སྐྱེས་སྲོག་ཆགས་གནས་སྤོར་བའི་བགྲོད་ལམ་གལ་ཆེན་ཞིག་ཀྱང་ཡིན།

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ལྔ་ལྷག་ཡོད་ལ། དེའི་ནང་མཚོ་སྔོན་བཅད་ཁུལ་གྱི་གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་སྟོང་ལྔ་ལྷག་ཡོད་པས་བརྒྱ་ཆའི་སོ་གཅིག་དང་གྲངས་ཆུང་ལྔ་ཟིན་པ་དང་། ཀན་སུའུ་བཅད་ཁུལ་གྱི་གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གསུམ་དང་སྟོང་བཞི་བཞི་བརྒྱ་ཡོད་པས་བརྒྱ་ཆའི་རེ་བརྒྱད་དང་གྲངས་ཆུང་ལྔ་ཟིན་ཡོད། མཚོ་སྔོན་བཅད་ཁུལ་དེ་གཏེར་ལེན་ཁ་གྲོང་ཁྱེར་དང་ཐེམ་ཆེན་རྫོང་། ཆི་ལེན་རྫོང་། མིན་ཡོན་རྫོང་བཅས་རྫོང་དང་གྲོང་ཁྱེར་བཞི་དང་ཞང་གྲོང་བཅུ་གཉིས་ཀྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་ཞེ་བརྒྱད་དང་མི་ཁྲི་གསུམ་དང་སྟོང་བཞིར་འབྲེལ་ཡོད།

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བཅོས་སྒྱུར་ཟབ་སྤེལ་ཚན་ཆུང་གི་གྲོས་ཚོགས་ལ་མགོ་འཛིན་མཛད་ནས་བསྡུས་ཏེ། 《མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། 2017ལོའི་ཟླ་དགུ་པར་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཚོད་ལྟའི་ཇུས་གཞི་པར་འགྲེམ་བྱས་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོན་པོ་གནང་ཏེ། གཅིག་གྱུར་གྱིས་སྐུལ་སྤེལ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་གིས་ཚན་གཙོ་ཟུང་གི་འགན་འཁུར་བའི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཤིང་། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས《མཚོ་སྔོན་བཅད་ཁུལ་གྱི་ལག་བསྟར་ཇུས་གཞི》པར་འགྲེམ་བྱས་ཏེ། ཁྱོན་ཡོངས་ནས་ཚོད་ལྟའི་ལས་འགན་སོ་གསུམ་བཀོད་སྒྲིག་དང་དངོས་འབེབས་བྱས།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་བྱ་བའི་སྐུལ་སྤེལ་མགོ་ཁྲིད་ཚན་ཆུང་བཙུགས་ཏེ། ལས་འགན་གསལ་ཐོ་དང་དུས་ཚོད་རེའུ་མིག  ལམ་ཐིག་རི་མོ་བཅས་བཀོད་སྒྲིག་བྱས་པ་དང་། རིམ་པ་རེ་རེ་བཞིན་དུ་འགན་འཁྲི་དངོས་འབེབས་དང་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་། ཚོད་ལྟའི་བྱ་བ་སྤེལ་བར་མཛུབ་སྟོན་ནན་མོ་བྱས་པ་དང་། ཤུགས་ཆེན་པོས་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་ལ་སྐུལ་འདེད་བྱས་ནས། ཞིབ་བཤེར་གཏིང་ཟབ་བྱེད་པ་དང་ས་མཚམས་དབྱེ་ཞིབ་གཏན་འབེབས་བྱེད་པ། སྤྱིའི་འཆར་འགོད་བཟོ་སྒྲིག་བྱེད་པ། ཞིང་ཆེན་རིམ་པའི་སྒྲིག་གཞི་སྒྲིག་འཛུགས་བྱེད་པ། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་ཐོ་འགོད་བྱེད་པ། རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ཁྲིམས་འགལ་ལུགས་འགལ་གྱི་ལས་གཞི་གཙང་བཤེར་བྱེད་པ། ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་བྱེད་པ་སོགས་ཀྱི་ཚོད་ལྟའི་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས།

སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པའི་འདུ་ཤེས་གཞིང་བཟུང་ནས་ཚན་རིག་ལྟར་འཆར་འགོད་དང་བཀོད་སྒྲིག་བྱས་པ་དང་། མདོ་ལ་རི་བོའི་གལ་ཆེ་བའི་སྐྱེ་ཁམས་བྱེད་ནུས་ཀྱི་རིན་ཐང་གཏིང་ཟབ་པར་ཁོང་དུ་ཆུད་པར་བྱས་ཤིང་། ཏན་ཏན་ཏིག་ཏིག་གིས་རྒྱལ་ཁབ་སྤྱི་གླིང་གི་གཞི་གདན་ཐོན་ཁུངས་དང་གཞི་གྲངས་ཆ་འཕྲིན་གྱི་རྟོག་ཞིབ་བྱ་བ་སྤེལ་ཏེ། ཡུལ་དངོས་ནས་རྟོག་ཞིབ་དང་གཞི་གདན་ཐོན་ཁུངས་ཀྱི་རྟོག་ཞིབ་སོགས་ཀྱི་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས།

བཅའ་ཁྲིམས་ཁྲིམས་སྲོལ་དང་བརྟན་འཇགས་སྲུང་སྐྱོབ། རིགས་དབྱེ་ཐག་གཅོད།  སྐྱེ་ཁམས་སླར་གསོ་བཅས་ཀྱི་རྩ་དོན་ལྟར། སྲུང་སྐྱོབ་ཁུལ་གྱི་གཏེར་ལས་དབང་ཆའི་ཕྱིར་འབུད་ཁ་གསབ་བྱ་བ་སྤེལ་བ་དང་། ཤུགས་ཆེན་པོས་ལྗང་མདོག་གོ་ཆ་སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ཏེ། མངའ་ཁོངས་སུ་གཏོགས་པའི་གཏེར་ཁ་སྔོག་འཚོལ་དབང་ཆར་ཞིབ་བཤེར་ནན་མོ་བྱས། གཏེར་ཁ་སྔོག་འཚོལ་དང་སྔོག་འདོན། ཆུ་གློག་གསར་སྤེལ་གྱི་ལས་གཞི་གནད་སར་བཟུང་ནས། ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་དང་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་ལེགས་སྒྲིག་སོགས་ཀྱི་བྱ་བའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། རྒྱུན་མཐུད་དང་གཏིང་ཟབ་སྒོས་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བྱ་སྤྱོད་སྤེལ།

སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་རྨང་གཞི་ཡིན་པའི་སྡོད་ཁུལ་མཉམ་སྐྲུན་དང་མཉམ་དུ་དོ་དམ། མཉམ་སྤྱོད་བཅས་ཀྱི་ཁྲོད་ཞུགས་པའི་རྐྱེན་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ། ཤུགས་ཆེན་པོས་ཚོད་ལྟའི་བྱ་བའི་མང་ཚོགས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་བ་དང་། དངོས་གནས་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་དང་དོ་དམ་བྱེད་པའི་ཤུགས་ཚད་ཇེ་དྲག་ཏུ་བཏང་། རྒྱལ་ཁབ་སྤྱི་གླིང་གི་ཕྱོགས་བསྡུས་ཁྲིམས་འཛིན་རྐྱེན་སྲོལ་བཙུགས་པ་དང་། ཞིང་ཆེན་དང་ཁུལ་རྫོང་བཅས་རིམ་པ་གསུམ་གྱི་ནགས་ཚལ་སྤྱི་བདེ་ཡིས་མཉམ་འབྲེལ་སྒོས་བསྐོར་སྲུང་ཁྲིམས་འཛིན་ཆེད་དོན་བྱ་སྤྱོད་སྤེལ་ཏེ། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་ས་ཁོངས་ཀྱི་མཉམ་འབྲེལ་འགོག་སྲུང་དོ་དམ་ཚོད་འཛིན་རྐྱེན་སྲོལ་སྔར་ལས་ཇེ་དྲག་ཏུ་གྱུར། ཏན་ཏན་ཏིག་ཏིག་གིས་དོ་དམ་སྲུང་སྐྱོབ་ནུས་ཤུགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། དེང་རབས་ཅན་དང་རིག་ནུས་ཅན་གྱི་ཕྱོགས་བསྡུས་དོ་དམ་སྲུང་སྐྱོབ་ནུས་ཤུགས་སྔར་ལས་ཇེ་མཐོར་སོང་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་དོ་དམ་གྱི་སྣང་བརྙན་མཚོན་པའི་བྱེད་ཐབས་གལ་ཆེན་དུ་གྱུར།

ཧུར་ཐག་གིས་སྐྱེ་ཁམས་རིག་གནས་སློབ་གསོའི་བྱ་འགུལ་སྤེལ་ཏེ། ཤུགས་ཆེན་པོས་སྐྱེ་ཁམས་རིག་གནས་ཀྱི་མཐོ་ས་བསྐྲུན་པ་དང་། རྒྱུན་ཆད་མེད་པར་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་ཇེ་དྲག་ཏུ་བཏང་ཞིང་། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཚན་ཞིབ་ཀྱི་མཐོ་ས་བསྐྲུན་ཏེ། རྒྱལ་ཁབ་སྤྱི་གླིང་གི་ཚན་ཞིབ་ལྟ་ཞིབ་ཚད་ལེན་མ་ལག་མགྱོགས་མྱུར་ངང་འཛུགས་པ་དང་ཚན་ཞིབ་ལྟ་ཞིབ་ཚད་ལེན་ནུས་ཤུགས་མཐོར་འདེགས་གཏོང་བར་སྟེགས་བུ་ཆེན་པོ་བསྐྲུན། མུ་མཐུད་དུ་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་བྱ་བ་སྤེལ་ནས། 2018ལོའི་རི་དྭགས་གསའ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་ཏེ། རི་དྭགས་གསའ་ཡི་བརྙན་གཟུགས་རྒྱུ་ཆ་དགུ་བརྒྱ་དང་ང་བདུན་འཚོལ་ཞིབ་བྱུང་བ་དང་། ཐེངས་མང་པོར་རི་དྭགས་གསའ་མང་པོ་མཉམ་དུ་ཡོད་པ་དང་དེ་མིན་རྩ་ཆེའི་རི་སྐྱེས་སྲོག་ཆགས་འཕར་བ་དང་བྱེ་ཐང་བྱི་ལ་སོགས་ལ་ལྟ་ཞིབ་ཚད་ལེན་བྱུང་བ་ལས། མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་དང་སྐྱོན་བྲལ་ངང་ཇེ་བཟང་དུ་འགྲོ་བཞིན་པ་མཚོན་ཐུབ།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མདོ་ལ་རི་བོ་ནས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ཞིང་། དེའི་དམིགས་ཡུལ་གཙོ་བོ་ནི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་དེ་འཐུས་ཚང་དུ་གཏོང་བ་དང་། ས་ཁུལ་དང་སྡེ་ཁག་ལས་བརྒལ་བའི་སྒྲིག་སྲོལ་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པ། མདོ་ལ་རི་བོའི་རང་བྱུང་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་རེད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་བྱེད་པའི་གྲོས་གཞི་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་འདི་བཏོན་པ་རེད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དེ་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་ལེན་དངོས་འབེབས་བྱེད་པའི་བྱེད་ཐབས་གལ་ཆེན་ཏུ་བརྩིས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཆེད་དུ་བཀོད་སྒྲིག་བྱས། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་གཏིང་ཟབ་ཏུ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་། འབད་བརྩོན་སྒོས་མདུན་དུ་བསྐྱོད་པ་དང་རྩེ་གྲས་ཀྱི་ཇུས་འགོད་བྱས་ཏེ། འཛམ་གླིང་ཡོངས་ལ་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་དང་མཛེས་སྡུག་མཚོ་སྔོན་གྱི་བརྩེ་བ་མངོན་པར་བྱེད་དགོས་པའི་བླང་བྱ་བཏོན།

2019ལོར། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་ལས་འགན་སོ་གསུམ་གཞིར་བཟུང་ཏེ། བྱ་བའི་འགན་འཁྲི་ཁ་གསལ་བྱས་པ་དང་། བྱ་བའི་ལས་འགན་བྱེ་བྲག་ཅན་དུ་བཏང་ཞིང་། སྟོབས་ཤུགས་ཡོད་དགུས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བར་སྐུལ་འདེད་བཏང་ནས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་།

ཚོད་ལྟའི་ལས་འགན་ཉེ་ལྔ་མཐུན་སྦྱོར་ལེགས་པོ་བྱས་ཏེ། གོམ་གང་མདུན་སྤོས་སྒོས་ལས་འགན་གྱི་ནང་དོན་དང་བྱེ་བྲག་གི་བླང་བྱ་གསལ་བོ་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོ་དང་མཐུན་སྦྱོར་འབྲེལ་མཐུད་བྱས་ནས།  བྱ་བ་དངོས་འབེབས་བྱེད་ཤུགས་དངོས་གནས་ཇེ་དྲག་ཏུ་བཏང་།

ཞིང་ཆེན་རིམ་པ་མན་གྱི་དོ་དམ་སྒྲིག་གཞི་མགྱོགས་མྱུར་ངང་སྒྲིག་འཛུགས་བྱས་ཏེ། མུ་མཐུད་དུ་ཞིང་ཆེན་ཏང་ཨུའི་སྒྲིག་གཞི་བཟོ་སྒྲིག་ཨུ་ཡོན་ལྷན་ཁང་དང་མཐུན་སྦྱོར་འབྲེལ་མཐུད་བྱས་ནས། ཞིང་ཆེན་ཡོངས་སུ་སྒྲིག་གཞི་བཅོས་སྒྱུར་བྱ་བ་སྤེལ་བའི་སྔོན་འགྲོའི་འོག རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་རིམ་པ་མན་གྱི་དོ་དམ་སྒྲིག་གཞི་སྒྲིག་འཛུགས་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་དང་། སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་སྒྲིག་སྲོལ་འཁོར་སྐྱོད་ཀྱི་ཕན་ནུས་དང་ཁྱད་ཆོས་གང་ལེགས་སྒོས་ཕྱོགས་སྡོམ་བྱས་ཤིང་། གོམ་གང་མདུན་སྤོས་སྒོས་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་སྒྲིག་སྲོལ་མཐུན་སྦྱོར་ལེགས་པོ་བྱས།

རྒྱུན་ཆད་མེད་པར་བསྐོར་སྲུང་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། ཧུར་ཐག་གིས་མཚོ་སྔོན་བཅད་ཁུལ་གྱི་ཕྱོགས་བསྡུས་ཁྲིམས་འཛིན་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན། ལམ་ལུགས་ཅན་ཏུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། རིམ་བཞིན་རྒྱལ་ཁབ་སྤྱི་གླིང་གི་བསྐོར་ཞིབ་ཁྲིམས་འཛིན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས་ནས། ནུས་ཤུགས་ཡོད་རྒུས་མདོ་ལ་རི་བོའི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་ལེགས་པོ་བྱས།

ཚད་གཞི་མཐོ་ཞིང་སྤུས་ཚད་མཐོན་པོས་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་སྲུང་སྐྱོབ་ས་ཚིགས་འཛུགས་སྐྲུན་གྱི་བཟོ་སྐྲུན་ལག་བསྟར་བཟང་བོ་བྱས་ཏེ། རྒྱུན་ཆད་མེད་པར་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཞིང་། ཤུགས་ཆེན་པོས་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དྲིལ་སྒྲོག་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་དང་། དོ་དམ་སྲུང་སྐྱོབ་ས་ཚིགས་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མཉམ་འགོག་མཉམ་འགུལ་རྐྱེན་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་བར་མ་ཟད། མུ་མཐུད་དུ་ཀྲུང་གོའི་ལྗང་བསྒྱུར་ཐེབས་རྩ་ཚོགས་པ་དང་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ་སོགས་རྩ་འཛུགས་དང་འབྲེལ་གཏུག་བྱེད་པར་ཤུགས་སྣོན་བྱས་ཏེ། ནུས་ཤུགས་ཡོད་རྒུས་བརླན་ས་སྲུང་སྐྱོབ་དང་དྲིལ་སྒྲོག་སློབ་གསོ། སྡོད་ཁུལ་མཉམ་དུ་དོ་དམ། དེ་མིན་ནུས་ཤུགས་འཛུགས་སྐྲུན་སོགས་ཀྱི་ཐད་ནས་མཉམ་ལས་བྱས་ཤིང་། སྤྱི་ཚོགས་རྩ་འཛུགས་ཧུར་ཐག་གིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་སློང་བྱས།

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའི་རྒྱལ་ཡོངས་ཀྱི་ཡུན་རིང་ཚན་ཞིབ་རྟེན་གཞི་ལྔ་བཅུའི་ཁྲོད་བཀོད་པའི་གོ་སྐབས་དང་བསྟུན་ནས། འབད་བརྩོན་སྒོས་རྟེན་གཞི་འཛུགས་སྐྲུན་དེ་རྒྱལ་ཁབ་སྤྱི་གླིང་གི་ཚན་ཞིབ་ལྟ་ཞིབ་ཚད་ལེན་དཔེ་སྟོན་རྟེན་གཞིར་འགྱུར་བར་བྱས།  ནན་ཏན་སྒོས2019ལོའི་རི་དྭགས་གསའ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་བྱ་བ་སྤེལ་ཏེ།  རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་གཞི་གདན་རྟོག་ཞིབ་ཁྱོན་ཡོངས་ནས་མགོ་བརྩམས་པ་དང་། གཅིག་གྱུར་གྱི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག    དེ་མིན་རི་དྭགས་གསའ་གཙོ་བོ་ཡིན་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག་ཚད་གཞི། རྐྱེན་སྲོལ་བཅས་མགྱོགས་མྱུར་ངང་བཙུགས་ཏེ། རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་ཡར་ཞུ་བྱ་བ་དངོས་གནས་ལེགས་སྒྲུབ་བྱས། དེ་དང་ཆབས་ཅིག རྒྱུན་ཆད་མེད་པར་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཚན་རྩལ་ལས་གཞིའི་ཞིབ་འཇུག་མཉམ་ལས་ལ་གཏིང་ཟབ་ཏུ་ཤུགས་བསྣན་ཏེ། ཚན་རྩལ་གྲུབ་འབྲས་རིམ་བསྒྱུར་ཇེ་མགྱོགས་སུ་བཏང་ཞིང་། ཚན་རྩལ་འདེགས་སྐྱོར་ནུས་པ་རྒྱུན་མཐུད་སྒོས་ཇེ་དྲག་ཏུ་བཏང་།

བསྐོར་ཞིབ་ཁྲིམས་འཛིན་བྱ་སྤྱོད་སྤེལ་བ་དང་ཟུང་འབྲེལ་ལེགས་པོ་བྱས་ཏེ། ཧུར་ཐག་གིས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་དྲིལ་སྒྲོག་སློབ་གསོ་སྤེལ་བ་དང་། རྒྱུན་ཆད་མེད་པར་དྲིལ་སྒྲོག་བྱེད་ཐབས་དང་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་བྱ་བའི་རྐྱེན་སྲོལ་དང་ཕན་ཚུན་མཉམ་འདྲེས་བྱས་ཏེ། ཁྱོན་ཡོངས་ནས་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སློབ་གསོར་སྐུལ་སྤེལ་བྱས་བ་དང་། སྐྱེ་ཁམས་སློབ་ཐུན་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ནས། རང་བྱུང་སློབ་གསོའི་མ་ལག་བཙུགས་པ་དང་འཐུས་ཚང་དུ་བཏང་། རྒྱང་སྒྲོག་བརྙན་འཕྲིན་དང་ལག་འཁྱེར་ཁ་པར་གྱི་སྐད་འཕྲིན་སོགས་སྟེགས་བུ་བརྒྱུད་ནས། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དང་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་ཡོངས་ཁྱབ་ཏུ་དྲིལ་སྒྲོག་དང་། སྤྱི་ཚོགས་གླེང་ཕྱོགས་ཀྱི་ཡང་དག་པའི་ཁ་ཕྱོགས་ལ་ཁྲིད་སྟོན་བྱས་ཏེ། མང་ཚོགས་ཀྱིས་རང་འགུལ་སྒོས་སྲུང་སྐྱོབ་དང་། སྤྱི་ཚོགས་ཡོངས་ཁྱབ་ཏུ་ཞུགས་པ། ཕྱོགས་སོ་སོས་ཧུར་ཐག་གིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཞུགས་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་པོ་ཆགས།

སྐྱེ་ཁམས་བདེ་འཇགས་འགན་སྲུང་བྱེད་པ་གོ་གནས་དང་པོར་བཞག་ཏེ། འབད་བརྩོན་སྒོས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་བཅད་ཁུལ་གྱི་སྐྱེ་ཁམས་ཚན་ཞིབ་མཐོ་ས་དང་སྐྱེ་ཁམས་རིག་གནས་མཐོ་ས། སྐྱེ་ཁམས་སྲུང་སྐྱོབ་མཐོ་ས་བཅས་འཛུགས་སྐྲུན་བྱས། དེ་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བའི་འཚོལ་ཞིབ་ཐབས་ལམ་ཅིག་དང་། མདོ་ལ་རི་བོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་གསར་གཏོད་ཀྱི་ཐབས་ལམ་ཅིག་ཡིན་ངེས།

ལོ་ཙཱ། སྒྲོལ་མ་སྐྱིད།